དེ་རིང་འདི་ནས་དོན་དག་གཉིས་ངོ་སྤྲོད་བྱ་རྒྱུ་ཡིན། དང་པོ་དེ་ང་རང་ཚོ་ཚང་མས་འདང་རྒྱག་དགོས་རེད། གང་ཞིག་འདང་རྒྱག་དགོས་རེད་ཟེར་ན། ཁ་རོག་རྒྱང་ནས་འགྲོ་དུས་གནའ་མྱི་དག་གིས་བཤད་རྒྱུར་གནའ་སྔ་མོ་ཡིན་ན་ཆོས་གྲྭ་ཆེན་པོ་ཞིག་གི་ནང་སོང་ན་བླ་མས་ཅི་བཤད་ཆོས་དང་སློབ་མས་ཅི་ཤེས་ཆོས་ཡིན་པས་སེམས་ཁྲལ་ཅི་ཡང་མེད། ད་ལོར་ན་ནིང་ཆོས་གྲྭ་ཆེན་པོ་དག་གི་ནང་དུ་བུད་སོང་ན་ཅི་ཞིག་ཤེས་ཡོང་བཤད་མི་ཤེས་པའི་དུས་ཚོད་ཅིག་རེད་འདུག་པས་རང་རྒྱུད་ལ་ཆོས་ཤིག་འབྱར་ཡོང་ངམ་འཇིག་རྟེན་ཞིག་འབྱར་ཡོང་མི་ཤེས་པས་སེམས་ནང་དངངས་འཚབ་ཆེན་པོ་ཡོང་བསྡད་གི་འདུག་ཟེར་ནས་ཤོད་ཀྱིན་འདུག སྤྱི་ཁྱབ་ནས་ཆོས་གྲྭ་ཆེན་པོ་དག་གི་ནང་དུ་སེམས་ངན་འཆང་ནས་ཆོས་གྲྭ་ཆེན་པོ་དག་སྣུམ་ཟད་ཀྱི་མར་མེ་ལྟ་བུ་ཞིག་འགྱུར་སོང་ན་བསམ་མཁན་མི་གཅིག་ཀྱང་ཡོད་མ་རེད། ཡིན་ན་ཡང་། དེ་རིང་ཁ་སང་སྐད་ཆ་འདྲ་མིན་བཤད་འདུག་མཁན་གང་སར་ཅུང་ཙམ་ཡོང་བསྡད་ཀི་ཡོད་ས་རེད། ད་ལྟ་འདི་ན་ཡང་ཡོད་རེད་ཟེར་ཤེས་ས་མ་རེད་ལ་ཡོད་མ་རེད་ཟེར་ཤེས་ས་མ་རེད། ན་ནིང་གཞེས་ནིང་དག་ལ་སྐད་ཆ་ཅུང་ཙམ་རེ་གོ་ཡོང་གི་འདུག ཁ་ཤས་ཀྱིས་འཕྲིན་ཕྲན་ནང་དུ་ཚིགས་བཅད་འདྲ་མིན་བྲིས་ནས་བཀོད་འདུག་གི་ཡོད་ས་རེད། དེ་དག་ཐོས་ཡོང་དུས་སེམས་ནང་ཅུང་ཙམ་མ་བདེ་བའི་ཚོར་སྣང་དེ་འདྲ་སྐྱེ་ཡོང་གི་འདུག རྒྱུ་མཚན། འདི་ནི་ནང་པ་སངས་རྒྱས་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཡིན་པས་བསྟན་པར་ལྷད་བསྲེ་ཉན་མ་རེད་དྲན་གི་ཡོད། གལ་སྲིད་རང་རང་སོ་སོས་འཇིག་རྟེན་གྱི་ལས་ཀ་འདྲ་མིན་ལས་དགོས་དྲན་ན་འཇིག་རྟེན་གྱི་སྤྱི་ཚོགས་ནང་དུ་སོང་ནས་ལས་ན་ཆོག་རེད། འདི་ན་ཆོས་ཤིག་སྦྱངས་ནས་ངེས་འབྱུང་དང་བྱམས་སྙིང་རྗེ་ཞིག་སྐྱེ་ཐབས་དེ་དག་མ་གཏོགས་དམིགས་ཡུལ་གཞན་ཞིག་ཅི་ཡང་ཡོད་མ་རེད་པས་གཞན་སྐད་ཆ་འདྲ་མིན་དེ་དག་མ་ལབ་ན་དགའ་ཆེ་རེད་བསམ་པ་འདྲ་ཞིག་ཡོད་རེད། ཡིན་ན་ཡང་། ཁ་ཤས་ཀྱིས་དེ་དག་གཅིག་པུས་ཕན་ཐོགས་ཆེན་པོ་མེད་སྐད་དང་གཞན་རྒྱ་ཆེན་པོ་དགོས་རེད་ཟེར་ནས་བཤད་མཁན་ཡོད་པ་དེ་དག་གཅིག་བྱས་ན་དེ་དག་ལ་ཁག་ཀྱང་ཡོད་ས་མ་རེད། ང་རང་ཚོའི་ཆོས་སྡེ་འདི་ལ་མཚོན་ན་སྐད་ཆ་དེ་དག་གི་གནས་ཚུལ་འདི་དེ་རིང་ཁར་རྩང་གི་གནས་ཚུལ་གཅིག་པུ་མ་རེད། ན་ནིང་ལོར་ཡེ་ཤེས་སེང་གེས་ཚིགས་བཅད་ཁ་ཤས་ཤིག་བྲིས་ཡོད་རེད། རྩོམ་ཡིག་དེའི་ནང་ཆོས་རའི་རྡོ་གཅལ་སྟེང་དུ་མི་ལོ་བརྒྱད་དགུ་ཙམ་འཕག་ཡིན་ཏེ་དོན་དག་ཅི་ཡང་འགྲུབ་མ་བྱུང་ཟེར་བའི་ཟོལ་འདྲ་ཞིག་བྲིས་ཡོད་རེད།  གཞན་ཀུན་དགའ་རྒྱལ་མཚན་ཁོང་ཟི་ལིང་དུ་རྒྱ་ཡིག་སློབ་སྦྱོང་བྱེད་དུ་སོང་རེད། ཟི་ལིང་ནས་ཁོང་གིས་སྐད་ཆ་ཞིག་བཤད་ཡོད་རེད། རྫོང་སར་བཤད་གྲྭར་མི་ལོ་བཅུ་གསུམ་བསྡད་ཡིན་ཏེ། ཆབ་ཁང་ནང་དུ་འགྲོ་བྱེད་ཀྱི་རིག་གནས་ཤིག་ལོབས་མ་སོང་ཟེར་ནས་བཤད་ཡོད་རེད།

གཞན་ད་རུང་བློ་གྲོས་དཔལ་ལྡན་གྱི་རྩོམ་ཡིག་དེ་རེད། ཡེ་ཤེས་སེང་གེ་དང་ཀུན་དགའ་རྒྱལ་མཚན་གཉིས་ཀྱིས་བློ་གྲོས་དཔལ་ལྡན་གྱི་རྩོམ་ཡིག་ལ་བལྟས་ནས་སྐད་ཆ་དེ་བཤད་པ་མ་རེད། ཁོ་རང་ཚོ་ཚང་མ་ལ་ཉིས་སྟོང་དྲུག་དང་བདུན་ལོར་བསམ་བློ་དེ་སྐྱེ་བ་དུས་མཉམ་འདྲ་རེད། བློ་གྲོས་དཔལ་ལྡན་ཁོང་གི་དཔེ་ཆ་དེ་ཉིས་སྟོང་བརྒྱད་ལོར་བཀྲམ་ཡོང་ཡོད་ས་རེད། ཁོང་ཚོ་ཡིས་སྐད་ཆ་བཤད་རྒྱུ་གཅིག་པ་རེད་དེ་མི་རྣམས་ཀྱིས་བདེན་བཟུང་རྒྱུ་དེ་བློ་གྲོས་དཔལ་ལྡན་གྱི་རྩོམ་ཡིག་དེ་ལ་བདེན་ཧ་ཅང་བཟུང་གི་ཡོད་རེད། དེ་འདྲ་ཡིན་དུས་ཁོ་ཚོའི་བཤད་འདུག་རྒྱུའི་སྐད་ཆ་དེ་དག་ཕུགས་གང་ལ་གཏུག་གི་ཡོད་དང་ངོ་བོ་ཅི་ཞིག་ཡིན་མིན་ཐད་དུ་བསམ་བློ་གཏོང་དགོས་རེད། ལྷག་ཏུ་བློ་གྲོས་དཔལ་ལྡན་གྱི་རྩོམ་ཡིག་དེ་ང་སར་ཡོང་མཁན་དག་དང་ཕན་ཚུན་ཁ་བརྡ་བྱེད་དུས་ཀྱང་བཤད་དོན་མེད་སར་དེའི་དོན་དག་མང་པོ་ཞིག་གིས་བཤད་ཡོང་གི་འདུག དེའི་ནང་དུ་ཅི་ཞིག་བཤད་ཡོད་མེད་ཕལ་ཆེ་བ་ཞིག་ཤེས། གཞན་དེའི་ནང་གི་ཚིག་རེ་རེ་ལ་ལན་མང་པོ་འབྲི་འདུག་མཁན་དེ་འདྲ་ཡང་ཡོད་ས་རེད། ཁ་སྔོན་རྒྱུགས་རྩོམ་འབྲི་ཡོང་དུས་གྲྭ་ཆུང་ཞིག་གིས་རེ་རེ་ཁར་བྲིས་ནས་དེ་ལ་ལན་རྒྱབ་འདུག