ལྔ་བ། ཅི་ཞིག་ནི་འགྲོ་བ་མིའི་འཕྲོག་ཏུ་མེད་པའི་ཐོབ་ཐང་ཡིན་ནམ།

འཕྲོག་ཏུ་མེད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁོངས་སུ་སྲོག་འཚོ་བའི་ཐོབ་ཐང་དང་། རང་དབང་གི་ཐོབ་ཐང་། བདེ་སྐྱིད་དོན་དུ་གཉེར་བའི་ཐོབ་ཐང་བཅས་འདུ།

སྲོག་འཚོ་བའི་ཐོབ་ཐང་ནི་མི་སུ་གང་ཞིག་གིས་མི་སྒེར་བ་དང་ཚོགས་པ་གང་རུང་གི་ཁེ་ཕན་གྱི་ཆེད་དུ་གཞན་གྱི་སྲོག་འཕྲོག་མི་ཆོག་པ་དེའོ།

རང་དབང་གི་ཐོབ་ཐང་ནི་སྐྱེས་བུ་སོ་སོར་འགྲོ་འདུག་དང་གདམ་ཀ་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད་སོ་སོར་དབང་བའི་རྒྱུ་ནོར་ལ་བདག་པོ་རྒྱག་པའི་ཐོབ་ཐང་ཡོད་པར་ཟེར།  གལ་ཏེ་སོ་སོར་དབང་བའི་རྒྱུ་ནོར་ལ་བདག་པོ་རྒྱག་པའི་ཐོབ་ཐང་ཤོར་ན་ནི་སོ་སོའི་འགྲོ་འདུག་གི་རང་དབང་ཡང་སྲུང་ཐུབ་ཀྱི་མེད།

བདེ་སྐྱིད་དོན་དུ་གཉེར་བའི་ཐོབ་ཐང་ནི་རང་དང་འདྲ་མཉམ་སུ་ཡོད་པའི་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་ཡོད་པའི་སྔོན་འགྲོའི་འོག་ཏུ་མི་སོ་སོར་རང་དོན་དུ་འཚོ་བའི་ཐོབ་ཐང་ཡོད་ལ།  སོ་སོའི་མོས་ཕྱོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཆོག  དེ་བཞིན་དུ་མི་སུ་དང་གང་གིས་ཀྱང་མི་གཞན་དང་ཐུན་མོང་གང་རུང་གི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཀྱི་བདེ་སྐྱིད་བློས་གཏོང་བྱེད་དགོས་དོན་མེད་དེ། ཐུན་མོང་གིས་མི་སྒེར་གྱི་འཚོ་གནས་ཀྱི་སྙིང་བོ་ཐག་བཅད་མི་ཆོག་པ་མ་ཟད་སྐྱེས་བུ་སྒེར་གྱི་བདེ་སྐྱིད་སྒྲུབ་སྟངས་ལ་གཡས་ཁ་གཡོན་དཀྱུ་ཡང་བྱས་མི་ཆོག

དྲུག་པ། ང་ཚོས་ཅི་ལྟར་མི་གཞན་གྱི་ཐོབ་ཐང་ལ་ངོས་འཛིན་བྱེད་དགོས་སམ་ཞེ་ན།

སྐྱེས་བུ་རེ་རེར་གཞན་གྱིས་འཕྲོག་ཏུ་མེད་པའི་ཐོབ་ཐང་ལ་ལོངས་སུ་སྤྱོད་དབང་ཡོད་པ་བཞིན་མི་རེ་རེར་ནམ་ནམ་ཞར་ཞར་ལ་འདྲ་མཉམ་གྱི་ཐོབ་ཐང་དེར་ལོངས་སུ་སྤྱོད་དབང་ཡོད།  དེ་བཞིན་དུ་སོ་སོ་སྒེར་གྱི་ཐོབ་ཐང་གི་ཆེད་དུ་གཞན་གྱི་ཐོབ་ཐང་ལ་དམའ་ཕབ་མི་ཆོག

