ཁར་ཉིན་ཁོ་བོས་ “སློབ་མ་ན་གཞོན་རེ་སློབ་གྲྭ་ནས་གཏན་འབུད་བྱེད་པ་ལས་དགེ་རྒན་སྒེར་གཅོད་པ་རེ་རེ་ལས་གནས་ནས་བུད་ན་ཕན་ཆེ།” ཞེས་པའི་རྩོམ་ཡིག་ཅིག་ཕྱེད་རབ་བཏགས་བརྩམས་སྒྲུང་དང་། ཕྱེད་གསར་འགྱུར་རྩོམ་ཡིག་གི་ལམ་ནས་བྲིས་པའི་འབོལ་རྩོམ་ཞིག་བཙན་པོའི་དྲ་བར་བཀོད་པ་དང་། རྩོམ་ཡིག་དེ་དྲ་ངོས་སུ་བཀོད་ནས་ཡུན་རིང་མ་སོང་བར་བཀླག་མཁན་ཡང་གང་འཚམས་ཤིག་བྱུང་ཡོད་པ་འདྲ། ཀློག་པ་པོའི་གྲས་སུ་ཁྱི་རྟ་ཕྱོགས་རྒྱུགས་འགའ་ཞིག་དང་དོན་དམ་གནས་ལུགས་ལ་དགའ་བའི་རིགས་གཉིས་འབྱུང་གི་ཡོད་པ་གང་ལྟར་དྲང་ལྡོག་གཉིས་ངོས་ནས་རྩོམ་ཡིག་དེ་བཀླག་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བློ་ཕམ་པ་ཞིག་ལ་གུས་པའི་རྩོམ་ཡིག་དེར་མཚོན་ཐབས་གྱ་ནོམ་པ་དང་འབྲི་སྟངས་ཕུན་སུམ་ཚོགས་པོ་མ་བྱུང་བའི་དབང་གིས་མ་བསམས་ས་ནས་རེབ་གོང་མི་རིགས་སློབ་འབྲིང་གི་ཕྱག་ལས་གནངས་སྟངས་སྐོར་ལ་ཕོག་ཐུག་བཟོས་ཡོད་ཚུལ་དེ་རིང་སྔ་དྲོར་གཞི་ནས་ཤེས། དོན་དམ་ངས་བྲིས་པའི་རྩོམ་ཡིག་དེ་བརྒྱ་ཆ་བརྒྱ་ནོར་བ་ཡིན་པའི་ངོས་ལེན་ནམ་ཡང་མེད་མོད། ཉེས་མེད་ལ་བསྙོན་འཛུགས་ལྟ་བུར་གྱུར་པའི་དོན་དག་རེ་ཟུང་བཤད་ཐལ་དུ་སོང་བར་འདོད་ནས་རྩོམ་ཡིག་དེ་དྲ་ངོས་ནས་གསུབས་ཟིན་པ་དང་། རྩོམ་ཡིག་དེས་ཕོག་ཐུག་བཟོས་པ་དག་ལ་མཐོལ་བཤགས་བྱེད་རྒྱུ་ཡིན། མི་ཞིག་གི་མི་ཚེའི་ནང་ནོར་འཁྲུལ་གཅིག་ཀྱང་འབྱུང་དུ་མི་འཇུག་ཚེ་ལས་ཀ་གཅིག་ཀྱང་མ་བྱས་པར་འདུག་རྒྱུ་དེ་ཡིན་ན་ཡང་། གུས་པ་ནི་ལྟོ་བ་རྒྱགས་ཙམ་དང་ཁ་རྒྱབ་དྲོ་ཙམ་གྱིས་འདུག་ཐུབ་མཁན་དེ་མིན་པས་ད་ཐེངས་ཀྱི་ནོར་འཁྲུལ་འདི་བྱུང་བ་རེད། འོན་ཀྱང་རང་ངོས་ནས་ནོར་འཁྲུལ་ངོས་འཛིན་ཐུབ་པ་ང་རྒྱལ་དུ་འདོད་མཁན་ཞིག་ཡིན་པའི་ཆ་ནས་མཐོལ་བཤགས་འདི་བྱས་པ་ཡིན་ལ། སློབ་གྲྭ་དེར་ཡུན་ཐུང་རིང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བའི་རིང་དགེ་རྒན་བྱས་མྱོང་བའི་དགེ་རྒན་རེ་ཟུང་ད་རུང་ཡང་ཡོད། ཡིག་འབྲི་གཅིག་ཚུན་བསླབས་མྱོང་བའི་དགེ་རྒན་ནི་ནམ་ཡང་དགེ་རྒན་ཡིན་པས་ཁོང་ཚོར་ཐུགས་ཕམ་འབྱུང་དུ་འཇུག་མ་འདོད་པར་དགོངས་དག་ཞུས་པ་ཡང་ཡིན། གཞུང་དོན་དུ་སྒེར་ལ་ཕོག་ཐུག་བྱུང་ཡོད་མཁན་ལ་དགོངས་དག་ཞུས་པ་ཡིན། འོན་ཀྱང་རྩོམ་པ་པོ་ཚོར་རློམ་རྒྱུ་མེད་ཚུལ་གྱི་སྐད་ཆ་ཞིག་བཤད་སོང་དེར་ངས་ནམ་ཡང་ངོས་ལེན་མི་བྱེད། རྩོམ་པ་པོའི་ཁྲོད་དུ་ཡང་ལེགས་ཉེས་སྣ་ཚོགས་འབྱུང་བ་ཆོས་ཉིད་ཅིག་ཏུ་སོང་ཞིང་། དྲང་བདེན་དང་གནས་ལུགས་གཙུག་ཏུ་བཀུར་ཞིང་སྲོག་བཞིན་གཅེས་མཁན་ནི་འཛམ་གླིང་གི་རྩོམ་པ་པོ་ཚོའི་གྲས་སུ་བརྒྱ་མིན་སྟོང་མིན་དུ་ཡོད་པས་ཡོད་ཚད་ལ་གླེང་འགེལ་གྱི་སྐད་ཆ་འདི་ཚབ་ཆེན་དང་འདུ་ཤེས་འདི་ལྟར་འཛིན་པ་ངས་ནོར་འཁྲུལ་དུ་འཛིན་པ་ལས་ཡང་དག་ཅིག་ཡིན་པར་ནམ་ཡང་མི་འདོད། ང་རང་ལ་ནོར་འཁྲུལ་ཤོར་བ་རྩོམ་པ་པོ་ཡོངས་ལ་འབབ་པ་ཞིག་གཞར་ཡང་མིན། གཞན་ཡང་རྩོམ་ཡིག་མ་བཀླག་པར་གཏམ་སྤོམ་པོ་བཤད་མཁན་དང་འདི་བྱས་ཚུལ་དང་གན་མ་བྱས་ཚུལ་གྱི་རྫུན་ཡང་སྒྲིག་དགོས་པ་འདྲ་མོད་དེ་ནི་སེམས་ནས་བཟོད་པ་ཞིག་མིན་པས་དགོངས་དག

