བདག་གིས་སློབ་ཆེན་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་སློབ་གྲྭ་དེ་གའི་གཟའ་མཇུག་ལ་མདོ་དབུས་ཁམས་གསུམ་གྱི་སློབ་མ་ཚོས་སྐད་བརྡ་གཅིག་གྱུར་གྱི་ཆེད་དུ་ཐ་སྙད་ངོ་སྤྲོད་བྱེད་རེས་ཀྱི་ལས་འགུལ་སྤེལ་གྱི་ཡོད། འདི་ནི་ཕྱི་ལོ་ཉིས་སྟོང་གསུམ་བཞིའི་སྐབས་ལ་རེད། སྐབས་དེར་བོད་ཀྱི་རིག་གནས་ལ་སྣང་ཚུལ་གསར་བ་ཞིག་གི་འགོ་བཙུགས་ཏེ་བོད་ཡིག་གི་ལམ་ནས་རང་གི་སེམས་གཏམ་བཤད་པར་འབད་བརྩོན་བྱེད་ཀྱི་ཡོད། དེའི་ཁྲོད་དུ་རྩོམ་པ་པོ་གྲགས་ཅན་མེ་ལྕེ་སོགས་ཁག་ཅིག་གིས་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་རྒྱུ་མཇུག་བསྡུས་ཡོད་ལ། 新浪དྲ་བར་ཡོད་པའི་གཞོན་སྐྱེས་མང་དག་ཅིག་གིས་རྒྱུན་ལྡན་གྱི་སྐད་ཆ་ཐ་ཐུང་རེ་ལས་གཞི་རྩའི་རྩོམ་འབྲི་བོད་ཡིག་གི་ལམ་ཏུ་བསྒྱུར་ཡོད། རླབས་ཆེ་ཞིང་ཡིད་ལ་དུངས་པ་སྐྱེས་པའི་ལས་འགུལ་འདིས་བོད་ཀྱི་སྐད་ཡིག་སྔར་ལས་ཕུན་སུམ་ཚོགས་པ་དང་། སྔར་ལས་དར་སྤེལ་ཡོང་བར་རེ་བ་དང་སྐུལ་བ་བྱས་པ་རེད།

ཕྱི་ལོ་ ༢༠༠༨ ཡས་མས་ནས་ཟི་ཁྲོན་གསེར་རྟ་བླ་རུང་དགོན་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྣེ་ཁྲིད་པའི་རིགས་ཞེན་ཅན་མང་དག་ཅིག་གིས་བོད་ལ་བརྡ་གསར་བའི་ཚིག་མཛོད་སྒྲིག་ཏེ་སྐད་ཡིག་རྒྱུན་གནས་ལ་དབུགས་མཐུད་པ་མ་ཟད། རླབས་ཆེན་གྱི་ལས་འགུལ་འདི་དང་བསྟུན་ནས་བོད་ས་སྟོད་སྨད་བར་གསུམ་དུ་སྡེ་བ་ཚོ་བ་སོ་སོར་སྐད་ཡིག་སྲུང་སྐྱོབ་ཚོགས་པ་བཙུགས་ཏེ་ཕ་སྐད་གཙང་མ་བཤད་པར་འབད་བརྩོན་བྱེད་ཀྱི་ཡོད་ལ། སྦྲགས་སྐད་མི་བཤད་རྒྱུར་འབད་པ་གནང་གིན་ཡོད། ཇི་འདྲིའི་ཡིད་སྨོན་སྐྱེས་པ་ཞིག་དང་། ངར་ཤུགས་ལྡན་པ་ཞིག་རེད་ཨང་།

ལྷག་པར་དུ་ལྗོངས་ཞིང་ལྔའི་དཔེ་བསྐྲུན་ཁང་དག་གིས་མཚོན་པའི་བོད་ཡིག་དང་འབྲེལ་བའི་དཔེ་བསྐྲུན་ཁང་དག་གིས་ལོ་རེ་ནས་ལོ་རེར་བོད་ཡིག་དཔེ་དེབ་དཔར་བསྐྲུན་གྱི་གྲངས་ཀ་འཕར་གྱི་ཡོད་ལ་དཔར་གྲངས་ཀྱང་འཕར་བཞིན་ཡོད། དེ་ལས་གཞན་བོད་ཡིག་གི་ལམ་ནས་ཚན་རིག་དང་། གསོ་རིག དེང་དུས་ཀྱིས་རྒྱུན་ཤེས། ནུབ་ཕྱོགས་དང་ཡོ་རོབ་ཀྱི་གནའ་བོའི་རིག་གཞུང་སོགས་བོད་ཡིག་ནང་འཕེལ་རྒྱས་ཕྱིན་ཏེ་བལྟ་རྒྱུ་ཇེ་མང་དང་། གཏིང་ཇེ་ཟབ་འགྲོ་བཞིན་ཡོད་པ་མ་ཟད། བོད་ཡིག་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཆ་འཕྲིན་ནང་སོང་ནས་ཀུ་ཤུའི་ཐོན་རྫས་གཙོ་བྱས་ནས་ལག་འཁྱེར་ཁ་པར་ཁག་དང་། གློག་ཀླད་སྣ་ཚོགས་སུ་ཕལ་ཆེར་བེད་སྤྱོད་མི་འགྲོ་ས་མེད་པ་རེད།