དཔེར་ན།  མི་ཞིག་ལ་སྲོག་འཚོ་བའི་ཐོབ་ཐང་ཡོད་ནའང་ཁོ་ལ་མི་གཞན་སུ་གང་གི་སྲོག་འཚོ་བའི་ཐོབ་ཐང་འཕྲོག་པའི་ཐོབ་ཐང་ཞིག་ལར་ནས་མེད།  དེ་བཞིན་དུ་ཁོ་ལ་རང་དབང་འཚོལ་སྙེག་གི་ཐོབ་ཐང་ཡོད་ནའང་མི་གཞན་པ་གཡོག་ཏུ་སྤྱོད་པའི་ཐོབ་ཐང་མེད་ལ།   ཁོ་ལ་བདེ་སྐྱིད་སྒྲུབ་པའི་ཐོབ་ཐང་ཡོད་ནའང་ཁོའི་བདེ་སྐྱིད་དེ་གཞན་གྱི་སྡུག་བསྔལ་གྱིས་བསྐྱེད་དུ་འཇུག་པའི་ཐོབ་ཐང་མེད། ༼འདིའི་ཁོངས་སུ་མི་གཞན་ལ་གསོད་འཕྲོག་བྲན་བཀོལ་བྱ་བ་སོགས་འདུ༽ ཁོས་ཐོབ་ཐང་ཅི་རིགས་ལོངས་སུ་སྤྱོད་པ་དང་ལྷན་དུ་ཐོབ་ཐང་འདི་དག་མི་གཞན་ལ་ཡང་སོ་སོ་ནང་བཞིན་ལོངས་སུ་སྤྱོད་དབང་ཡོད་པ་ངེས་དགོས་ཤིང་། ཞར་ལ་སོ་སོས་ཅི་ཞིག་བྱེད་རིགས་དང་མི་རིགས་ཀྱི་དབྱེ་མཚམས་ཡང་ཤེས་དགོས་སོ།

རང་དབང་རིང་ལུགས་པས་ནམ་ཏུ་ཡང་༼ངས་ཅི་བྱེད་འདོད་ན་དེ་བྱས་ཆོག་སྟེ། མི་གཞན་ལ་ཁ་ཡ་བྱེད་མི་དགོས་༽ཅེས་པའི་བརྗོད་པ་ལྷུར་ལེན་མི་སྲིད་དེ། རང་དབང་རིང་ལུགས་པས་ནི་སོ་སོ་རང་ཉིད་མ་ཟད་མི་གཞན་སུ་གང་ཞིག་ཡིན་རུང་སོ་སོར་གཞན་གྱིས་འཕྲོག་ཏུ་མེད་པའི་ཐོབ་ཐང་ཞིག་ཡོད་པ་གསལ་བོར་ཤེས་ངེས། རང་དབང་རིང་ལུགས་པ་ནི་འདི་ལྟ་བུ་ཞིག་ཡིན་སྟེ༼ངས་མི་སུ་གང་གི་འཚོ་བར་ཚོད་འཛིན་མི་བྱེད་ལ། མི་གཞན་སུ་གང་གིས་ཀྱང་ངའི་འཚོ་བར་ཚོད་འཛིན་བྱས་མི་ཆོག་ཅེས་དང་། ངས་གཞན་ལ་དབང་སྒྱུར་བྱེད་མི་འདོད་ཅིང་མི་གཞན་གྱིས་ང་ལ་དབང་སྒྱུར་བར་ཡང་འདོད་པ་མེད། ང་རང་རྗེ་བོ་བྱེད་འདོད་མེད་ལ་བྲན་གཡོག་ཀྱང་བྱེད་འདོད་མེད།  ང་རང་མི་གཞན་སུ་གང་གི་ཆེད་དུ་རང་ཉིད་བློས་གཏོང་རྒྱུར་མི་མོས་ཤིང་གཞན་སུ་གང་གིས་ངའི་ཆེད་དུ་བློས་གཏོང་རྒྱུར་ཡང་འདོད་པ་མེད།  ༽ཟེར་ངེས།

