ང་ནི་བདག་ཅག་གི་སྟོན་པར་ཤིན་ཏུ་གུས་ཤིང་ནང་བའི་ཆོས་ལ་ཧ་ཅང་དད་པའི་སྐྱ་བོ་ཤེས་མེད་ཅིག་ཡིན།   འོན་ཀྱང་།   བདག་གི་མཐའ་འཁོར་གྱི་དགོན་པ་རེ་ཟུང་དང་དགོན་པ་དེ་དག་ན་སྟོན་པའི་ན་བཟའ་རྒྱབ་ཏུ་བཞེས་ཀྱང་བྱ་ལས་མཐའ་དག་སྐྱ་བོར་མཉམ་པའི་སེར་གཟུགས་ཚུལ་འཆོས་ཅན་སྡོམ་ཤོར་གྲྭ་ཆས་གྱོན་པ་འགའ་ཞིག་མཐོང་ཡོང་དུས།     རྣམ་རྟོག་ལངས་ཤིང་མི་འདི་ཚོར་ཞེད་སྣང་དང་དགོན་པ་འདི་དག་ལ་དགོན་ཁྲིམས་གཙང་མ་ཞིག་མི་འདུག་བསམ་དེ་ཡིད་སྐྱོ་བས་མནར་བཞིན་ཁོ་ཚོ་ལ་འཕྲིན་པ་འདི་འབྲི་བའི་ལས་ཁུར་ཏུ་བླངས་པ་ཡིན།

སྤྱིར་ཆོས་ཀྱི་དྲེད་པོ་འདི་དག་གི་ངའི་འཚོ་བ་དང་ང་རང་ཉིད་ལ་གནོད་འཚེ་ཅུང་ཙམ་ཡང་བྱས་མྱོང་མེད་མོད།   འོན་ཀྱང་།   ང་གནས་སའི་ཁོར་ཡུག་དང་ཡང་སྒོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཡོད་པའི་མི་གང་མང་ཞིག་ལ་སུན་སྐུར་ཞིང་།    མ་ཤེས་ཐེ་ཚོམ་དུ་ཚུད་པའི་མི་བུ་དག་ལ་དད་ལོག་སྐྱེ་རུ་འཇུག་གིན་ཡོད་པས་སངས་རྒྱས་བསྟན་པའི་དགྲ་བོ་འདི་ཚོར་སྤྱི་ཚོགས་ཀྱི་ཡས་སྣེ་མས་སྣེ་ན་ཡོད་པའི་ང་ཚོ་ཚང་མས་འདི་དང་འདི་ལྟ་བུའི་ཚོགས་ཆེན་འདུ་ཁང་ནང་ན་སྡུག་མེད་ཀྱང་ཨོང་ཤ་ན་མཁན་འཇིག་རྟེན་འཁོར་བའི་ནང་ན་སྐྱིད་མེད་ཀྱང་སྐྱོ་བ་སངས་མཁན་གྲྭ་བ་དང་གྲོང་བའི་ལས་གནས་མཉམ་གཅིག་ཏུ་ཁུར་བའི་སྐྱ་མིན་སེར་མིན་འདི་ཚོ་གཅེར་བུར་ཕུད་དེ་མི་མང་གི་གྲས་ནས་གཡུལ་བཤམས་ལ་འཐབ་མོ་སྦྲན།   སྐྱོན་བརྗོད་ལ་མཚང་འབྲུ།   དེ་ལྟར་མ་བྱས་ན་བླུན་པོ་ནོར་རྐྱལ་ཁུར་བ་འདི་ཚོ་ངོ་ཚ་རྒྱུ་དང་ཞེ་ཁྲེལ་རྒྱུ་ཞིག་ཡོད་ཚོད་མི་འདུག

