དུས་རབས་གོང་མའི་ལོ་མཇུག་ཏུ་ཞོགས་དུང་སོགས་ཀྱིས་དེང་རབས་བོད་ཀྱི་ན་གཞོན་ཚོའི་སྤྱི་ཚོགས་གསར་བའི་བསམ་བློའི་ཡོ་ལང་དུ་ཕུལ་བའི་རྩོམ་གསར་དག་གི་ནང་དོན་ཐད་ལ་དགོན་སྡེའི་སྤྱི་ཚོགས་ཁྲོད་ནས་མཁན་པོ་དང་དགེ་བཤེས། སློབ་གསོའི་སྡེ་ཁག་དང་གྲོང་གསེབ་ཁག་གི་དགེ་རྒན་རྣམ་པས་རང་རང་གི་འདོད་ཚུལ་སྣ་ཚོགས་དྲང་ལྡོག་ཅི་རིགས་ནས་བྱུང་ཡོད་ལ། ང་ལ་མཚོན་ན་དེའི་ཕྱོགས་ནས། བོད་ཀྱི་ཁ་དཔེར། ལ་ཐུར་རིག་གི་རྟ་དང་སྐྱིད་སྡུག་མཐོང་བའི་མྱི་ཡིན་མོད། འོན་ཀྱང་ད་དུང་དེའི་ཐད་ནས་ངན་སྐད་འདོན་གྱིན་པ་མཐོང་བས་ཡི་གེ་འདི་འབྲི་འདུན་སྐྱེས།

སྐྱ་བོ་དང་སེར་མོ་བ་རེ་ཟུང་གིས་འདི་སྐད་དུ། ཞོགས་དུང་སོགས་ནི་དམར་དམག་རེད་ཅེས་ཞྭ་ནག་གོན་ཁུལ་གྱིས་འུར་རྒྱག་ཞོར། ཆོས་ལུགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་མི་གནོད་དེ། དཔེར་ན། ཨ་རིའི་སྤྱི་ཚོགས་ཁྲོད་དུ་ཡེ་ཤུའི་ཆོས་ལུགས་ཀྱིས་མཚོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་འདྲ་མིན་ཡོད་པས། དེས་ནི་ཨ་རིའི་སྤྱི་ཚོགས་འཕེལ་རྒྱས་ལ་ཅི་ཡང་མི་གནོད་པར་མ་ཟད། ལྟོས་བཅོས་ཀྱིས་བཤད་ན་ཕན་ཐོགས་ཡོད་ཚུལ་ལུང་བ་གང་བཤད་ཀྱིན་འདུག འོ་ན་ཁྱོད་ཅག་གིས། ད་ལྟའི་ཨ་རིའི་སྤྱི་ཚོགས་འཕོ་འགྱུར་གྱི་གནས་བབ་དང་ང་ཚོའི་བོད་པའི་སྤྱི་ཚོགས་འཕོ་འགྱུར་གྱི་གནས་བབ་ལ་ལྟོས་དང་། གང་ཞིག་དར་བའི་རྩེ་མོར་སོན་ཏེ་ཆོས་ལུགས་བེད་སྤྱོད་གཏོང་གིན་འདུག་ལ། གང་ཞིག་གཞི་ནས་སྒྲིག་འཛུགས་གསར་བའི་ལམ་ཁ་ན་ལུས་ཏེ་ཆོས་ལུགས་གཙོ་བོར་བཟུང་སྟེ་སྤྱི་ཚོགས་ཀྱི་ལམ་ཁ་ན་སྙེག་གིན་འདུག