ཐུན་མོང་རིང་ལུགས་པས་ནི་༼བློ་མཐུན་ཚོ། ཁོ་ཚོར་ལེགས་ཉེས་གང་བྱུང་ནའང་བྱུང་དུ་ཆུགས། གང་ལྟར་ང་ཚོ་ངེས་པར་དུ་ཕྱོགས་གཅིག་ཡིན༽ཟེར་ངེས།

བདུན་པ། ང་ཚོས་སོ་སོའི་ཐོབ་ཐང་ལ་དོ་ཕོག་བྱུང་མིན་ཅི་ལྟར་འཇལ་དགོས་སམ།

གལ་ཏེ་དྲག་སྤྱོད་མ་བྱས་ན་ནི་མིའི་ཐོབ་ཐང་ལ་དོ་ཕོག་བྱུང་སྲིད་དེ། བརྒྱ་ལ་དྲག་སྤྱོད་མ་བྱས་ན་མི་ཞིག་གིས་མི་གཞན་ཞིག་གི་ཚེ་སྲོག་འཕྲོག་ཐབས་མེད་ལ་མི་ཞིག་གིས་མི་གཞན་ཞིག་བྲན་དུ་བཀོལ་ཐབས་ཡང་མེད། དེ་བཞིན་དུ་དྲག་སྤྱོད་ཀྱིས་མིན་ན་ནི་མི་སོ་སོ་སྒེར་བ་གང་ཞིག་གིས་བདེ་སྐྱིད་སྒྲུབ་པར་ཡང་ཇུས་གཏོགས་བྱེད་ཐབས་མེད།

གལ་སྲིད་མི་ཞིག་རང་མོས་རང་དབང་མ་ཡིན་པར་གཞན་དབང་གི་འོག་ཏུ་འགྲོ་འདུག་བྱེད་དགོས་བྱུང་ན་ནི་མི་སོ་སོའི་ཐོབ་ཐང་ལ་དོ་ཕོག་བྱུང་བ་ཡིན།

དེ་བས་ང་ཚོས་མི་ཞིག་དང་མི་གཞན་ཞིག་གི་ཐོབ་ཐང་གི་དབྱེ་མཚམས་གསལ་བོར་འབྱེད་དགོས་ཏེ། འདི་ནི་ཕྱིའི་སྤྱི་ལྡོག་གི་དབྱེ་མཚམས་ཞིག་ཡིན་པས་ན་ནང་གི་ལྟ་བའི་ཁྱད་ཀྱིས་འགྱུར་བ་འགྲོ་བ་ཞིག་མིན་ཞིང་། མང་ཕྱོགས་ཀྱི་བསམ་ཚུལ་དང་སྤྱི་ཚོགས་ཀྱི་གཏན་སྲོལ་གང་གིས་གཡས་ཁ་གཡོན་དཀྱུ་བྱས་ཆོག་པ་ཞིག་ཀྱང་མིན། འཛམ་བུའི་གླིང་གི་སྐྱེ་བོ་སུ་གང་ལང་ཡང་དམིགས་བསལ་གྱིས་མི་སུ་གང་རུང་གི་སྟེང་དྲག་སྤྱོད་ལས་སུ་བསྟར་བའི་ཐོབ་ཐང་མེད་དོ།

རང་དབང་གི་སྤྱི་ཚོགས་ཤིག་གམ་ཡང་ན་སྐྱེས་བུ་སྒེར་གྱི་རིང་ལུགས་གཙོར་བཟུང་བའི་སྤྱི་ཚོགས་ཤིག་གི་ནང་དུ་མི་རྣམས་ཀྱིས་ཁ་གསལ་ཞིང་ལས་སླ་བོའི་འགྲོ་འདུག་གི་ལམ་སྲོལ་ཞིག་བརྩི་ཞིང་སྲུང་སྟེ།  དེ་ནི་ཁྱོད་ཀྱིས་མི་གཞན་ཞིག་གི་རང་མོས་རང་དབང་གི་གདམ་ཀ་ལས་འགོངས་ནས་མི་གང་དེའི་འགྲོ་འདུག་ལ་ཐེ་ཇུས་བྱས་མི་ཆོག

