བརྒྱད་པ།  སྲིད་གཞུང་གི་ཡང་དག་པའི་འགན་ནུས་ནི་ཅི་ཞིག་ཡིན་ནམ།

སྲིད་གཞུང་གི་ཡང་དག་པའི་འགན་ནུས་ནི་སྤྱི་དམངས་ཀྱི་སྒེར་གྱི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཁོ་ཚོར་དྲག་སྤྱོད་ཀྱིས་གནོད་འཚེ་ཕོག་ཏུ་མི་འཇུག་པར་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

ལུགས་མཐུན་གྱི་སྤྱི་ཚོགས་ལམ་ལུགས་ཤིག་གི་ནང་དུ་མི་རྣམས་ཀྱིས་ཕན་ཚུན་བར་དྲག་ཤུགས་སྤྱོད་མི་སྲིད་ལ། ཁོ་ཚོས་རང་སྲུང་གི་སྐབས་སུ་ད་གཟོད་དྲག་སྤྱོད་ཀྱི་ལམ་ཁ་འཚོལ་ངེས།  ཡང་གཅིག་བཤད་ན། ཁོ་ཚོས་དྲག་ཤུགས་ལ་བརྟེན་ནས་སོ་སོའི་དོ་ཕོག་བྱུང་བའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ་རེད།  གཞུང་གི་ངོ་ཚབ་སུས་ཀྱང་ཕྱིར་རྒོལ་གྱི་སྐབས་སུ་མ་གཏོགས་དྲག་ཤུགས་སྤྱད་མི་ཆོག་སྟེ། དེ་ཡང་ཕྱིར་རྒོལ་ཁོ་ནའི་སྐབས་སུ་མ་གཏོགས་སྤྱད་མི་ཆོག

དྲང་བདེན་ལུགས་མཐུན་གྱི་སྲིད་གཞུང་ཞིག་གིས་དང་པོ་ནས་དྲག་ཤུགས་ནི་སྤྱོད་མི་སྲིད་ལ། བརྒྱ་ལ་དྲག་ཤུགས་སྤྱད་པ་ཡིན་ནའང་ཚུར་དྲག་ཤུགས་སྤྱོད་མཁན་ལ་ཁ་གཏད་གཅོག་ཆེད་ད་གཟོད་དྲག་ཤུགས་སྤྱོད་ངེས། དཔེར་ན། སྲིད་གཞུང་གིས་ཁྲིམས་འགལ་ཉེས་ཅན་པ ་ཞིག་འཛིན་བཟུང་བྱེད་དུས་ལྟ་བུར་མཚོན་ན་ཉེས་ཅན་གང་དེའི་ཐོབ་ཐང་ལ་དོ་ཕོག་གཏོང་མཁན་ནི་སྲིད་གཞུང་མ་ཡིན་པར་ཉེས་ཅན་པ་ཁོ་རང་ཡིན་ཏེ། ཁོ་རང་གི་བྱ་སྟངས་བྱེད་སྟངས་གིས་རང་ལུས་ཀྱི་ཐོབ་ཐང་མར་ཕབ་པ་ཡིན་པས་མི་རྣམས་ལ་མཚོན་ན་དྲག་ཤུགས་སྤྱད་ནས་ཁོ་ལ་ཁ་གཏད་གཅོག་རྒྱུ་ལས་ཐབས་ཤེས་གཞན་མེད།

རང་དབང་གི་སྤྱི་ཚོགས་ཤིག་གི་ནང་དུ་འདི་དང་འདི་ལྟ་བུའི་ཉེས་ཅན་གྱི་བྱ་སྤྱོད་གང་ཡིན་ཡང་དྲག་སྤྱོད་ཀྱི་ཁོངས་སུ་གཏོགས་པས་ན་ཏག་ཏག་དྲག་ཤུགས་གྱིས་ཡ་ལན་སྤྲོད་རྒྱུ་ལས་ཐབས་ཤེས་གཞན་མེད་པ་ང་ཚོས་ངེས་དགོས།

༼མི་གསོད་ལག་དམར་གྱིས་སྤྱི་ཚོགས་ལ་ཉེས་པ་བཟོས་སོང་༽ཟེར་བ་ལྟ་བུའི་འདྲེ་སྐད་ལ་ང་ཚོ་ཡིད་ཆེས་རྒྱུ་མེད་དེ།  ལག་དམར་གྱིས་གཞན་གྱི་སྲོག་འཕྲོག་ནས་གནོད་པ་ཐེབས་ས་དེ་སྤྱི་ཚོགས་མ་ཡིན་པར་མི་སྒེར་བ་གཅིག་ཡིན། དེ་བས་ཁོས་སྤྱི་ཚོགས་གང་ཞིག་གི་ཐོབ་ཐང་ལ་དོ་ཕོག་བཏང་བ་མ་ཡིན་པར་མི་སྒེར་ལ་གཏོགས་པའི་སྒེར་བའི་ཐོབ་ཐང་ལ་དོ་ཕོག་བཏང་བ་རེད། ཁོས་ཐུན་མོང་གི་ཚོགས་པ་ཞིག་ལ་གནོད་བསྐྱལ་ནས་ཉེས་ཆད་ཕོག་པ་མ་ཡིན་ལ།   དེ་བཞིན་ཁོས་ཐུན་མོང་ཡོངས་ལ་གནོད་བསྐྱལ་བ་ཡང་མ་ཡིན་པར་ཁོས་གནོད་བསྐྱལ་ས་ནི་མི་གཅིག་རང་ཡིན། གལ་ཏེ་ཉེས་ཅན་ཞིག་གིས་མི་བཅུ་ལ་འཕྲོག་བཅོམ་བྱས་པའི་དབང་དུ་བཏང་ནའང་ཁོས་འཕྲོག་ནས་བཅོམ་ས་དེ་སྔར་བཞིན་སྤྱི་ཚོགས་མ་ཡིན་པར་མི་སྒེར་བ་བཅུ་ཡིན། དེ་བས་ཁོས་སྤྱི་ཚོགས་ལ་དོ་ཕོག་བཏང་སོང་ཟེར་བའི་གནས་ཚུལ་ཞིག་གཏན་ནས་གཞི་མི་གྲུབ།