ཡང་འདི་ལྟ་བུ་ཞིག་གི་གླེང་བསླངས་ན་དམིགས་ཡུལ་དང་གཏད་སོ་མེད།    རྟག་ཅིང་དཔྱད་པ་སྔོན་དུ་མ་སོང་བར་རྒན་མོ་སྨྱོན་མའི་ཁ་འདྲེ་ཡིས་རྩེས་པ་བཞིན་གང་འདོད་འདོད་དང་ཅི་བསམ་བསམ་གྱིས་བབ་ཅོལ་ནི་སྨྲ་བར་མི་རུང་ལ།     དེ་ན་དོན་གྱི་སླད་དུ་མཚན་གྱི་ཟུར་དང་ཡུལ་གྱི་ཕྱོགས་ཙམ་བསྟན་ནས་ཀུན་ལ་རང་གི་མཐོང་ཐོས་མྱོང་འགྱུར་ཚང་མ་དགོན་པ་དེ་དག་གི་དགོན་བདག་དང་གྲྭ་བ་དེ་ཚོ་ལ་གོ་ན་རྣ་བའི་བུ་རམ་དང་།   མ་གོ་སྙིང་གི་འཛེར་མ་རུ་ཞུ་རྒྱུ་ཡིན་པས་ཁྱེད་ཚོས་ཀྱང་རྣ་གཞན་ལ་མ་གཡེང་སེམས་གཞན་ལ་མ་ཤོར་བར་ཡུད་ཙམ་ལ་འཛུམ་གྱིས་ཉན་རོགས།

ཁོ་བོ་ལ་མྱོང་རྒྱུས་ཡོད་སའི་དགོན་པ་དེ་ནི་ཡུལ་མགོ་ལོག་གི་རྙིང་མ་བའི་དགོན་པ་ཆེ་གྲས་ཤིག་ཡིན་ལ།   ཕྱིའི་འཛུགས་བསྐྲུན་དང་ནང་རྟེན་བཞེངས་དག་ལ་མཇལ་ཚེ་ཕྲན་ཆུང་ང་རང་རྟེན་འདི་དག་ལ་མཇལ་བས་བསོད་ནམས་ཆེའོ་སྙམ་པའི་བསམ་པ་སྐྱེས་པ་དང་།  ངོ་མཚར་ཆེ་ཞིང་བླ་ན་མེད་པའི་རྟེན་འདི་དག་དགོན་པ་གཅིག་ཏུ་འཛོམས་པའི་དགོན་པ་ནི་བོད་ཡུལ་ཁམས་ན་དགོན་འདི་གཅིག་པུ་ཡིན་རྒྱུ་རེད་འདོད་པའི་བསམ་པ་ཞིག་རྒྱུད་ལ་ངང་གིས་སྐྱེས་བྱུང་།   དགོན་པ་འདིའི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ནི་ངོ་མ་ཅི་འདྲའི་རླབས་ཆེ་ཞིང་།   འདི་རུ་འཚོ་ཞིང་བཞེས་པའི་དགེ་འདུན་པ་དག་ནི་བདག་གི་སྣང་ངོར་སྔོན་ནས་འཇགས་པའི་གྲྭ་བའི་སྣང་བརྙན་བཞིན།   ཐོས་བསམ་སློབ་གཉེར་ལ་རྩེ་གཅིག་ཏུ་གཞོལ་ཞིང་ཚུལ་ཁྲིམས་གཙང་བ།  དམ་ཚིག་མིག་འབྲས་བཞིན་སྲུང་བའི་སྟོན་པའི་རྗེས་འཇུག་གཤའ་མ་འབའ་ཞིག་ཏུ་བསམ་ཡོད།   ཡིན་ཡང་།  གནས་འདི་རུ་འོངས་ཤིང་ཡུལ་འདི་རུ་ཡུན་གྱིས་བཅར་བ་ན།    གྲྭ་བ་འགའི་བྱ་བྱེད་མཐོང་བྱུང་བས་བདག་གི་དགོན་འདི་ལ་བཟུང་བའི་རྣམ་འགྱུར་འགྱུར་མ་སོང་མོད་དགོན་པ་འདིའི་གྲྭ་བ་བྱ་སྤྱོད་འཆོལ་བོ་བྱེད་པ་འགའ་ཞིག་གི་བྱ་སྤྱོད་ལ་ཞེན་པ་གཏིང་ནས་ལོག་སོང་།   ཁོ་ཚོར་དགོན་ནང་ན་གྲྭ་ཁང་ཡོད་ལ།   ཁོ་ཚོར་གྲོང་ནང་ན་དགའ་རོགས་ཡོད།   ཆུང་མ་ཡོད།   བུ་ཕྲུག་ཡོད།   བཟའ་ཚང་ཡོད།   