དེ་འདྲ་འབྲི་འདུག་རྒྱུ་དེ་ཚོ་མི་ཚེ་འཕྲོ་བརླག་མ་གཏོགས་དོན་གོ་ཆེན་པོ་གང་ཡང་ཡོད་མ་རེད། ཁོ་ཚོའི་བསམ་བློ་དེ་དག་ལ་ཕུགས་གཏུག་ས་ཞིག་ཡོད་རེད་མ་གཏོགས་གསར་གཏོད་ཅིག་མ་རེད། སྐད་ཆ་དེ་དག་ཕུགས་གང་ལ་གཏུག་གི་ཡོད་ཟེར་ནས་དྲི་དགོས་རེད། བློ་གྲོས་དཔལ་ལྡན་ཁོང་ལ་དྲི་དགོས་ན་ཁོ་རང་ད་ལྟ་གར་ཡོད་མི་ཤེས་པས་འདྲི་སར་འགྲོ་རྒྱུ་མ་རེད་དེ། གཞན་ཁོང་གཉིས་འདི་ན་ཡོད་རེད། སྐབས་དེ་དུས་ཁྱེད་ཚོའི་བསམ་བློ་གང་ལ་ཕུགས་གཏུག་པ་ཡིན་ཟེར་ནས་འདྲི་དུས་ཁོང་གཉིས་ཀྱི་ཕུགས་གཏུག་ས་ལས་ལྷག་ཅིག་བློ་གྲོས་དཔལ་ལྡན་ལའང་ཡོད་མ་རེད། བློ་གྲོས་དཔལ་ལྡན་གྱིས་གསུང་རྒྱུར་ཕུགས་གཏུག་ས་ཞོགས་དུང་ཡིན་ཟེར་ནས་བཤད་འདུག་ཟེར། དེ་འདྲ་ཡིན་དུས་སྐད་ཆ་དེ་དག་གི་རྟེན་སའི་རྩ་བ་གང་ཡིན་པ་ཧ་གོ་དགོས་རེད། ཁོ་ཚོས་བཤད་རྒྱུ་ཚན་རིག་ཡིན་ཟེར་འདུག་གི་ཡོད་རེད། ཁུངས་གཏུག་ས་ཚན་རིག་ཡིན་ན་བསམ་གཞིག་བྱ་རྒྱུ་ཡོད་རེད། ཚན་རིག་ལ་གསར་བརྗེ་ཐེངས་མ་གཉིས་སམ་གསུམ་བཟོ་མྱོང་ཡོད་རེད། ལག་རྩལ་ལ། བཟོ་ལས་ལག་རྩལ་གསར་བརྗེ་ཐེངས་གསུམ་བཟོ་མྱོང་ཡོད་རེད། ཚན་རིག་གི་ལག་རྩལ་དར་ནས་བཟུང་གསར་བརྗེ་དང་པོ་གཅིག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་གཉིས་སྐབས་སུ་དབྱིན་ཇི་ཚན་རིག་མཁས་དབང་ཨའི་སཱཀ་ནིའུ་ཀྲོན་(Isaac newton)ཁོས་ཚན་རིག་པ་གོང་མ་ཚོའི་རྙེད་ཆོས་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཆེན་པོའི་སྟོབས་ཤུགས་ཐད་ཀྱི་ལྟ་ཚུལ་གཅིག་གྱུར་བཟོས་པ་རེད། སྤྱི་ལོ་༡༦༨༧ལོར་བརྩམས་པའི་ཁོང་གི་<<ཆོས་ཉིད་>>(Principia)དང་ཁོང་དང་འཇར་མན་གྱི་མཚན་ཉིད་རིག་པ་Gottfried wilhelm Leibniz གཉིས་ཀྱིས་སོ་སོའི་ས་ནས་རྩིས་རིག་པའི་ཆ་ཕྲན་རྩིས་རིག་ཅིག་རང་བྱུང་ཚན་རིག་གི་གྲངས་རྩིས་རིག་པའི་རྩ་རིག་ཟེར་བའི་བསྟན་བཅོས་ཤིག་བརྩམས་ཡོད་རེད། བསྟན་བཅོས་དེའི་ནང་དུ་(Isaac newton)གྱི་ཤུགས་རིགས་བསྟན་སྲོལ་ཆེན་པོ་གསུམ་ཟེར་བ་དེ་འཛམ་བུ་གླིང་གི་སློབ་གྲྭ་ཆེན་པོ་དག་གི་བསླབ་གཞི་དེ་རེད། དེའི་ནང་དུ་རྐུད་ནུས་ཐེན་ཤུགས་ཟེར་བ་ཞིག་གཏན་ལ་ཕབ་ཡོད་རེད། དོན་དག་དངོས་པོ་ཐམས་ཅད་གྱི་གནས་ཚུལ་གཏན་ལ་ཕབ་ཡོད་ཟེར་ནས་བསྒྲགས་པ་རེད། དེ་མཚམས་ནས་གཅིག་སྟོང་དགུ་བརྒྱའི་ནང་དུ་(Albert Einstin)ཟེར་བ་དེ་བྱུང་བ་རེད། Albert Einstin)་གྱིས་ལྟོས་བཅས་སྨྲ་བའི་ལྟ་བ་བཤད་པ་རེད། འཛམ་བུ་གླིང་གིས་རླབས་ཆེན་གྱི་ཚན་རིག་པར་ཁས་བླངས་པ་རེད། དེ་དང་དུས་མཉམ་དུ་(Max planck)བྱུང་བ་རེད། (Max Planck)ཡིས་ནུས་རྡུལ་དངོས་ཁམས་རིག་པའི་ལྟ་བ་གསར་དུ་བཏོད་པ་རེད། གལ་སྲིད་ཚན་རིག་གི་ལྟ་བར་ཕུགས་གཏུག་དགོས་ན་དེ་གསུམ་མ་གཏོགས་གཏུག་ས་ཡོད་མ་རེད། དེ་མིན་མཚན་ཉིད་རིག་པའི་ལྟ་བར་ཕུགས་གཏུག་ས་ཡོད་རེད་དེ།  མཚན་ཉིད་རིག་པའི་ལྟ་བས་དེ་རིང་ཁ་སང་གི་ལྟ་བ་རྗེས་མི་ཟིན་ཟེར་ནས་བཤད་སྲོལ་ཡོད་རེད། དེ་དག་གི་ཁྲོད་ནས་ཧ་གོ་རྒྱུ་ཞིག་ཡོད་རེད། ཁོ་ཚོས་ཕུགས་ཞོགས་དུང་ལ་གཏུག་འདུག་གི་ཡོད་ན།  ཞོགས་དུང་གི་ལོ་ཚོད་ལ་བལྟས་པ་ཡིན་ན་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་འགོ་དེ་འདྲ་ཞིག་ལ་སློབ་གྲྭ་སོང་བའི་མི་ཞིག་ཕལ་ཆེར་ཡིན་ས་རེད་ངས་དྲན་གྱིན་འདུག དེ་ཡིན་ན། ལོ་རབས་བདུན་ཅུ་པའི་དུས་ཡིན་ན་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་རེད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་སློབ་གྲྭ་འདོན་མཁན་ཞིག་རེད་འདུག་སློབ་གྲྭ་ཆེན་པོའི་ནང་དུ་འགྲོ་མྱོང་ཡོད་ན་འདྲ་མེད་ན་འདྲ་ལོ་རབས་བདུན་ཅུ་བརྒྱད་ཅུའི་ནང་དུ་ཚན་རིག་ཤེས་ཡོད་རྒྱུ་དེ་དག་ནི་ཨའི་སཱཀ་ནིའུ་ཀྲོན་(Isaac newton)་གྱིས་ལོ་བཞི་བརྒྱའི་སྔོན་ནས་བཏོན་ཡོང་རྒྱུའི་དངོས་གཙོའི་ལྟ་བ་དེ་རེད། ཁོ་ཚོས་བཤད་པའི་སྐད་ཆ་དག་ལ་བལྟས་པ་ཡིན་ན་ཡང་དེ་དག་དང་འདྲ་པོ་ཞིག་ཡོད་རེད། ལྟོས་བཅས་སྨྲ་བའི་ལྟ་བར་བརྟེན་ནས་བྱུང་བའི་སློབ་སྲོལ་ནི་དར་མྱོང་ཆེན་པོ་ཡོད་མ་རེད། ནུས་རྡུལ་དངོས་ཁམས་རིག་པའི་ལྟ་བ་དར་ཡོད་རེད་དེ།  དེ་ལ་བརྟེན་པའི་སློབ་གསོ་ཟེར་བ་ཞིག་ཆེན་པོ་དར་ཐུབ་ཡོད་མ་རེད། ཨའི་སཱཀ་ནིའུ་ཀྲོན་(Isaac