གྲོགས་པོ་ཚོ། མ་མཇལ་ཡུན་རིང་།དེ་རིང་གསར་འགྱུར་ཞིག་ཏུ་ཨ་རིའི་རྩོམ་པ་པོ་གྲགས་ཅན་་ཧར་པར་ལི་ཞེས་པ་དེ་གྲོངས་པའི་གནས་ཚུལ་འཁོད་འདུག   རྩོམ་པ་པོའམ་རྩོམ་པ་མོ་འདིའི་སྐོར་ལ་དོ་སྣང་འགའ་རེ་བྱས་མྱོང་བའི་རྒྱུ་མཚན་གྱིས་འདིར་ཚིག་ཕྲེང་འགའ་ཞིག་བྲིས་ན་བསམས་བྱུང་།

To_Kill_a_Mockingbird“བྱིའུ་ལད་མོ་བ་གསོད་པ་”( To Kill a Mockingbird)ཞེས་པའི་བརྩམས་སྒྲུང་འདི་ནི་ རྩོམ་པ་མོ་ཧར་པཱར་ལི་(Harper Leeཨམ་སྐད་ལྟར་བཀླགས་ན་ ཧར་པཱར་ལིས་)ཡི་བརྩམས་སྒྲུང་ཐོག་མ་དེ་ཡིན་པ་དང་། དུས་རབས་ཉི་ཤུ་བའི་སྟོད་དུ་ཨ་རིའི་ལྷོ་ཁུལ་གྱི་མངའ་སྡེ་ཨ་ལཱ་བྷ་མ་ཞེས་པའི་གྲོང་གསེབ་ཅིག་ཏུ་བྱུང་བའི་མི་རིགས་དབྱེ་འབྱེད་ཀྱི་འཐབ་རྩོད་དང་འབྲེལ་བའི་སྐོར་བྲིས་ཡོད་པ་རེད། ད་བར་དུ་དེབ་གྲངས་ས་ཡ་བཞི་བཅུ་ལྷག་ཚོང་འགྲེམས་བྱས་པ་མ་ཟད་སྐད་ཡིག་བཞི་བཅུ་ལྷག་གི་ནང་དུ་བསྒྱུར་ཡོད་འདུག བརྩམས་སྒྲུང་འདི་ཨ་རི་བ་ཞིག་གིས་བྲིས་པའི་བརྩམས་སྒྲུང་ཁྲོད་ནས་ཧ་ཅང་དགའ་སྣང་ཆེ་ཤོས་དང་སློབ་ཁྲིད་མང་ཤོས་ཀྱི་དེབ་དེ་ཡིན་པར་བཤད། ལོ་འདིར་རྩོམ་པ་པོ་ལྕམ་འདི་ཉིད་རང་ལོ་ ༨༩ ཡིན་པ་དང་། དེ་རིང་གཟའ་པ་སངས་ཉིན་གྲོངས་ཡོད་པ་རེད།

“བྱིའུ་ལད་མོ་བ་གསོད་པ་”ཞེས་པ་འདི་ནི་ ༡༩༦༠ལོར་པར་སྐྲུན་བྱས་ཤིང་། དེབ་འདི་བཀྲམས་མ་ཐག་པ་ནས་རྩོམ་པ་པོའི་སྙན་གྲགས་རྒྱས་ཤིང་། ལོ་རྗེས་མར་དེབ་འདི་ལ་ཨ་རིའི་གཟེངས་རྟགས་གྲགས་ཅན་པུ་ལི་ཛེར་(Pulitzer Prize) ཞེས་པ་དེ་ཐོབ་པ་རེད། ༡༩༦༢ ལོར་དེབ་འདི་གློག་བརྙན་དུ་ཕབ་སྒྱུར་བྱས་པ་རེད། དེབ་འདིའི་ཁ་བྱང་ཡང་དེབ་འདིའི་ནང་གི་བྱུང་བ་ཞིག་ལ་འབྲེལ་ཡོད་པ་དང་།  བྱིའུ་འདིས་སྐད་སྙན་གྱི་རོལ་མོ་དཀྲོལ་བ་ལས་གཞན་ལ་གནོད་འཚེ་གཏན་ནས་མི་བྱེད་པའི་ཉེས་མེད་ཅིག་མཚོན་གྱི་ཡོད་འདུག  དེབ་ཀྱི་ནང་དོན་ཐད་ནས་མི་རིགས་ནག་པོ་ཞིག་གིས་མི་རིགས་དཀར་པོའི་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་མ་ཉེས་ཁག་གཡོགས་བྱས་པ་ལ་་ཁྲིམས་རྩོད་པ་སྐུ་ཞབས་ཧྥིན་ཆི་ཞེས་པ་ཞིག་གིས་ཁྲིམས་རྩོད་བྱས་པའི་སྐོར་ཡིན་པ་དང་། གློག་བརྙན་དང་གཟེངས་རྟགས་འདི་དག་གིས་རྩོམ་པ་པོ་འདིའི་སྙན་གྲགས་ཇེ་ཆེར་བཏང་བ་མ་ཟད། མོ་རང་གི་བརྩམས་སྒྲུང་རྗེས་མ་དེ་ལ་རེ་བ་རྒྱག་རྒྱུའང་ཇེ་ཆེར་བཏང་བ་རེད།