བྱ་བ་ལས་ཀ་ཁྱིམ་པ་དང་གཅིག་མཚུངས་ཡིན་ཡང་མི་འདྲ་ས་དེ་ནི་ཁོ་བོ་ཅག་གི་རྒྱབ་ཀྱི་གོས་དང་ང་ཚོའི་རྒྱབ་ཀྱི་གོས་དེ་མི་འདྲ་བ་དེ་ཡིན།   དེ་དག་གི་མགོ་ཡི་སྐྲ་དང་ང་རང་ཚོའི་མགོ་ཡི་སྐྲ་དེ་ལ་རིང་ཐུང་ཡོད་པ་དེ་ཡིན།    འཇིག་རྟེན་འཁོར་བའི་ནང་གི་ཆུང་མ་དང་བུ་ཕྲུག་བློ་ཡི་མི་ཐོངས་ན་རྒྱབ་ཀྱི་ངུར་སྨུག་གི་གོས་སྟོན་པའི་ན་བཟའ་དེ་ཕུད་བཏང་ན་ཆོག་མོད།   དེ་ཕུད་པར་བློ་ཡིས་ཐོངས་ཀྱིན་མི་འདུག    དེ་ན་ན་བཟའ་རིན་པོ་ཆེ་ལ་དེ་འདྲའི་དགའ་བ་དང་དུངས་བ་ལྷད་མེད་པ་ཞིག་ཡོད་ན།    སྔོན་ནས་རང་གི་རྩ་བའི་བླ་མའི་མདུན་ནས་དམ་བཅས་ཤིང་ཁས་བླངས་བ་བཞིན།   དམ་ཚིག་ཞིག་པ་མེད་པར་སྲུང་དགོས་པ་ལྟ་བུར་སྣང་ཡང་།   དེ་དེ་ལྟར་ལག་ལེན་དུ་ཐེབས་ཀྱིན་མི་འདུག   སྔགས་པ་རེད་ཟེར་ན་དེའང་མིན་པ།   སྐྱ་བོ་རེད་ཟེར་ན་སྐྱ་བོ་ཡང་མིན་པ་སྟོན་པའི་ན་བཟའ་ལུས་ལ་བསྣབས་ཡོད་ལ།   གྲྭ་བ་རེད་ཟེར་ན་གྲྭ་བ་ཡང་མིན་པ་ཁྱིམ་དང་ཆུང་མ་བུ་ཕྲུག་དང་བཅས་པ་ཡོད་པ།    ཆུང་མ་ཡོད་ཡོད་ལ་སྟོན་པའི་ན་བཟའ་ལུས་ལ་བསྣབས་ཆོག་པ་དང་།    སྡོམ་པ་མེད་མེད་ལ་ཚོགས་ཆེན་འདུ་ཁང་ནང་དུ་བཙོག་ཏེ་དགེ་འདུན་འདུས་པ་རྒྱ་མཚོའི་གྲལ་ཏུ་བཞུགས་ཆོག་པའི་ཁྲིམས་དེ་དགོན་བདག་དང་དགོན་དཔོན་ཀླད་པ་རྣོ་ལྕགས་ལས་སྲ་བ་འགས་བཅས་པ་མིན་ན།   སྟོན་པའི་བཅས་པའི་འདུལ་ཁྲིམས་སུ་དེ་ལྟར་བཅས་ཡོད་པ་སུ་ལ་དྲིས་ཀྱང་བཤད་རྒྱུ་མི་འདུག    དེ་ལྟར་ལགས་ན་སྡོམ་པ་མེད་ཀྱང་གྲྭ་ལྭ་གྱོན་ཆོག་པའི་གནང་བ་དགོན་པ་ལ་ཞུས་ཆོག་པ་དང་དགོན་པས་ཀྱང་དེ་ལྟར་གནང་ཆོག་པ་དེ་དགོད་བྲོ་བ་ཞིག་མ་ཡིན་ནམ།   བདག་གི་སྤུན་ཟླ་ཚོ།      གལ་ཏེ་བོད་ཁམས་ཡོངས་ཀྱི་གྲྭ་བ་ཚང་མ་མ་འོངས་པའི་དུས་ཤིག་ན་དགོན་པར་ཁྲིམས་གཙང་མ་ཞིག་མེད་པར་འདི་ལྟ་བུ་ཞིག་ཏུ་གྱུར་སོང་ན།   ད་ནི་ང་ཚོ་ལ་གཤིན་པོའི་རྒྱབ་ཀྱི་ཆོས་འདོན་མཁན་དང་བཅའ་བ་རིམ་གྲོ་སྒྲུབ་མཁན་གྱི་གྲྭ་བ་ཚོའི་དགོས་པ་ཆེན་པོ་མི་འདུག་བསམ་མོ། །