newton)གྱི་དངོས་ཁམས་བརྟེན་སྲོལ་དེ་ལ་བརྟེན་པས་ལྟ་བ་ཞིག་དར་ཡོད་རེད། ཁོས་དེ་སློབ་མྱོང་ཡོད་རྒྱུ་རེད། དེ་དང་ཕྱིས་སུ་གཅིག་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་དགུ་ལོར་ཌར་ཝིན་(Charles Darvin)གྱིས་བརྩམས་པའི་དངོས་ཁམས་སྐྱེ་དངོས་འབྱུང་ཁུངས་གཉིས་མ་གྲོས་ལྟ་བ་གཅིག་མཐུན་བྱུང་ཡོད་རེད། ཕྱིས་སུ་འཕེལ་འགྱུར་སྨྲ་བའི་ལྟ་བ་དེར་སློབ་གསོའི་སྟེང་དུ་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་རེད། དེའི་སློབ་གསོའི་ཁྱབ་ཁོངས་མིའི་བསམ་བློར་འགྱུར་བ་གཏོང་བྱེད་ཀྱི་སློབ་གསོ་དར་སྤེལ་ཤུགས་ཆེན་བྱས་ཡོད་རེད། ཁོང་ཚོས་བཤད་འདུག་རྒྱུ་ཕལ་ཆེར་དེ་ཚོའི་བཤད་སྟངས་དང་འདྲ་བོ་ཡོད་རེད།  ཡིན་ན་ཡང་། ངེད་ཚོས་གྲྭ་བ་གསུམ་པོས་མི་དེ་དག་གི་མིང་ཙམ་ཡང་ཕལ་ཆེར་ཐོས་མྱོང་ཡོད་མ་རེད་དྲན་གྱིན་འདུག དེ་དང་འདྲ་བའི་འཛམ་གླིང་གི་བསམ་བློ་ལ་ཤུགས་རྐྱེན་སྤྲད་ཐུབ་མཁན་གྱི་དེབ་གྲགས་ཅན་བཅུ་ཡོད་རེད་དེ་བོད་ཡིག་སྟེང་དུ་བསྒྱུར་ཡོད་མཁན་གཅིག་ཀྱང་ཡོད་མ་རེད། བོད་ཡིག་སྟེང་དུ་བསྒྱུར་ཡོད་མཁན་མང་ཆེ་བ་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་བའི་དངོས་གཙོའི་ལྟ་བ་དག་དག་མ་གཏོགས་གཞན་བསྒྱུར་ཡོད་མ་རེད། བོད་ཡིག་ཐོག་ཏུ་བསྒྱུར་མེད་མཁན་ཞིག་ཁོང་གསུམ་གྱིས་ལྟ་མི་ཤེས་པར་ཨ་ཅང་ཅང་རེད། ཕྱི་རྒྱལ་ཡི་གེ་དང་རྒྱ་ནག་ཡི་གེ་སོགས་ནི་ཁོང་གསུམ་གྱིས་ཤེས་གི་མ་རེད། ཁོང་ཚོའི་སྐྱབས་བཅོལ་ས་ཞོགས་དུང་ཡིན་ཟེར་གི་ཡོད་རེད་ཞོགས་དུང་གི་ཤེས་རྒྱུ་ངས་བལྟས་པ་ཡིན་ན་དངོས་གཙོའི་ལྟ་བ་དེ་ཡིན་ས་རེད། དེར་ལྟོས་བཅས་སྨྲ་བར་བརྟེན་པའི་སློབ་གསོ་འམ་འཇིག་རྟེན་འགྲོ་ལུགས་ཟེར་བ་ནི་དར་མྱོང་ཡོད་མ་རེད། ནུས་རྡུལ་དངོས་ཁམས་རིག་པ་ཟེར་བ་དེ་ཡིན་རྒྱུ་གཅིག་སྟོང་དགུ་བརྒྱ་ལོར་མགོ་བཙུགས་པ་རེད།  ཡིན་ན་ཡང་ལྟ་བ་དེར་གཏིང་ཟབ་ཤེས་མཁན་དང་དར་ཁྱབ་ཆེན་པོ་བྱུང་མྱོང་ཡོད་ས་མ་རེད། དེ་ལ་བརྟེན་པའི་ལྟ་བ་ཞིག་དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ནང་ཅུང་ཙམ་དར་ཡོད་རེད། ནུས་རྡུལ་དངོས་ཁམས་རིག་པའི་ལྟ་བ་ཞོགས་དུང་གིས་ཤེས་མིན་ང་ཚོས་ཕར་ཕྱོགས་ཙམ་བལྟས་ན་ཧ་གོ་གི་རེད། རྒྱུ་མཚན་གང་གིས་ཤེས་རེད་ཟེར་ན། ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་གྱི་ཆེས་རླབས་ཆེ་བའི་ཚན་རིག་པ་ཧོ་ཁན་(Stephen William Hawking)པེ་ཅིང་སློབ་ཆེན་དུ་གདན་འདྲེན་ཞུས་ནས་ཁོས་ནུས་རྡུལ་དངོས་ཁམས་ཀྱི་ལྟ་བའི་ནང་ནས་བརྒྱུད་རིག་གཞུང་ཟེར་བ་དེ་བཤད་དུས་ཉན་མཁན་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་དངོས་ཁམས་ཞིབ་འཇུག་སློབ་མ་དག་དག་ཡོད་རེད་འཆད་འཁྲིད་སྐབས་སུ་མང་ཆེ་བ་ཉོབ་སྣང་གིས་གཉིད་ཁུག་སོང་བ་རེད། བཤད་མཁན་མཁས་པ་དེ་འདྲ་ཞིག་གིས་འཆད་ཁྲིད་སྐབས་སུ་ཚོགས་རའི་རྣམ་པ་ཐབས་སྡུག་དེ་འདྲ་ཞིག་བྱུང་མྱོང་མེད་པ་ལྟ་བུ་ཞིག་རེད། དེ་འདྲའི་ལྟ་བ་དེ་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་སློབ་མ་ཞིག་གིས་དོན་རྟོགས་ཐབས་མེད་པར་ལྟ་བུ་ཞིག་རེད། ཞོགས་དུང་གི་སྐབས་དེ་དུས་ཤེས་རྒྱུ་གཅིག་ཡོད་པ་དེ་དངོས་གཙོ་དང་འཕེལ་འགྱུར་སྨྲ་བའི་ལྟ་བ་དེ་རེད། ཕུགས་གཏུག་ས་དེ་ཚོ་ཡིན་ན་སྙིང་པོ་ཅི་ཡོད་མི་ཤེས་རྒྱུ་ཆེན་པོ་ཅི་ཡང་ཡོད་མ་རེད། སྤྱི་ཡོངས་ནས་ཚན་རིག་གི་ལྟ་བ་ཟེར་བ་དེར་བློ་གཏད་ཡིད་ཆེས་བཟོ་ས་ཞིག་རེད་དམ་ཟེར་ན་མ་རེད། ཕྱི་རྒྱལ་གྱི་ཚན་རིག་མཁས་ཆེན་ཞིག་གིས་བཤད་རྒྱུར་མ་འོངས་པའི་དུས་རབས་ཉི་ཤུ་པ་དང་སུམ་ཅུ་པའི་ནང་དུས་རབས་ཉི་ཤུ་པའི་མི་དག་ལ་ཕྱིར་བལྟས་ཤིག་བྱས་ནས་ཆེས་ནོར་འཁྲུལ་ཅན་གྱི་བྱས་ཉེས་གང་རེད་བལྟས་པ་ཡིན་ན་ཕྱོགས་གཅིག་ནས་དངོས་གཙོའི་ལྟ་བ་དེ་གཞུང་ཕྱོགས་ཀྱི་ལྟ་བ་ཉིད་དུ་ཁས་ལེན་པ་དེ་དང་གཞན་དངོས་གཙོའི་ལྟ་བ་ཁས་མི་ལེན་ཡང་སེམས་གཙོའི་ལྟ་བ་ཁས་ལེན་མཁན་དག་གིས་དངོས་གཙོའི་ལྟ་བ་བརྟེན་པ་ཕྱོགས་གཞན་ཞིག་ནས་དངོས་གཙོའི་ལྟ་བ་ཁས་བླངས་ཀྱང་དངོས་པོ་ཟེར་བ་དེ་ཅི་ཡིན་མི་ཤེས་པ་དེའོ། །དེ་འདྲ་ངང་ནས་མི་ལོ་བརྒྱ་ཙམ་སོང་བ་དེ་དུས་རབས་ཉི་ཤུ་པའི་མི་རྣམས་ཀྱིས་བྱས་ཉེས་ཆེ་ཤོས་དེ་རེད་ཟེར་ནས་བཤད་ཡོད་རེད། ཚིག་དེ་དག་གི་སྟེང་ལ་ང་ཚོས་ཤེས་དགོས་རྒྱུ་ཞིག་ཡོད་རེད། དངོས་གཙོ་ཡིན་ཟེར་ནས་ག་ཚོད་བཤད་ཀྱང་དངོས་པོ་ཟེར་བ་དེ་གང་ཞིག་ལ་མཛུབ་མོ་འཛུགས་དགོས་མི་ཤེས་པར་ཚན་རིག་ཤེས་མཁན་ཐེ་ཚོམ་བྱས་ནས་བསྡད་ཡོད་རེད། གཞན་ཡང་ཨེ་དབྱིན་སུ་ཐན་གྱི་ལྟ་བ་དར་ཡོང་དུས་དངོས་གཙོའི་ལྟ་བ་དེ་བརྡབ་གསིག་ཆེན་པོ་ཞིག་བྱུང་ནས་རྗེས་ལུས་སུ་གྱུར་སོང་བ་དེ་འདྲ་ཞིག་རེད། ཕྱིས་སུ་ལྟོས་བཅས་སྨྲ་བའི་ལྟ་བ་ལས་བརྒྱུད་རིག་གཞུང་ལྟ་བ་དར་ཁྱབ་ཆེན་པོ་བྱུང་ཡོད་རེད། གཞན་ཚན་རིག་ལ་ཡིད་ཆེས་བློ་གཏད་བྱ་མི་རུང་བའི་རྒྱུ་མཚན་གཅིག་གང་རེད་ཟེར་ན། ཚན་རིག་ཟེར་བ་དེ་འགྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་ཡིན་དུས་ལྟ་བ་ཞིག་འཛིན་ནས་འདུག་ས་ཞིག་ཡོད་མ་རེད་ལྟ་བ་གསར་པ་ཞིག་གཏན་ལ་ཕབ་ཟིན་ནས་ལོ་འགའི་རྗེས་སུ་དེ་ལ་ཚོད་ལྟ་གསར་པ་ཞིག་དར་ཡོང་བ་དེས་སྔ་མ་དེ་སུན་འབྱིན་འགྲོ་གི་རེད། གལ་སྲིད་ཚན་རིག་ལྟ་བ་ཚད་མར་འཛིན་དགོས་ན་་ཚིག་རྐང་དེ་དག་ལ་ལན་ཡང་དག་ཅིག་ཡོད་དགོས་རེད། གལ་ཏེ་རིག་གསར་བློ་དེ་ཚད་ཡིན་ན། སྔ་མའི་རྙེད་དོན་ཕྱི་མས་བཤིག་དེ་ཅི།། གལ་ཏེ་ཕྱི་མས་སྒྲོ་འདོགས་ཆོད་ཡོད་ན། ད་རུང་དེ་ལ་ཞིབ་འཇུག་བྱེད་དོན་ཅི།། ཚིག་རྐང་དེ་དག་ལ་ལན་ཡང་དག་ཅིག་མེད་ན་ཚན་རིག་ལྟ་བར་ཚད་མར་འཛིན་རྒྱུ་ཧ་ཅང་ཁག་པོ་རེད། ནུས་རྡུལ་དངོས་ཁམས་རིག་པའི་ལྟ་བ་རྒྱུད་རིག་གཞུང་གི་རྒྱུད་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་གྱིན་ཡོད་རེད་ཟེར་ན་ཚང་མས་གཞི་ཡི་གནས་ཚུལ་ལ་གོ་བ་ལེན་གྱིན་ཡོད་རེད། གཞན་པ་དངོས་གཙོ་བ་དག་གིས་དངོས་པོའི་རྩོམ་གཞི་རྡུལ་ཕྲན་རེད་ཟེར་བ་དེ་མ་རེད་རྒྱུད་རེད་ཟེར་གི་ཡོད་རེད། རྒྱུད་དེ་སྣ་ལ་ཡོད་པའི་ཕྲད་ལ་ཅུང་ཟད་ཙམ་ཡང་མེད་པའི་དབང་པོ་ལྔའི་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ཡོད་ཟེར་ནས་བཤད་གི་ཡོད་རེད། རྒྱུད་རིག་གཞུང་དེ་ལའང་མི་འདྲ་བ་ལྔ་ཡོད་རེད། དེ་དག་རེ་རེས་དངོས་པོའི་གནས་ཚུལ་གཏན་ལ་ཕབ་ཐུབ་བམ་ཟེར་ན་ཐུབ་ཀྱི་མི་འདུག་ཟེར་ནས་ལྔ་རེ་རེ་ལ་བློ་ཁེལ་གི་ཡོད་མ་རེད། ནུས་རྡུལ་དངོས་ཁམས་འདི་དར་ནས་བཟུང་ད་ལྟའི་བར་དུ་ཚོད་ལྟ་གསར་པ་མང་པོ་ཞིག་དར་དང་དར་བཞིན་ཡོད་རེད། འདི་ལ་སྔ་མའི་ཚན་རིག་དང་མི་འདྲ་བའི་ཁྱད་ཆོས་གསར་པ་ཞིག་ཡོད་རེད། ཚོད་ལྟ་གསར་པ་དེ་དག་གིས་བཤད་པ་སྔ་མ་དག་སུན་མི་འབྱིན་པའི་ཁར་དེ་དག་བདེན་པའི་ར་སྤྲོད་བྱེད་ཡོང་གི་ཡོད་རེད། ཡིན་ན་ཡང་རྒྱུད་རིག་གཞུང་ལྔ་པོ་རེ་ལ་སྐྱོན་རེ་དང་ཡོན་ཏན་རེ་རེ་ཡོད་པས་ལྔ་པོ་རེ་རེ་ཡིས་ལྟ་བ་གཅིག་གཏན་ལ་ཕབ་ཐུབ་གི་ཡོད་མ་རེད། བསམ་བློ་གཏོང་ས་གཅིག་ཡོད་རྒྱུ་དེ་རྒྱུད་རིག་གཞུང་ལྔ་པོ་དེ་ཕྱོགས་གཅིག་བསྒྲིལ་ནས་ལྟ་བ་གཅིག་རེད་ཐུབ་ན་དེས་དངོས་པོའི་གནས་ཚུལ་གཏན་ལ་ཕབ་ཐུབ་པའི་རེ་བ་ཡོད་རེད་ཟེར་ནས་བཤད་གི་ཡོད་རེད། རྒྱུད་རིག་གཞུང་དེ་དག་ལ་བརྟེན་པའི་སློབ་གསོ་ཞིག་དེང་སང་དར་ཡོང་གི་ཡོད་རེད་དེ་ཞོགས་དུང་ཁོང་ཚོའི་དུས་ལ་དེ་འདྲ་ཞིག་གོ་མྱོང་མེད་པས་ཁོང་ཚོས་སྐྱབས་བཅོལ་ས་དངོས་གཙོའི་འཕེལ་འགྱུར་སྨྲ་བའི་ལྟ་བ་དེ་མ་གཏོགས་ཡོད་མ་རེད། དེ་ལ་གཏིང་ཟབ་མིན་ཅི་འདྲ་ཞིག་ཡོད་ཚང་མས་ཤེས་གསལ་རེད། འཛམ་གླིང་རྒྱལ་ཁབ་ནང་ནས་དངོས་གཙོའི་ལྟ་བ་ཞེན་ཆགས་ཆེས་ཆེ་ཤོས་རྒྱ་ནག་ལས་ཡན་མེད་པ་རེད་དེ་ཉིས་སྟོང་བརྒྱད་ལོ་ནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཡོད་རེད། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དང་དངོས་གཙོའི་ལྟ་བ་གཉིས་མེ་ཆུ་ལྟ་བུ་འགལ་ཟླ་ཡིན་པ་རེད། རིག་གནས་གསར་བརྗེ་སྐབས་སུ་ཕར་རྩ་མེད་གཏོང་རྒྱུ་དེ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་རེད་ཚུར་དར་སྤེལ་གཏོང་རྒྱུ་དེ་དངོས་གཙོའི་ལྟ་གྲུབ་རེད། ཡིན་ན་ཡང་། ཉིས་སྟོང་བརྒྱད་ལོ་ནས་རྒྱ་ནག་གཞུང་སྒེར་གཉིས་ཀས་ཚུར་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་གི་ཡོད་རེད། ཉིས་སྟོང་དགུའི་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སྲོལ་འབྱེད་ཁུང་ཙིའི་སྐུ་འདྲ་ཆེན་པོ་ཞིག་ལས་ཡོང་བ་རེད། དེ་