སྤྱིའི་ཆ་ནས”ལས”ནི་རྒྱུ་དང་། “དབང”ནི་རྒྱུ་དེའི་དབང་གིས་བྱུང་བའི་འབྲས་བུ་ལ་གོ་དགོས་བར་སྣང་ལ། བྱེ་བྲག་དུ་ནི་སྐྱེ་བོ་གང་ཞིག་གིས་ལས་སམ་རྒྱུ་ཅི་འདྲ་ཞིག་བསྒྲུབ་ན་དབང་ངམ་འབྲས་བུ་འང་དེ་མཚུངས་འབྱུང་བའི་གནས་ལུགས་དེ་རེད། དེར་རྟེན། ནང་བསྟན་མཚན་ཉིད་རིག་པའི་མཁས་མཆོག་དབྱིག་གཉེན་གྱིས། “ ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །”ཞེས་ང་ཚོ་ལ་ཆེས་མདོར་བསྡུས་དང་ཆེས་གསལ་ཁ་བཏོད་པའི་མཁས་པའི་རྩལ་ནུས་འདི་འདྲའི་སྟེང་ནས། ལས་དབང་ངམ་རྒྱུ་འབྲས་ཀྱི་གནས་ལུགས་ངོ་སྤྲོད་འགྲེལ་བཤད་གནང་འདུག

རེད་ཡ། རང་ཉིད་ཀྱི་ལས་དབང་ལ་སེམས་ཁུར་དང་འབྱུང་འགྱུར་ལ་རེ་ལྟོས་བྱེད་མཁན་ཞིག་ཡིན་ན་ནི། ལེགས་བཤད་འདི་ལྟ་བུའི་བསྟན་དོན་ཇི་བཞིན་ལས་དབང་ལ་བསམ་གཞིགས་རྣལ་མ་རེ་དང་། རྒྱུ་འབྲས་ལ་གོ་བ་དག་མ་རེ་ལེན་རྒྱུ་ནི་བདེ་སྐྱིད་ཀྱི་འཚོ་བའི་ཐོག་མའི་རྒྱུ་རྐྱེན་དང་རྩ་བའི་རྨིང་གཞིར་མ་གྱུར་གྲང་།

ཡིན་ཡང་། ལས་འབྲས་ཀྱི་རྣམ་བཞག་བརྩི་བར་བཤད་ཅིང་ནང་ཆོས་ཀྱི་གཞུང་ལ་དད་པར་བསྙད་པའི་གངས་ཅན་པ་ཕལ་ཆེ་བས་ནི། བོད་རྒྱུད་ནང་བསྟན་འཛམ་གླིང་ཤར་ནུབ་གང་སར་ཁྱབ་པའི་དུས་ཀྱི་ཁུགས་སོ་འདི་ནའང། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཡིན་པའི་སྡོམ་ཚིག་ལ་འཐམ་ཤིང་། གནད་དོན་གང་ཞིག་ནི་ལས་དབང་ཡིན་ཕྱིར་བཅོས་ཐབས་མེད་པའི་གཏན་ཚིགས་ལ་འཇུས་དེ་བསྡད་ཡོད། དེ་ནི་གངས་ཅན་པ་དག་གི་སེམས་ངོར་བབས་པའི་ནང་ཆོས་ཀྱི་གོ་དོན་འཐུག་པས་རེད་དམ། ནང་ཆོས་གྱི་རྨང་གཞིའི་ཤེས་ཙམ་ཡང་མ་སླབ་པའི་དན་རྟགས་འཁྲུལ་མེད་རེད།

མཆོང་རྒྱུག་ལ་དགའ་བའི་ང་ཚོ་མཐོ་བ་དཔོན་པོ་ནུས་བཟུང་དམའ་བ་གཡོག་པོའི་བར་གྱིས། ལོ་ངོ་བརྒྱ་སྟོང་གི་རིང་ལ་རང་ཉིད་ནི་བོད་གོང་བ་ཅན་དང་ཕྲེང་བ་ཅན་ཡིན་པདང་། ཆོས་ལྡན་ཞིང་ཁམས་ཀྱི་མི། བརྩེ་ལྡན་གདུལ་ཞིང་གི་བོད་ཡིན་པའི་བསྒྲུབ་བྱེད་བཀོལ་ཞིང་། ནང་ཆོས་ལ་བསེ་སླད་བྱས་ཤིང་། ལས་དབང་ལ་ལོག་འགྲེལ་བརྒྱབ་ནས་འོང་བ་རེད། བདེན་ཚབ་རྫུན་པའི་བྱས་ཤིང་རང་མགོ་རང་གིས་བསྐོར་དེ་འོང་བའི་གཏམ་རྒྱུད་དེ་དག་གི་རྒྱུད་རིམ་བསམ་དུས་དགོད་འཆོར་ཞིང་ངུ་བྲོ་ཨང་།

ཚུལ་དེ་ནི། ནང་བསྟན་ཆོས་ལུགས་ཙམ་ཞིག་ལས་ནང་སེམས་པ་གསོ་བཅོས་བྱེད་པའི་གཞུང་ལུགས་ཚད་ལྡན་ཞིག་ཡིན་པ་མ་ངེས་པའི་རྟགས་རེད་ལ། ནང་བསྟན་གསུང་རབ་དག་ནི་ཐོད་པ་གཏུག་ཡུལ་ཙམ་ལས་བླ་ན་མེད་པའི་སློབ་དེབ་དག་མ་ཞིག་ཏུ་སྣང་མ་མྱོང་བས་རེད། ལས་དབང་ཞེས་པའི་ཐ་སྙད་འདི་ནི་རང་མགོ་རང་གིས་སྐོར་བྱེད་ཞིག་ལས། ཐ་སྙད་དེའི་ལྟག་རྒྱབ་ཀྱི་གོ་དོན་དང་། གོ་དོན་དེའི་བསྡུས་པའི་གནས་ལུགས་སོགས་ནི། ཇི་ལྟ་བུ་ཞིག་ཡིན་མིན་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པས་ལན་པ་རེད་དོ།།