བྱ་ངན་འདི་རིགས་ཀྱི་འབྱུང་ཁུངས་ཀྱང་མཐར་དེད་ན་དགོན་པ་དེའི་དགོན་བདག་དང་དགོན་དཔོན།  མཐའ་འཁོར་གྱི་མི་སྤྱི་ཡིས་བསྐྱེད་པ་ཡིན་ལ།  ཁོ་ཚོ་ལ་འདི་འདྲའི་རང་སྣང་གང་ཤར་བྱེད་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་པས་རེད།  སྤྱིར་མི་སོ་སོའི་ངོས་ཐད་བཤད་ན།   རང་རང་གི་ཅི་བྱེད་རང་དབང་ཡིན་མོད།  འདི་ལྟར་ཁྱིམ་པའི་འཚོ་བ་ལ་རྒྱབ་ཀྱིས་ཕྱོགས་ཤིང་།   ཁྱིམ་ཕུགས་བུ་མོ་རིག་ན་ཆགས་པའི་མེ་ལྕེ་དྲག་ཏུ་སྦར་ཏེ་ཤབ་ཐབས་མགོ་ལ་རྫེ་བའི་གྲྭ་ལྭ་གོན་པའི་སྐྱ་བོ་དེ་ཚོར་ཅི་འདོད་འདོད་བྱེད་དུ་བཅུག་ན་ནི།   དུས་རྒྱུན་དུ་དབང་རྟུལ་དད་པའི་རྗེས་འབྲང་དེ་དག་གི་ཐལ་མོ་སྙིང་གར་སྦྱར་ཏེ་མིག་གཉིས་བཙུམ་རྗེས་ཡུན་རིང་ཞིག་ལ་ཕྱེ་རྒྱུ་ཡང་མེད་པའི་ཟོལ་འདྲ་བོ་བསྟན་དེ་དཀོན་མཆོག་ལ་གསོལ་བ་འདེབས་མོད།   དགོན་པའི་ནང་དུ་སངས་རྒྱས་ཀྱི་བསྟན་པའི་དགྲ་བོ་སྐྱ་མིན་སེར་མིན་འགའ་ཞིག་ལ་བསམ་གཟས་ནས་དེ་ལྟར་བྱེད་དུ་འཇུག་པ་དང་བྱོས་ཞེས་མ་བསྐུལ་ཡང་།    དོན་དུ་དེ་ལྟར་བྱོས།   དེ་ལྟར་བྱེད་དགོས་ཞེས་སྐུལ་བ་དང་ཤིན་ཏུ་མཚུངས།

དེ་ན་ཁྱེད་ཅག་མགོ་རུ་བསྡད་དེ་སྣེ་ནས་ཁྲིད་མཁན་དག་གིས་རང་སེམས་ནང་ལ་བསྡུས་ཏེ་འདང་ཤིག་རྒྱོབས་ལ་ཕྱིང་དཀར་ཐང་དུ་ཐོངས་ལ་ཐིག་ཅིག་བརྒྱབ་ནས་དེ་ལྟར་མུ་མཐུད་ནས་མར་སོང་ན་འགྲིག་འདུག་གམ་མི་འདུག   གལ་ཏེ་མི་འདུག་ན་མི་འགྲིག་པ་ཤེས་པའི་དུས་དེ་ནས་བཟུང་ཅི་ལྟར་བསྒྲུབ་ན་ད་གཟོད་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་ཡུན་དུ་གནས་ཤིང་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཐབས་དང་དགོན་ཁྲིམས་གཙང་མ་ཞིག་ཅི་ལྟར་བཅའ་དགོས་པའི་སྐོར་ལ་བསམ་གཞིགས་ལེགས་པོ་ཞིག་སེམས་ཀྱི་གཏིང་ནས་གནང་རོགས་ཞུ་ཞུ།