ལ་མི་དམངས་ཡོངས་རྫོགས་ཀྱིས་དགའ་མོས་ཆེན་པོ་བྱས་པ་རེད། ཡིན་ན་ཡང་ཟླ་བ་གཉིས་ཙམ་རྗེས་ནས་ཕར་བླངས་པ་རེད། དེ་བླངས་མ་བླངས་གནད་དོན་ཆེན་པོ་མ་རེད། ད་སྐབས་རྒྱ་ནག་ནང་གང་སར་ཁུང་ཙིའི་སློབ་གསོ་དར་སྤེལ་བཏང་དང་གཏོང་བཞིན་པ་རེད། དེ་ཤུགས་ཆེན་དར་སྤེལ་གཏོང་ཡོང་དུས་ཞོར་དུ་དོན་དག་ཅི་ཞིག་གོ་རྒྱུ་ཡོད་རེད་ཟེར་ན་དངོས་གཙོའི་དེ་ས་ཆོད་ཆེན་པོ་ཞིག་མེད་པ་ཤེས་ཡོང་གི་ཡོད་རེད། འཛམ་གླིང་སུ་གང་དགོས་མཁོ་མེད་པའི་རྒྱུའི་ལྟ་གྲུབ་རྙིང་པ་དེ་ང་རང་ཚོ་བོད་མི་ཁ་ཤས་ཀྱིས་ཡར་རྒུམ་ནས་རྩ་ཆེན་བརྩི་འདུག་གི་ཡོད་རེད།དེ་དག་ལ་སྙིང་པོ་ཆེན་པོ་ཞིག་ཡོད་མེད་ཞིབ་ལྟ་ཞིག་བྱས་ན་ཧ་གོ་རྒྱུ་ཞིག་རེད། དེ་དག་ཚིག་འབྲུ་རེ་རེ་ནས་དགག་པ་བརྒྱབས་བསྡད་ན་མི་ཚེ་སྟོང་ཟད་གཏོང་ཚུལ་ཞིག་ལས་གང་ཡང་ཡོད་མ་རེད།  ང་རང་ཚོ་ཁ་རོག་བསྡད་པ་ཡིན་ན་ཁོ་ཚོས་བཤད་པའི་སྐད་ཆ་དག་གད་སྙིགས་ཤིག་ལས་ཅི་ཡང་མིན་པ་དེ་འཛམ་བུ་གླིང་གིས་ཚུར་བཤད་ཡོང་རེད། ད་ལྟ་དར་བཞིན་པ་ནུས་རྡུལ་དངོས་ཁམས་དེ་སྲོལ་རྒྱུན་རིག་གནས་དང་མཐུན་ཆ་ཆེན་པོ་ཡོད་རེད། གཅིག་སྟོང་དགུ་རྒྱ་བརྒྱད་ཅུ་གྱ་གཉིས་ལོར་འཛམ་གླིང་མཉམ་འབྲེལ་རྒྱ་ཚོགས་ཀྱིས་ནོར་བྷེའི་བྱ་དགའ་ཐོབ་མྱོང་མཁན་ཚན་རིག་པ་བརྒྱད་ཅུ་དགུ་བཅུ་ཞིག་བསྡུས་ནས་ཚོགས་འདུ་ཆེན་པོ་ཞིག་འཚོགས་ནས་ཚན་རིག་པ་དེ་དག་གིས་འཛམ་བུ་གླིང་འདི་འགྲོ་ལུགས་འདུག་ལུགས་ཅི་འདྲ་ཞིག་བཟོ་དགོས་མིན་ཐད་ནས་གྲོས་བསྡུར་ཞིག་བཟོས་པ་རེད། འཛམ་བུ་གླིང་འདི་གཅིག་སྟོང་དགུ་རྒྱ་བརྒྱད་ཅུ་ནས་འགྲོ་སྟངས་འགྲིག་གི་མེད་པར་ཤེས་ཡོང་གི་ཡོད་རེད། ས་གཞི་རླུང་དང་བར་སྣང་དག་འབག་བཙོག་གིས་སྦགས་ནས་འཕྲོ་བརླག་གྱུར་པ་དང་ཐོན་ཁུངས་ནུས་མེད་དུ་གྱུར་པ་སོགས་དཀའ་ཁག་རབས་དང་རིམ་པར་མདུན་དུ་ཐོན་ནས་བྱ་ཐབས་མེད་པར་གྱུར་ཡོང་གི་ཡོད་པར་ཤེས་ནས་ཚོགས་འདུ་དེ་འདྲ་ཞིག་བསྐོང་དགོས་ཐུག་པ་རེད། དེ་དག་རྒྱུ་རྐྱེན་གང་གིས་བྱུང་བ་རེད་དམ་ཞེ་ན་འཛམ་བུ་གླིང་གི་མི་དག་གི་བསམ་པའི་ཁ་ཕྱོགས་ནོར་བའི་རྒྱུ་རྐྱེན་གྱིས་བྱུང་བ་གསལ་པོ་རེད། ད་སྐབས་མི་དག་གིས་བཤད་རྒྱུར་ད་ལྟ་སྤྱི་ཚོགས་རིག་གནས་དཔལ་འབྱོར་སོགས་ཚད་མཐོ་བའི་ཡར་རྒྱས་ཆེན་པོ་འགྲོ་གི་ཡོད་རེད་ཟེར་ནས་འུར་སྒྲོག་ཆེན་པོ་བཟོ་གི་ཡོད་རེད། དཔལ་འབྱོར་གོང་འཕེལ་ཇི་ཙམ་སོང་ཡོད་མེད་ཉིས་སྟོང་དགུའི་འཛམ་གླིང་སྙན་ཞུའི་ནང་ལྟ་ཡོང་དུས་འཛམ་བུ་གླིང་ལ་དབུལ་པོ་དུང་ཕྱུར་བཅུ་དང་ཁྲི་སྟོང་ཕྲག་གཉིས་ཡོད་པ་རེད།

དེ་དག་གིས་དཔལ་འབྱོར་གོང་འཕེལ་ཅི་ཙམ་སོང་ཡོད་མེད་ཁ་གྲགས་ཡོང་གི་ཡོད་རེད། ད་ནི་ཚུར་སྲོལ་རྒྱུན་རིག་གནས་ཕྱོགས་ལ་ཁ་ཞིག་མ་བསྐོར་ན་ཉེན་ཁ་ཅན་ལ་ཐུག་བསྡད་ཡོད་ས་རེད། འཛམ་གླིང་ཚན་རིག་མཁས་ཅན་དང་ཆབ་སྲིད་མཁས་ཅན་དག་གིས་སྲོལ་རྒྱུན་རིག་གནས་ཕྱོགས་ལ་ཚུར་ཁ་བསྐོར་དགོས་པའི་རྒྱུ་མཚན་ཤེས་འདུག་གི་ཡོད་རེད། རྒྱུ་མཚན་དེ་དག་གིས་རྒྱ་ནག་གིས་ཀྱང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་གི་ཡོད་རེད། ང་རང་ཚོ་ཡང་འུར་འདྲོགས་བཟོས་ན་དགེ་མཚན་ཆེན་པོ་གང་ཡང་ཡོད་མ་རེད། གཅིག་ནས་འདི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཡིན་དུས་བསྲེ་ལྷད་བྱེད་ཉན་མ་རེད། གྲྭ་ཆུང་ཐམས་ཅད་ཀྱང་ཕ་མ་རྒྱབ་ཏུ་བཞག་ནས་ས་ཐག་རིང་འདི་ན་ཆོས་ཅུང་ཟད་རེ་ཨེ་ཤེས་བསམས་ནས་སླེབས་ཡོང་པ་ཤ་སྟག་ཡིན་དུས་འདི་ཚོ་ཡང་མགོ་སྐོར་ཉན་མ་རེད་བསམ་གྱིན་འདུག གལ་སྲིད་འདྲ་མིན་བཤད་དགོས་གི་འདུག་བསམས་ན་ཡང་ཆོས་སྡེ་དག་གི་ནང་དུ་དེ་འདྲའི་སྐད་ཆ་བཤད་ཉན་མ་རེད། མགོ་སེར་དག་གི་སྐད་ཆ་བཤད་སྟངས་བྱས་ན་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པ་ལྟ་བུ་ཆགས་གི་ཡོད་རེད། གཞན་གྱི་དད་མོས་ལ་རྡོག་བརྫིས་གཏོང་རུང་གི་མ་རེད། དེ་དག་གི་སྐད་ཆ་ལ་སྙིང་པོ་ཡོད་མེད་བསམ་བློ་ཞིབ་ཚགས་བྱས་ནས་ཐོངས་དང་མི་གོ་རྒྱུ་ཆེན་པོ་གང་ཡང་ཡོད་མ་རེད། ཡེ་ཤེས་སེང་གེ་དང་ཀུན་དགའ་རྒྱལ་མཚན་ཁོང་རྣམ་གཉིས་ཀྱང་ངེས་འབྱུང་སྐྱེས་ནས་ད་ལྟ་མཚམས་ལ་བཞུགས་བསྡད་ཡོད་རེད། ཚ་བ་མདའ་སྨྱུག་ཡང་འདི་ན་བཞུགས་དུས་གྲྭ་བ་ཧ་ཅང་ཡག་པོ་ཡོད་རེད། ནམ་རྒྱུན་རྩོད་པ་ཐུབ་བསྟན་དབང་གྲགས་དང་མཉམ་དུ་རྟག་པར་རྩོད་གི་རེད། ཁོང་གཉིས་འབྲེལ་འདྲིས་ཆེན་པོ་ཡོད་རེད། ཁོང་གཉིས་ཀ་སྙུང་གཞི་ཡི་རྐྱེན་པས་རྫོང་སར་ནས་ཕྱི་ལོགས་སུ་འགྲོ་དགོས་བྱུང་བ་རེད། ཕྱི་ལོགས་ནས་ཀྱང་ཁ་པར་གྱི་ལམ་ནས་ཕན་ཚུན་ཁ་བརྡ་འདྲ་བཟོ་གི་ཡོད་ས་རེད། ཉིན་ཞིག་ཕན་ཚུན་ཁ་བརྡའི་ཁྲོད་ནས་མདའ་སྨྱུག་ཁོང་གིས་དེབ་ཞིག་བརྩམས་བཞག་ཡོད་དེབ་སྔོན་མ་དེ་རྡོ་རྗེ་ལ་སྤར་རོགས་ལབ་བཞག་ཡོད་དེ་སྤར་ཚར་དུས་ད་ལྟ་བྲིས་བཞག་ཡོད་པའི་དེབ་འདི་བཀྲམ་རྒྱུ་ཡིན་ཟེར་ནས་བཤད་བྱུང་ཟེར། ཐུབ་བསྟན་དབང་གྲགས་ཁོང་གིས་དེབ་དེ་འདྲ་བཀྲམ་མ་འདུག   དགོས་པ་དང་རྒྱུ་མཚན་ཆེན་པོ་གང་ཡང་ཡོད་མ་རེད་ཟེར་དུས་མདའ་སྨྱུག་གིས་ཁྱོད་ཁ་རོག་སྡོད།   ང་རིགས་པ་སྨྲ་བ་ཡིན་དུས་འུ་གཉིས་གྲོགས་པོ་རེད་དེ་རིགས་པ་སྨྲ་བས་གྲོགས་པོ་དང་མི་ངོ་ལྟ་གི་མ་རེད་གལ་སྲིད་ཁྱོད་ལ་རིགས་པ་ཡོད་ན་ཁུར་ཤོག་དང་ཁས་ལེན།  དེ་མིན་གྲོགས་ཀྱི་མཛའ་བརྩེའི་སྐད་ཆ་དེ་དག་ཁས་རྩ་བ་ནས་ལེན་མི་ཐུབ་ཟེར་ནས་བཤད་སོང་ཟེར། ཐུབ་བསྟན་དབང་གྲགས་ཀྱིས་གལ་སྲིད་བཀྲམ་དགོས་ན་ལོ་འགའ་ཤས་ཕྱིར་འཐེན་བྱས་ནས་བསམ་བློ་ཞིབ་ཚགས་ཤིག་བྱེད་ན་ཟེར་དུས་མདའ་སྨྱུག་གིས་བསམ་བློ་མང་པོ་བཏང་ཚར་ཡིན་པས་བཀྲམ་རྒྱུ་ཡིན་ཟེར་ནས་བཤད་སོང་ཟེར། དེ་རྗེས་དེབ་བཀྲམ་ཚར་རྗེས་སུ་ཁོང་གཉིས་ཁ་བརྡ་བཤད་དུས་ཤིག་ལ་མདའ་སྨྱུག་སྐད་ཆ་བཤད་སྟངས་སེམས་མི་བདེ་བའི་ཉམས་འདྲ་ཧ་ཅང་དོད་འདུག་ཟེར། ཐུབ་བསྟན་དབང་གྲགས་ཀྱིས་མདའ་སྨྱུག་ད་དབྱིན་ཡིག་ཡག་པོ་ཞིག་སྦྱོངས་ཤོག་ཟེར་དུས་མདའ་སྨྱུག་གིས་ད་དབྱིན་ཡིག་ཡིན་ན་བདུད་སྐད་འདྲེ་སྐད་ཤེས་ཀྱང་ཅི་བཟ།  ཅི་ཚར་བ་ནི་ཚར་སོང་ཟེར་གི་འདུག་ཟེར། སྐད་ཆ་དེ་སེམས་ཁམས་ཅི་འདྲ་ཞིག་ཡོད་ལབ་གི་རེད་ཕལ་ཆེར་ཚང་མས་ཤེས་རྒྱུ་ཞིག་རེད། མཐའ་སེམས་ཁམས་དེ་འདྲ་ཞིག་གྱུར་ཡོད་རེད། ད་སྐབས་འདྲ་ཞིག་ལ་ཁོང་ཡོད་ན་ངས་ཕར་གོ་བརྡ་ཞིག་སྤྲད་ན་འཕྲོད་ཐུབ་རྒྱུ་རེད་བསམ་ཡོང་གི་འདུག ང་མཁས་པ་ཡིན་ཆེ་བའི་རྒྱུ་མཚན་མ་རེད།གཞན་རྒྱུ་མཚན་ཅི་རེད་ཟེར་ན་ཡི་གེ་དེ་བཀྲམ་ཚར་རྗེས་མཁན་པོ་ཚེ་བརྟན་གྱིས་གོ་སོང་ན་ཅི་དྲན་འགྲོ་ཡོང་ཟེར་ནས་ཐུབ་བསྟན་དབང་གྲགས་ཁོ་ལ་ལབ་སོང་ཟེར། གལ་སྲིད་མཁན་པོ་ཚེ་བརྟན་ཁོང་གི་མིག་ནང་དུ་ཡོད་ན་དེབ་དེ་བཀྲམ་རྒྱུ་མ་རེད། ཡིན་ན་ཡང་སྐད་ཆ་དེའི་ཐོག་ནས་ཧ་གོ་རྒྱུ་ཞིག་ཡོད། ཅི་རེད་ཅེ་ན་འཛམ་བུ་གླིང་ལ་མི་དུང་ཕྱུར་བདུན་ཅུ་ཐམ་པ་ཡོད་རེད་དེ་དག་གི་ནང་ནས་ངའི་མིང་གཅིག་པོ་བཤད་རྒྱུ་དེར་ང་མིག་ནང་ན་ཅི་ཙམ་མེད་ན་ཡང་སེམས་ནང་ནས་བརྗེད་ཐུབ་མེད་པའི་རྟགས་ཤིག་རེད། རྒྱུ་མཚན་དེ་ཡིས་ད་སྐབས་འདྲ་ཞིག་ལ་ཁོང་བཞུགས་ཡོད་ན་གོ་བརྡ་ཞིག་སྤྲད་ཐུབ་རྒྱུ་རེད་འདྲ་བསམ་ཡོང་གི་འདུག དེ་འདྲ་ཡིན་དུས་མི་དེ་ཚོ་ལ་འགྱོད་པ་ཇེ་ཆེ་ནས་ཇེ་ཆེ་ཡོང་བའི་སློབ་གསོ་དར་ཡོང་དུས་མི་དེ་དག་གིས་འགྱོད་བཤགས་བཟོ་ཚད་མེད་པའི་དུས་ཚོད་ལ་ཐུག་ཡོང་གི་རེད། དེ་འདྲ་ཐུག་ཡོང་དུས་ང་རང་ཚོ་ཡིན་ན་རེད།   ལྟ་བ་དེ་འདྲ་ཞིག་ལ་ཅི་འདྲ་དགོས་ས་རེད་བསམ་བློ་ཡག་པོ་ཞིག་གཏོང་དགོས་རེད། ཡིན་གཅིག་མིན་གཉིས་དེ་དག་གི་རྗེས་སུ་འབྲང་དགོས་ན་རང་གིས་རང་གི་ལྟ་གང་ཡིན་པ་དེ་ལག་ལེན་བཟོ་དགོས་རེད། འགྲོ་བ་མི་ཡི་དད་མོས་དང་དགའ་ཕྱོགས་ལ་བཙན་གནོན་མི་བྱེད་པར་རང་ཉིད་དང་མཐུན་པའི་སྤྱི་ཚོགས་སྟེང་དུ་འགྲོ་ནས་ལག་བསྟར་ངེས་པར་དུ་བྱེད་དགོས་རེད། རང་ཉིད་ཀྱིས་སྐྱབས་བཅོལ་སའི་རྩ་བ་དང་འགལ་ཡོང་གི་ཡོད་རེད། དེ་གཅིག་རེད། གཞན་ད་རུང་གཅིག་ཡོད་རེད། ང་ཚོ་བཤད་གྲྭ་ནས་ས་ཁུག་ལུང་ཁུག་བཤད་གྲྭ་དག་གི་ནང་ཕར་འགྲོ་ནས་རིག་གནས་སློབ་དགོས་རེད་རིག་གནས་མ་ཤེས་ན་བླུན་པོ་རེད།  རྨོངས་པ་རེད། སློབ་གྲྭ་ནང་སོང་རྒྱ་ཡིག་སློབ་དབྱིན་ཡིག་སློབས།  དེ་ཚོ་མ་ཤེས་ན་རྨོངས་པ་རེད་ཟེར་ནས་རྒྱུག་གི་འདུག ཡིན་ན་ཡང་། དེ་དག་བཤད་མཁན་དྲན་མཁན་ཐམས་ཅད་ཀྱིས་རིག་གནས་ཟེར་བ་གང་འདྲ་ཞིག་ལ་མཛུབ་མོ་བཙུགས་ན་བཙུགས་ས་ཞིག་ཡོད་དགོས་རེད། གལ་སྲིད་དེ་མེད་སོང་ན་བསླབ་དགོས་རྒྱུ་ཅི་ཞིག་ཡིན་མ་ཤེས་སོང་བ་རེད། ན་ནིང་ངས་འདི་ན་སློབ་ཕྲུག་དག་ལ་སུམ་ཅུ་པ་ཞིག་ཁྲིད་པ་ཡིན་དེ་དུས་ཞོར་འཕྲོ་ཞིག་སྐབས་སུ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་སྲོལ་འབྱེད་པ་ཁུང་ཙིའི་སྐད་ཆ་ལབ་རྒྱུ་རེད་སོང་དེ་དུས་ངས་སློབ་མ་དག་ལ་ཁུང་ཙི་སུ་ཡིན་ཨེ་ཤེས་ཟེར་ནས་དྲི་དུས་སློབ་མ་བརྒྱ་ཙམ་ཡོད་པའི་ནང་ནས་ཤེས་མཁན་གཅིག་མ་གཏོགས་མི་འདུག