ཐུན་མོང་རིང་ལུགས་ཀྱི་གསོག་གསོབ་ཀྱི་སྤྱོད་པས་ང་ཚོར་བསླུ་བྲིད་ཐེབས་སུ་འཇུག་མི་རུང་སྟེ། ཁོ་ཚོས་ནི་འཛམ་གླིང་སྟེང་ལྟོས་མེད་ཀྱི་རང་དབང་ཅིག་གཏན་ནས་ཡོད་མི་སྲིད་པས་ཁྱོད་ཀྱིས་གང་བྱུང་དུ་མི་བསད་མི་ཆོག་ཅིང་། སྤྱི་ཚོགས་ཀྱིས་ཁྱོད་ཀྱིས་མི་གསོད་པའི་སྐབས་སུ་ཁྱོད་ཀྱི་རང་དབང་ལ་བཀག་སྡོམ་བྱས་ཡོད་ལ།  སྤྱི་ཚོགས་ཀྱིས་ནི་སྤྱི་ཚོགས་ཀྱི་མངོན་འདོད་དང་འཚམ་པའི་འོག་གང་ལ་གང་འཚམ་ཀྱི་ཐབས་ཤེས་སྤྱད་ནས་ཁྱོད་ཀྱི་རང་དབང་གི་ཐོབ་ཐང་ལ་ཚོད་འཛིན་བྱེད་ཀྱི་ཡོད། དེ་བས་རང་དབང་གི་སྟོང་བསམ་ཕར་གཡུག་ཞོག    རང་དབང་ནི་སྤྱི་ཚོགས་ཀྱིས་ཅི་ལྟར་ཐག་བཅད་པ་དེ་ལྟར་ཡིན་པར་ངོས་འཛིན་གྱི་ཡོད།

ཡིན་ནའང་ཁྱོད་ཀྱི་མི་གསོད་པའི་སྦྱོར་བ་འགོག་མཁན་ནི་སྤྱི་ཚོགས་མིན་ལ་སྤྱི་ཚོགས་ཀྱི་ཐོབ་ཐང་གང་ཞིག་ཀྱང་མིན་པར་ཁྱོད་ཀྱིས་གསོད་འདོད་ཀྱི་མི་གང་དེའི་གཞན་གྱིས་འཕྲོག་ཏུ་མེད་པའི་སྲོག་འཚོ་བའི་ཐོབ་ཐང་དེ་ཡིན། འདི་ནི་ཕྱོགས་གཉིས་པོའི་ཐོབ་ཐང་བར་གྱི་འོས་མེད་བསྟུན་ཐབས་མ་ཡིན་པར་དེ་ནི་ཕྱོགས་སོ་སོའི་ཐོབ་ཐང་ལ་དོ་ཕོག་མི་ཡོང་བའི་དབྱེ་མཚམས་དེ་ཡིན།  དབྱེ་མཚམས་འདི་ནི་སྤྱི་ཚོགས་ཀྱི་བཀོད་ཁྱབ་ཅིག་གི་འོག་ཏུ་ཡོང་བ་མིན་པར་འདི་ནི་གཞན་གྱིས་འཕྲོག་ཏུ་མེད་པའི་ཁྱོད་རང་གི་ཐོབ་ཐང་ལས་བྱུང་བ་ཡིན། སྤྱི་ཚོགས་ཀྱིས་ནི་རང་ཤེད་ཚ་བོས་དབྱེ་མཚམས་འདི་ལྟ་བུ་ནི་འབྱེད་ཐབས་མེད་དེ། དབྱེ་མཚམས་འདི་ནི་ཁྱོད་ལ་སྐྱེས་མ་ཉིད་ནས་རང་ཆས་སུ་ཡོད་པའི་ ཁྱོད་ཀྱི་ཐོབ་ཐང་གི་ཁོངས་སུ་འདུ་བ་ཡིན།

ཁྱོད་ཀྱི་སྐྱེས་མ་ཉིད་ནས་ཡོད་པའི་ཐོབ་ཐང་གཞིར་བཞག་གི་ཐོག་ཏུ་ཁྱོད་ཀྱི་རང་དབང་ནི་བལྟོས་མེད་ཚད་མེད་ཅིག་གོ

མུ་འགོད།