གཞན་ཨ་རི་ལྟ་བུའི་རྒྱལ་ཁབ་དག་གིས་ཆོས་ལུགས་དེ་གཙོ་བོར་བཟུང་སྟེ་རྒྱལ་སྐྱོང་སྲིད་ལུགས་ལག་བསྟར་བྱེད་ཀྱིན་མེད་ལ། ཆོས་ལུགས་ཀྱི་བྱེད་སྒོ་མཐའ་དག་དུས་ཆེན་ཞིག་ལ་རོལ་སྐབས་ཀྱི་རྣམ་གྲངས་མང་བའི་རྩེད་མོའི་སྡེ་ཚན་གཅིག་ལྟ་བུར་ངོས་འཛིན་གྱིན་ཡོད། འུ་ཅག་གིས་གཞན་གཅེས་པར་འཛིན་པའི་བྱམས་བརྩེའི་རྩ་བ་ཅན་གྱི་རིག་གཞུང་ཞིག་སྲོག་ཏུ་བྱས་པའི་སྒོ་ནས་རྒྱལ་སྐྱོང་སྲིད་ལུགས་ལག་བསྟར་བྱས་པ་ཡིན་པས་འུ་ཅག་ཕམ་པ་རེད་ཅེས་དེང་གི་ཤེས་རབ་ཅན་དེ་དག་གིས་ཟེར་གྱིན་ཡོད་པ་འདྲ།

དཔེར་ན། འུ་ཚོའི་གནས་བབ་ནི་གང་འདྲ་ཞིག་རེད་ཅེ་ན། གསར་དུ་མི་ཚང་ཞིག་ཏུ་འགྲུབ་ལ་ཉེ་བའི་བཟའ་ཚོ་ཞིག་རེད། དེའི་ཕྱིར་འབྱོར་ཕྱུག་གི་མངའ་ཐང་རྒྱས་པའི་མི་ཚང་ཞིག་གི་བྱིས་པ་ཚོ་ཡུལ་སྐོར་ལྗོངས་རྒྱུ་སྣ་ཚོགས་ལ་འགྲོ་གིན་འདུག་ལ། རྩེད་རིགས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་གྱིན་འདུག ད་དུང་རླངས་འཁོར་རྫིག་པོ་གོང་ཆེན་དག་བསྐོར་ནས་འགྲོ་གིན་འདུག་ཅེས་གཞི་ནས་མི་ཚང་ཞིག་གི་བཟོ་ལྟར་འབད་ཀྱིན་པའི་དབུལ་ཁྱིམ་ཞིག་གི་བྱིས་པ་ཚོ་འུར་ལངས་ཏེ་དྲིན་ཅན་ཕ་མའི་ཚེ་བསོགས་རྒྱུ་ནོར་གང་དགར་བེད་སྤྱོད་བཏང་ན་འགྲིག་གམ། རང་ཁ་མི་གསོ་བར་མི་ཚང་གཞན་དག་ལྟར་རྩེད་མོར་གཡེངས་ནས་འདུག་སྲོལ་ཞིག་ཡོད་དམ། རང་ཚང་གི་བཟའ་མི་དག་གི་ལྟོ་རྒྱབ་ལ་དངོས་སུ་ཕན་པའི་ཟོས་གོས་སོགས་ཡོང་ཐབས་ལ་འབད་རྒྱུ་ལས་རང་སྣང་གང་ཤར་གྱིས་བྱེད་སྒོའི་རྣམ་གྲངས་མང་བོ་སྤེལ་མི་རུང་བ་བཞིན་ནོ། །

ང་ཚོའི་དེང་གི་ཤེས་རབ་ཅན་དེ་དག་གི་སྐད་ཆ་དག་མདོར་བསྡུས་ན། ཨ་མདོའི་ས་ཁུལ་ཉི་ཚེ་བའི་ཁ་དཔེར། ཨ་མྱེས་ལྷ་རིས་ནས་མྱི་སྐྱོབ་རྒྱུ་ཕར་ཞོག རང་གི་མགོ་ནའང་རྡུལ་ལྷོག་ལྷོག་ཟེར་བའི་དོན་ལྟར་རང་དོན་ཙག་ཙིག་དག་གྲུབ་རྗེས། ད་གཟོད་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ལྟར་གཞན་ཕན་དང་འབྲེལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་དག་གིས་མཚོན་ཏེ་བྱ་འགུལ་གྱི་རྣམ་གྲངས་མང་བོར་ཞུགས་ནའང་འཕྱིས་མེད་དོ་ཟེར།

ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་ཁ་པར་དུ་ཡི་གེར་ཕབ།
2016.4.4