ལོ་རྒྱུས་ཀྱི་ངོས་ནས་བཤད་ནའང་། བོད་ཡིག་སྔར་ལས་ཕུན་སུམ་ཚོགས་པོར་སོང་མེད་ཀྱང་ཉམས་མེད་པར་སྣང་སྟེ་སྔོན་མར་གྲྭ་སའི་དགེ་བཤེས་ལྷ་རམས་པ་ཟེར་དུས་ཧ་ཅང་ཉུང་ངུ་ལས་མེད་ཚོད་འདུག་ལ། དེང་སང་དགེ་བཤེས་ལྷ་རམས་པ་ཟེར་བ་བོད་ཕྱི་ནང་དུ་གྲངས་ཟིན་དཀའ་བ་ཡོད་འདུག་པས་བོད་ཡིག་གི་ཆོས་སྦྱོང་མཁན་གྱི་གྲངས་ཀ་སྔར་ལས་འཕར་ཡོད་པ་མཚོན་པ་མ་རེད་དམ། ལྷག་པར་དུ་དེང་སྐབས་སྐྱ་བོའི་སྡེ་རུ་བོད་ཀྱི་ཚན་མ་རིག་པ་སློབ་ཁྲིད་བྱེད་པའི་སྲོལ་བྱུང་སྟེ། མཚོ་ལྷོ་ནས་སློབ་གྲྭ་ཆེ་འབྲིང་དུ་དངོས་སུ་ལག་བསྟར་བྱས་ཡོད་པས་སྔོན་མའི་དགོན་པའི་རིག་གནས་ནས་རྒྱ་བསྐྱེད་དེ་སྤྱི་ཚོགས་རིག་གནས་སུ་དར་འཕེལ་འགྲོ་བཞིན་ཡོད་ལ། བོད་ཀྱི་རིག་གནས་ཁག་ལ་སློབ་སྦྱོང་བྱེད་པའི་ཕྱི་རྒྱལ་མི་སྣ་མང་དག་ཅིག་ཡོད་པའང་སྔར་མེད་པ་ཞིག་རེད། དེའི་རྐྱེན་གྱིས་བོད་ཡིག་མི་འགྱངས་པར་ཉམས་རྒྱུ་རེད་དམ།

ཉིན་འགའི་སྔོན་ནས་བཀའ་བསྟན་དབྱིན་བསྒྱུར་སྐོར་ལ་སྐད་ཆ་བཤད་པ་ནས་དྲ་ངོས་འདིར་ཡང་དེའི་སྐོར་འོས་སྦྱོར་དང་བཤད་མཁན་གང་འཚམས་བྱུང་བའི་སྐད་ཆའི་ཁྲོད་དུ་བོད་ཡིག་གང་མགྱོགས་ཉམས་རྒྱུ་རེད་ཟེེར་བའི་སྐད་ཆ་ཞིག་ཡོང་གི་ཡོད་པ་འདི་ལ་ཁོ་བ་ཚོས་གང་མགྱོགས་ཉམས་རྒུད་དུ་འགྲོ་བར་སྨོན་ལམ་རྒྱག་གི་ཡོད་པའི་སྣང་བ་ཞིག་བྱུང་། གོང་དུ་ཉུང་ཙམ་ཞིག་བཤད་པའི་རིམ་པའི་ནང་དུ་སློབ་གྲྭ་དང་དགོན་པ། དཔེ་བསྐྲུན་ཁང་དང་རྩོམ་པ་པོ་སོགས་སྐད་ཡིག་གི་ཁྱབ་རྒྱ་འཕེལ་རྒྱས་སུ་སྐུལ་འདེད་བྱེད་པོ་ལས་བརྩོན་ཅན་དག་གིས་ད་དུང་མུ་མཐུད་འབད་པ་བྱེད་མུས་ལ་ཁོ་ཚོས་བོད་ཡིག་མི་འགྱངས་པར་ཉམས་རྒྱུ་རེད་ཅེས་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་པ་འདི་ནི་བོད་ཡིག་ཁྲོམ་རྭའི་གནད་དོན་སྟེང་ནས་བཤད་ན་སེམས་ཕམ་དགོས་པ་ཞིག་རེད།
༢༠༡༤།༨།༢ དགོང་དྲོ།