འོན་ཀྱང་དུས་རབས་ཕྱེད་ཀ་ལྷག་འདས་པའི་རྗེས་སུའང་མོའི་བརྩམས་སྒྲུང་གཉིས་པ་དེ་སླེབས་རྒྱུ་མ་བྱུང་བ་དང་། ༢༠༡༥ ལོར་མོ་རང་གི་པར་སྐྲུན་ཁང་གིས་གློ་བུར་ཞིག་ལ་མོའི་བརྩམས་སྒྲུང་གཉིས་པ་ཞིག་པར་སྐྲུན་བྱེད་ཀྱིན་ཡོད་པའི་གསལ་བསྒྲགས་སྤེལ་བ་རེད། བརྩམས་སྒྲུང་གཉིས་པ་འདི་ནི་ རྩོམ་པ་པོས་ ༡༩༥༧ ལོར་རང་གི་རྩོམ་སྒྲིག་པ་རྣམས་ལ་བསྐུར་པའི་མ་ཡིག་དེ་ཡིན་པ་དང་། མ་ཡིག་དེའི་ཁ་བྱང་ལ་ “ལྟ་སྲུང་བ་ཞིག་འཛུགས་སུ་རྒྱུགས།”(Go Set a Watchman) ཞེས་སྦྱར་ཡོད་པ་རེད། དེ་ནི་ཡི་ཤུའི་ཆོས་གཞུང་གི་ཚིག་ཅིག་བརྟེན་ནས་བྲིས་པ་ཞིག་རེད། མ་ཡིག་འདི་ཡུན་རིང་པོ་ཞིག་གི་བར་དུ་བོར་བརླག་ཏུ་གྱུར་པར་ངོས་འཛིན་བྱས་པ་རེད། དེབ་འདི་ཡང་ཐོག་མར་ས་ཡ་ ༢ ཙམ་པར་སྐྲུན་བྱས་པ་དང་། རྩོམ་ཡིག་དཔྱད་བརྗོད་པ་རྣམས་ཀྱིས་དགའ་སྣང་ཆེར་མ་བྱས་མོད་བཅོས་སྒྲུང་གི་གྲས་ནས་བྲིན་ཤོས་ཤིག་ཆགས་པ་རེད།

“བྱིའུ་ལད་མོ་བ་གསོད་པ་”པར་སྐྲུན་བྱས་ནས་ལོ་བཅུ་ཕྲག་དང་པོའི་ནང་དེབ་གྲངས་ས་ཡ་ ༡༠ བཙོངས་ཟིན་པ་དང་། ༡༩༨༨ ལོར་ཨ་རིའི་སློབ་འབྲིང་གི་བརྒྱ་ཆ་ ༧༤ ཙམ་གྱིས་སྒྲུང་འདི་ཨིན་སྐད་སློབ་ཁྲིད་ཁྲོད་བཞག་ཡོད་པའི་སྙན་ཐོ་བཏོན།   ༡༩༩༩ལོར་དཔེ་མཛོད་དུས་དེབ་ཅེས་པས་སྒྲུང་རྩོམ་འདི་ནི་དུས་རབས་ཉི་ཤུ་བའི་ནང་གི་བརྩམས་སྒྲུང་ལེགས་ཤོས་དེ་ཡིན་པར་བསྒྲགས། ༢༠༠༧ ལོར་སྲིད་འཛིན་བྷུ་ཞི་ཡིས་དེབ་འདིའི་རྩོམ་པ་པོ་ལ་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་སྤྲད། ༢༠༡༠ ལོར་ཨ་རིའི་རྒྱལ་ཡོངས་སྒྱུ་རྩལ་གཟེངས་རྟགས་སྤྲད་ཡོད་པ་རེད།

leeརྩོམ་པ་པོ་འདི་ནི་ ༡༩༢༦ ལོར་ཨ་རིའི་ལྷོ་ཁུལ་ཨ་ལཱ་བྷ་མའི་གྲོང་གསེབ་ཅིག་ཏུ་སྐྱེས་པ་དང་། མོའི་ཕ་དེ་ནི་ཁྲིམས་རྩོད་པ་ཞིག་ཡིན་འདུག མོ་རང་གིས་ཨ་ལཱ་བྷ་མ་སློབ་གྲྭ་ཆེན་མོར་ཕའི་རེ་འདུན་ལྟར་ཁྲིམས་ལུགས་སློབ་སྦྱོང་བྱས་མོད་སློབ་མཐར་ཕྱིན་མེད་པ་རེད། ༡༩༤༩ ལོར་མོ་རང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྤོར་བྱས་པ་དང་། དེ་ནི་རྩོམ་པ་པོ་ཞིག་བྱེད་ཆེད་ཡིན་པར་བཤད། དེར་མོས་གནམ་གྲུའི་འཛིན་བྱང་མངགས་ཉོའི་ཞབས་ཞུའི་ལས་ཀ་བྱས་ཤིང་ལས་ཞོར་དུ་རྩོམ་འབྲི་གཉེར་པ་རེད། ༡༩༥༦ ལོའི་ཡེ་ཤུའི་འཁྲུངས་སྐར་སྐབས་སུ་མོའི་གྲོགས་པོ་བཟའ་ཚོ་གཉིས་ཀྱིས་ མོ་རང་ལ་ “ཁྱེད་རང་ལ་ལས་ཀ་ནས་ལོ་གཅིག་གི་གུང་གསེང་ཡོད། དེའི་རིང་ཉིད་ཀྱིས་ཅི་ཞིག་འབྲི་ནའང་འབྲི་རོགས་གནང་།”ཞེས་པའི་ཡིག་ཆུང་ཞིག་དང་མཉམ་དུ་མོ་རང་གི་ལོ་གཅིག་གི་གླ་ཆ་དང་མཉམ་པའི་དངུལ་བྱང་ཞིག་ལེགས་སྐྱེས་སུ་སྤྲད་པ་རེད། རྐྱེན་དེ་ལ་བརྟེན་ནས་མོས་ “ལྟ་སྲུང་བ་ཞིག་འཛུགས་སུ་རྒྱུགས།”(Go Set a Watchman) ཞེས་པ་དེའི་མ་ཡིག་བྲིས་ནས་རྩོམ་སྒྲིག་པ་ཚོར་བསྐུར་སྐབས་ཁོང་ཚོས་བརྩམས་སྒྲུང་ལ་སླར་ཡང་བསྐྱར་བཅོས་བྱེད་རོགས་ཞེས་བཤད་པ་རེད། དེ་ལ་མོས་སླར་ཡང་བསྐྱར་བཅོས་ཆེན་པོ་བྱས་པ་བརྒྱུད་ནས་ “བྱིའུ་ལད་མོ་བ་གསོད་པ་”ཞེས་པ་འདི་བྲིས་པ་ ༡༩༦༠ ལོར་པར་དུ་བཏབ་པ་རེད།

“བྱིའུ་ལད་མོ་བ་གསོད་པ་”ཞེས་པ་འདི་ནི་དེབ་གཉིས་དེབ་གཅིག་ཏུ་བཀོད་པ་ལྟ་བུ་ཞིག་ཡིན་པར་བཤད་ཅིང་། གཅིག་གིས་ནི་ ༡༩༣༠ སོ་གྲངས་ནང་བྱུང་བའི་གྲོང་གསེབ་ཆུང་ཆུང་གི་མི་ཚེའི་འཚོ་བ་དགོད་སྣང་འཕེལ་བ་དང་སྐྱིད་སྣང་ལྡན་པ་དེ་འཆད་ཅིང་། གཞན་དེ་ནི་སྐབས་དེའི་ཨ་རིའི་ལྷོ་ཁུལ་གྱི་མི་རིགས་དབྱེ་འབྱེད་ཀྱི་དཀའ་ཉོག་དེ་འཆད་པ་རེད་ཅེས་གསར་འགྱུར་ཞིག་ཏུ་བྲིས་འདུག

རྩོམ་པ་པོ་རང་གི་ཕ་མ་གཉིས་དང་སྲིང་མོ་གཉིས། སྤུན་གཅིག་བཅས་ཡོད་པ་རྣམས་སྔོན་ནས་གྲོངས་ཟིན་པ་དང་།  མོ་རང་ཡང་ཚེ་གཅིག་ལ་ཁེར་འདུག་བྱས་པ་མ་གཏོགས་གཉེན་སྒྲིག་ཀྱང་བྱས་མེད།  མོ་རང་གིས་ཕྱིར་མངོན་ཆེ་བའི་འཚོ་བ་བསྐྱལ་མེད་པ་མ་ཟད།  བརྙན་འཕྲིན་སོགས་ཀྱི་བཅར་འདྲི་མང་པོ་དང་ལེན་བྱས་མེད་པ་རེད།  སྐབས་རེར་གཟེངས་རྟགས་འབུལ་བའི་མཛད་སྒོ་སོགས་ཀྱི་སྐབས་ལའང་ཐུགས་རྗེ་ཆེ་ཟེར་བ་ཙམ་ལས་གཞན་གྱི་གཏམ་བཤད་བྱེད་རྒྱུར་ཡང་དགའ་པོ་མེད་པ་རེད་ཟེར།  དེ་ལྟར་ན་མོ་ནི་རང་ཉིད་སྒྲོག་པ་ལ་ཧ་ཅང་འཛེམས་ཟོན་བྱེད་མཁན་ཞིག་ཡིན་པ་རེད།

༼གོང་གསལ་ནི་ཨ་རིའི་ནིའུ་ཡོག་དུས་བབ་སོགས་གསར་ཤོག་འགའ་ནས་ཕྱོགས་སྒྲིག་གིས་བཀོད་པ་ཡིན་ནོ༎༽ བཀྲ་ཤིས།