ངས་ཁོང་ཚོ་ལ་སྐད་ཆ་ཞིག་དྲིས་པ་ཡིན།  ཁྱོད་ཚོས་བོད་ཀྱི་རིག་གནས་དང་རྒྱ་ནག་གི་རིག་གནས་ནི་ཤེས་གི་མི་འདུག  མི་ལོ་བཅུ་ཙམ་ལ་སློབ་གྲྭ་སོང་ནས་ཅི་ཞིག་སྦྱངས་པ་ཡིན་ཟེར་ནས་བཤད་པ་ཡིན། ཁོང་ཚོ་ཁུ་སིམ་མེར་འདུག་རྒྱུ་ལས་ལན་གང་ཡང་སྦྱིན་མ་སོང་། དོན་དངོས་སྟེང་ནས་སྐད་ཆ་དེ་ལ་ལན་ཞིག་སྤྲད་དགོས་ན་ཧ་ཅང་སླ་མོ་ཞིག་རེད། ང་ཚོས་རྒྱ་ཡིག་ཚིག་འབྲུ་སྟོང་ཙམ་ཞིག་མ་གཏོགས་བོད་དང་རྒྱ་ནག་གི་རིག་གནས་མ་བསླབ་པས་ཅི་ཞིག་ཤེས་ཡོང་།  གཞན་ཅི་ཞིག་སྦྱངས་པ་ཡིན་ཟེར་ན་ཕྱི་རྒྱལ་གྱི་རིག་གནས་དག་དག་བསླབ་བསྡད་པ་རེད། རིག་གནས་གསར་བརྗེ་རྒྱ་ནག་གི་ཡུལ་དུ་སྔ་མོ་ཞིག་ནས་བཟོས་པ་རེད། ཀྲུང་ཧྭ་མེས་གོས་ལྕགས་ཕག་ལོར་གསར་བརྗེ་བྱས་ནས་རྒྱ་ནག་གོང་མ་ཁྲི་ནས་མར་ཕབ་ཡོང་པ་རེད། རིག་གནས་གོ་བདེའི་དབང་དུ་བཤད་ན་ཟ་མ་བཟའ་ཚུལ་ནས་འདུ་ཤེས་འཛིན་ཚུལ་གྱི་བར་ལ་རིག་གནས་ཟེར་བ་རེད། ང་རང་ཚོའི་ཟ་མ་བཟའ་ཚུལ་ནས་འདུ་ཤེས་འཛིན་ཚུལ་གྱི་བར་སྤྱོད་པ་དག་ནོར་བ་རེད་ཟེར་ནས་ཕྱི་རྒྱལ་མགོ་སེར་གྱི་ལྟ་སྤྱོད་དེ་དག་ཚུར་དང་དུ་ལེན་དགོས་རེད་ཟེར་གི་ཡོད་རེད། ན་ནིང་རྒྱ་ནག་གི་གསར་འགྱུར་ཞིག་གི་ནང་དུ་གསར་བརྗེ་ཡི་ཆེད་དུ་དཔའ་བོ་ཁྲི་སྟོང་ཕྲག་གཉིས་ཀྱིས་རང་སྲོག་བློས་གཏོང་བྱས་ཡོད་རེད་ཟེར་ནས་བཤད་འདུག དེ་ནང་ནས་དཔའ་བོ་ཁྲི་སྟོང་ཕྲག་གཅིག་དང་བརྒྱད་བརྒྱ་ཐམ་པའི་མིང་རེ་རེ་ནས་ད་ལྟ་འདོན་རྒྱུ་ཡོད་པ་རེད་འདུག རྒྱ་ནག་པ་དག་གིས་མགོ་ཡི་སྐྲ་ནས་གྱོན་རྒྱུ་དང་བཅས་པར་གསར་བརྗེ་བྱས་བཞག་པ་རེད། སློབ་གྲྭ་དག་གི་ནང་དུ་རྒྱ་ཡིག་ཚིག་འབྲུ་འགའ་མ་གཏོགས་ནང་དོན་ཡོད་ཚད་ཕྱི་རྒྱལ་གྱི་རིག་གནས་དག་དག་རེད། ད་སློབ་གྲྭ་ནང་དུ་མ་སོང་ན་རིག་གནས་ཤེས་མ་རེད་རྨོངས་པ་རེད་ཟེར་བའི་སྐད་ཆ་དེ་གང་འདྲ་ཞིག་ཡིན་པར་གོང་གི་གནད་འགག་དེ་དག་ལ་བསམ་བློ་བཏང་ན་གོ་རྒྱུ་ཞིག་ཡོད་རེད། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་དེབ་གཙོ་སྒྲིག་བཟོ་མཁན་གྱི་ལས་ཁུངས་ཤིག་ཡོད་རེད།   དེའི་ལས་ཁུངས་ཀྱི་དཔོན་པོ་དེ་ལ་ན་ནིང་རྒྱ་ནག་གསར་འགྱུར་ལས་ཁུངས་ཤིག་གིས་དྲི་བ་ཞིག་བཀོད་འདུག དྲི་བ་དེར་ལན་ཞིག་སློབ་དེབ་གཙོ་སྒྲིག་པའི་དཔོན་པོ་དེས་བཏབ་འདུག རྒྱ་ནག་གི་རྒྱ་ཡིག་སློབ་དེབ་ནང་ནས་ད་ལྟའི་དུས་རབས་དང་ཚན་རིག་དག་དང་མཐུན་པའི་སློབ་འོས་ཅི་ཙམ་འདུག་ཟེར་ན་བརྒྱ་ཆ་ལྔ་བཅུ་ཐམ་པ་དེ་སྐྱོན་མེད་ཙམ་དང་བརྒྱ་ཆ་ལྔ་བཅུ་དེ་སློབ་མི་འོས་པ་ཤ་སྟག་རེད་འདུག་ཟེར་ནས་བཤད་འདུག་དེ་དག་སློབ་དེབ་རྩོམ་སྒྲིག་པ་དག་གིས་ཤེས་ཡོན་གྱིས་མ་འདང་པར་མ་ཡིན་པར་དུས་ཚོད་འགྱུར་བའི་དབང་གིས་རེད། ད་ལྟ་ཁོང་ཚོས་སློབ་དེབ་གསར་པ་ཞིག་གཙོ་སྒྲིག་བྱས་བཞག་ཡོད་པ་དེ་རྒྱལ་ཁབ་སློབ་གསོ་ཅུས་ལ་གསན་འབུལ་ཞུས་ནས་གལ་སྲིད་མཆོག་མཆན་གནང་ཡོང་ན་སང་ལོར་ཟླ་བ་དགུ་བའི་ཚེས་གཅིག་ནས་སློབ་གྲྭ་ཁག་ཏུ་བཀྲམ་ཡོང་རྒྱུ་ཡིན་ཟེར་ནས་བཤད་འདུག དོན་དག་དེས་ཧ་གོ་རྒྱུ་ཅི་ཞིག་ཡོད་རེད་ཟེར་ན་མི་དེ་ཚོའི་མི་ཚེའི་རིན་ཐང་གི་ལྟ་བ་དུས་རབས་འདི་ལ་ལྟོས་ན་རྗེས་ལུས་ཡིན་པར་བསྟན་གི་ཡོད་རེད། ངས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ངན་པ་བཤད་བསྡད་པ་དེ་འདྲ་མིན།  རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་རྙིང་པ་བསྐྱུར་ནས་གསར་པ་བརྗེ་ཡོང་གི་ཡོད་པས་ང་ཚོས་ཀྱང་རྙིང་པ་དེ་དག་འཐམས་ནས་མི་འདུག་པ་གསར་པ་དང་དུ་ལེན་དགོས་གི་རེད་ཟེར་གི་ཡོད། ང་ཚོ་བོད་མི་རིགས་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་བྱིན་རླབས་ཞུགས་ཡོད་པ་དག་དག་རེད། དེ་དག་རྗེས་ལུས་རེད་ད་སྔོན་ཐོན་བཟོ་དགོས་ཟེར་མཁན་དག་མགོ་རུལ་བ་སྣ་ཡིས་མི་ཚོར་བའི་ལོ་རྒྱུས་ལས་མ་འདས་པ་རེད། བོད་མི་རིགས་ཀྱི་རིག་གནས་སྔོན་ཐོན་ཞིག་མ་གཏོགས་རྗེས་སུ་གང་ཡང་ལུས་ཡོད་མ་རེད། ཁར་སང་ཉིན་འགའི་སྔོན་ནས་འདི་ན་གནས་ཚུལ་ཞིག་འདུག་དེས་ཀྱང་ང་ཚོ་སྔོན་ཐོན་དང་རྗེས་ལུས་གང་ཡིན་གསལ་བཤད་ཆུང་ཆུང་ཞིག་བྱེད་ཐུབ་ས་རེད། འདི་ཉེ་འགྲམ་འདི་ན་པེ་ཅིང་གི་རྒྱ་ཞིག་སླེབས་འདུག་དེ་ས་འོག་མེ་འཁོར་ལམ་ཐིག་བཞི་པ་དང་ལྔ་པའི་ལས་ཁུངས་ཀྱི་རྒྱ་ཞིག་རེད་འདུག