དོན་དག་མདོར་དྲིལ་ན། གུས་པའི་རྩོམ་ཡིག་དེས་མཐོན་པོའི་མགོ་དང་དམའ་མོའི་ཞབས་གང་ལ་ཕོག་ཡོད་ཚེ་མཐོན་པོ་དག་གིས་དཀྱེལ་ཡངས་གནངས་རྒྱུ་དང་དམའ་མོ་དག་གིས་བཟོད་པ་སྒོམ་སྟེ་གུས་པས་དགོངས་དག་ཞུ་བཞིན་པ་འདི་དགའ་བ་དང་བཅས་སེམས་ཀྱི་ཟབ་ས་ནས་དང་ལེན་རེ་གནངས་རོགས་ཞེས་ཞུ་རྒྱུ་ཡིན།

གཞན་རེབ་གོང་མི་རིགས་སློབ་འབྲིང་ནི་རང་རེའི་ས་ཁུལ་གྱི་སློབ་གྲྭ་རྙིང་ཤོས་དང་དགེ་སློབ་མང་ཤོས། སྐད་གཉིས་སློབ་གསོ་གཉེར་མཁན་གྱི་སློབ་གྲྭ་དཔེ་ན་མེད་པ་ཞིག་ཡིན་པ་དེ་ལྟར་ན་ཡང་། སློབ་མ་ན་རག་དང་དགེ་རྒན་སྒྱིད་ལུག ཁྱིམ་བདག་སྐོར་ལོག་བཅས་གཏན་ནས་མེད་པ་ཞིག་མིན་པ་ལྟར་སློབ་གྲྭའི་མགོ་བ་དག་ལ་ཡང་དཀའ་ལས་མང་པོ་ཞིག་ཡོད་པ་ངང་གིས་རྟོགས་ནུས་པ་དང་ཁྱེད་ཅག་གིས་དཀའ་ངལ་མང་པོ་ཞིག་ལ་གདོང་གཏོད་བཞིན་ཡོད་པ་སེམས་ཀྱིས་ཤེས་ཡོད། མ་འོངས་པར་ཡང་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་ཡར་རྒྱས་དང་བཅས་གངས་རིའི་ལྗོངས་ཀྱི་སློབ་གསོ་ལ་སྔ་ནས་མེད་པའི་མཁའ་དབུགས་གཙང་མ་ཞིག་བསྩལ་ཐུབ་པའི་སྨོན་ལམ་ཡོད། ཁ་བྲོ། བཀྲ་ཤིས།

ཞེས་རླངས་ཚང་བསོད་ནམས་རྡོ་རྗེ་རུ་འབོད་པས་༢༠༡༦ལོའི་ཟླ་༥ཚེས་༢༧ཉིན།