ཡོང་དོན་པར་ཁ་ཤས་འཚོལ་དུ་ཡོང་བ་རེད་འདུག ད་སྔོན་བར་དུ་བརྙན་འཕྲིན་དག་གི་ནང་དུ་ཚོང་ལས་ཤ་སྟག་ཁྱབ་བསྒྲགས་བྱས་པ་རེད་ད་སྤྱི་དམངས་ལ་ཕན་པའི་ཁྱབ་བསྒྲགས་ཤིག་བཟོ་ཡོང་གི་ཡོད་ས་རེད། པེ་ཅིང་ནས་སེམས་ཁམས་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱི་དོན་དུ་འདི་ན་ཡོང་བ་རེད་འདུག ཉིས་སྟོང་བཅུ་གཉིས་ལོའི་གློག་བརྙན་དེ་མ་ཡའི་ལོ་ཐོ་ལ་གཞི་བཅོལ་ནས་བཟོས་པ་ཞིག་རེད། དེའི་ནང་དུ་སའི་གོ་ལ་འཇིག་འགྲོ་ཚུལ་གྱི་བརྗོད་གཞི་བྱས་ཡོད་རེད། གློག་བརྙན་ནང་དུ་ཕྱུག་བདག་དང་དཔོན་རིགས་ཆེན་པོ་མང་པོ་ཞིག་གནམ་གྲུ་ཞིག་གི་ནང་དུ་བསྡད་ནས་གནམ་གྲུ་དེ་བོད་ཡུལ་དུ་འཕུར་ཡོང་བ་དེ་འདྲ་ཞིག་ཡོད་རེད་གློག་བརྙན་འཁྲབ་འཁྲིད་པ་དེའི་བོད་ཅི་ལ་དྲན་ཡོང་བ་རེད། བོད་རྗེས་ལུས་ཡིན་ཆེ་སོང་བས་དྲན་ཡོང་བ་དེ་འདྲ་ནི་ཡིན་རྒྱུ་མ་རེད། བོད་ཡུལ་འདི་རི་མཐོ་ས་གཙང་དུག་རྫས་ཀྱིས་འབག་བསླད་མ་ཞུགས་པའི་དྭངས་གཙང་གི་ཆུ་བོ་སོགས་ཡིད་དུ་འོང་ཞིང་ཉམས་དགའ་བའི་ཁོར་ཡུག་ཡིན་པ་དང་།   དེར་མ་ཟད་ང་ཚོ་བོད་མི་རིགས་ཀྱི་བསམ་བློ་ཡག་ཆེ་སོང་བས་རེད་མ་གཏོགས་གཞན་རྒྱུ་མཚན་ཆེན་པོ་ཅི་ཡང་ཡོད་མ་རེད་སྙམ། ད་སྐབས་འཛམ་གླིང་མི་རིགས་རྣམས་རྒྱུག་རྒྱུག་གི་མཐར་ཚུར་ཁ་བསྐོར་ཡོང་བའི་དུས་ཚོད་འདིར་ང་ཚོ་བོད་མི་རིགས་ཀྱི་རིག་གནས་འདི་རྗེས་སུ་ལུས་སྲིད་གི་མ་རེད། གལ་སྲིད་ལུས་སོང་ན་དངོས་སུ་ང་ཚོ་ལྟ་ས་ཡོང་དོན་ཅི་ཡང་ཡོད་མ་རེད། མདོར་ན་རིག་གནས་སྦྱོང་དགོས་ཟེར་དུས་ནང་དོན་ལ་ཡག་པོ་ཞིག་བསམ་གཞིག་བྱ་དགོས་རེད། དངོས་བྱེད་ན་ཆོས་པ་ཞིག་ཡིན་ན་ཆོས་བཤད་འདུག་ན་ཆོག་གི་རེད་དེ་ཡིན་ན་ཡང་དེང་སང་མང་པོ་ཞིག་ལ་འུ་རུ་འུ་ར་མང་པོ་ཞིག་མ་བཤད་ན་བསྡད་ཐུབ་གི་ཡོད་ས་མ་རེད། འུ་རུ་འུ་ར་མང་པོ་ཞིག་བཤད་ཡོང་དུས་སྔོན་ཐོན་གང་ཡིན་པ་དང་རྗེས་ལུས་ཅི་ཞིག་ཡིན་པ་སོགས་ཤེས་གི་མི་འདུག་པས་དེ་དག་ལ་བསམ་བློ་ནན་ཏན་གཏོང་དགོས་ས་རེད་བསམ་བྱུང་། ངས་འདི་ན་འཛམ་གླིང་གི་འགྲོ་ཚུལ་ཉུང་བསྡུས་མ་གཏོགས་རིགས་ལམ་སོགས་གང་བཤད་མེད། ང་ཚོ་འཛམ་གླིང་འགྲོ་ལམ་གང་གི་ཕྱོགས་སུ་འགྲོ་དགོས་དེ་དག་ཧ་གོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གི་འདུག དེ་དག་མ་ཤེས་པར་མི་མང་པོ་ཞིག་གིས་འདྲ་མིན་སྣ་ཚོགས་བཤད་བསྡད་ན་བོད་རིགས་བདེན་ཁ་ཅུང་ཙམ་ཡང་མོ་ཡོད་པས་བདེན་པ་རེད་དྲན་འགྲོ་གི་རེད། ང་ཚོ་བཤད་གྲྭ་ནང་ནས་ཡང་ས་ཁུག་བཤད་གྲྭ་དག་གི་ནང་འགྲོ་ནས་འདྲ་མིན་བཤད་འདུག་མཁན་མང་པོ་ཡོད་ས་རེད་དེ་དག་གིས་ཐུགས་བསམ་ཞིབ་ཕྲ་བྱེད་ནས་སྐད་ཆ་བཤད་ན་ཡག་པོ་ཡོད་ས་རེད་དྲན་བྱུང་། མ་གཞི་ནས་ངས་འདི་ན་བཤད་ཚད་ལ་བདེན་དུ་གཟུང་དགོས་ཟེར་གི་མེད་ཡིན་ན་ཡང་དེ་དག་ལ་བསམ་གཞིགས་ཤིག་བྱེད་རོགས་ཟེར་བ་དེ་ཡིན། གཙོ་ཆེ་བ་མཁན་པོ་དང་དགེ་རྒན་དག་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེ་དག་གི་ཁ་ལ་ཉན་རྒྱུ་གལ་ཆེན་པོ་རེད། གཞན་པ་འདི་ན་ཞུ་དགོས་རྒྱུ་སྐད་ཆ་མང་པོ་ཅི་མེད་པས་དེ་ཙམ་ཡིན།།

ཡིག་འགོད་པའི་གཏམ།
འུར་ཟིང་དང་རྙོག་འཛིང་ཆེ་བའི་དུས་འདིར་ཡོད་ཚད་གྱི་བསམ་པའི་ཁ་ཕྱོགས་གྱང་ཁའི་རྩྭ་བཞིན་ཁེར་ཚུགས་མེད་པའི་སྐབས་འདིར་ནང་པའི་རྗེས་འཇུག་ཅིག་ཡིན་ན་གྲགས་པའི་རྗེས་སུ་འདུར་རྒྱུགས་ལ་མི་བྲེལ་བར་མ་མཐའ་ཡང་སྒེར་ཚུགས་གྱི་བསམ་བློའི་ཁ་ཕྱོགས་རེ་ཡོད་རྒྱུ་གལ་ཆེན་ཡིན་པས་རྫོང་སར་མཁན་པོ་ཚེ་བརྟན་ལགས་ཀྱིས་དེང་དུས་ཀྱི་དགེ་སྦྱོང་འུར་སྒྲོག་པ་དག་གིས་གོ་དགོས་པའི་བཀའ་སློབ་རྣ་ལམ་འགྲོ་པོ་མང་དག་ཅིག་གསུང་འདུག་པས་དཀའ་ཚེགས་དང་ངལ་དུབ་ལ་མ་འཛེམ་པར་དགུན་ཁའི་གུང་སེང་སྐབས་སུ་རང་ཁྱིམ་དུ་ཡི་གེར་ཕབ་ཡིན། བརྗོད་པ་མི་བདེ་བ་དང་ཚིག་དོན་སྔ་ཕྱི་ནོར་བ་སོགས་ཡོད་ངེས་ཡིན་པས་ཀློག་པ་པོ་དག་ལ་དགོངས་དག་ཞུ།།

སྤྱི་ལོ།2016/2/27
གླིང་ཚང་ལོ་མ་སེར་པོས།།