ཉེས་སྤྱོད་གང་དང་གང་ཡིན་ཀྱང་མི་སྒེར་བ་དག་ལ་གནོད་བསྐྱལ་གྱི་ཡོད་དེ། དེས་སྤྱི་ཚོགས་ནང་གི་མི་སྒེར་བ་སོ་སོར་གནོད་བསྐྱལ་བ་ཞིག་ཡིན། དེ་བས་མི་སྒེར་བ་སོ་སོར་ཉེས་སྤྱོད་ཀྱི་དོ་ཕོག་མི་འབྱུང་བར་སྲུང་སྐྱོབ་བྱེད་རྒྱུ་ནི་ཏག་ཏག་ལུགས་མཐུན་གྱི་སྤྱི་ཚོགས་ལམ་ལུགས་ཤིག་དང་དྲང་བདེན་གྱི་སྲིད་གཞུང་ཞིག་གི་འཁུར་དུ་འཁྱེར་རྒྱུའི་འགན་ཁུར་དེ་ཡིན། ཡིན་ནའང་གལ་སྲིད་སྲིད་གཞུང་དེ་དྲག་སྤྱོད་ཀྱི་བྱུར་འདྲེན་ཞིག་ཏུ་གྱུར་ཚེ་ཉེས་སྐྱོན་མི་ཟད་པ་འབྱུང་ངེས་སོ།

དཔེར་ན། ཐུན་མོང་རིང་ལུགས་ཀྱི་བཀོད་ཁྱབ་འོག་གི་སྲིད་གཞུང་ཞིག་གིས་མི་ལ་སྲོག་ཆད་དང་དུས་བཀག་གི་ཆད་པ་འགེལ་སྐབས་མི་སྒེར་བར་བཙན་བཀའ་བཏང་ནས་མི་གང་རུང་ཞིག་ལ་ཡོངས་སུ་སྟངས་འཛིན་བྱེད་དུ་འཇུག་གི་རེད། འདི་ལ་མཚོན་ན་ཐོག་མར་དྲག་ཤུགས་སྤྱོད་མཁན་ནི་སྲིད་གཞུང་ཆགས་ཡོད་པ་རེད། མི་སྒེར་བ་འདིས་མི་གཞན་སུ་གང་ལ་ཡང་དྲག་སྤྱོད་བཀོལ་བ་མ་ཡིན་པར་སྲིད་གཞུང་གིས་དྲག་སྤྱོད་བྱས་ཡོད་པ་རེད། འདི་ལྟ་བུའི་བྱེད་སྟངས་ནི་རྩ་བ་ནས་གནས་ལུགས་མེད་པ་ཞིག་ཡིན་སྟེ། འདིས་འཇིགས་སྐུལ་དང་ཁྲག་བཞུར་དགོས་པའི་བའི་ངན་འབྲས་བསྐྱེད་ངེས་སྟེ། འདི་ལྟ་བུའི་དཔེར་མཚོན་ནི་ཐུན་མོང་རིང་ལུགས་ཀྱི་བཀོད་ཁྱབ་འོག་ཏུ་ཡོད་པའི་རྒྱལ་ཁབ་གང་དུའང་མཐོང་རྒྱུ་ཡོད་དོ།

གལ་སྲིད་མིའི་རིགས་ལ་སྲིད་གཞུང་ངམ་རྣམ་པ་གང་རུང་གི་སྤྱི་ཚོགས་ལམ་ལུགས་ཤིག་མེད་པ་ཡིན་ན་མི་རྣམས་ཀྱིས་དྲག་ཤུགས་གཅིག་པོར་བརྟེན་ནས་ཕན་ཚུན་བར་གྱི་འགལ་བ་སེལ་ཐབས་ཀྱིས་གནས་སྲིད་། འདི་ལྟ་བུའི་གནས་སྟངས་ཀྱི་འོག་ཏུ་མི་གཅིག་གིས་གཅིག་ལ་འཐབ་པའི་འདྲ་མཉམ་གྱི་ཁེ་དབང་དེ་ཡོད་མོད་ཡིན་ནའང་མི་བཅུ་དང་མཉམ་དུ་འཐབ་རྩོད་བྱེད་ཐབས་མེད་པ་ཞིག་རེད། དེ་བས་སྤྱི་ཚོགས་དེ་འདྲའི་ནང་དུ་མི་ཞིག་ལ་མཚོན་ན་སོ་སོར་སྲུང་སྐྱོབ་བྱེད་དགོས་ངེས་ཤིག་ནི་ཐུན་མོང་གི་ཚོགས་པས་མི་སྒེར་བར་གནོད་སྐྱེལ་གྱི་ཡོད་པ་དེ་ལས་མི་སྒེར་བ་གཅིག་གིས་གཅིག་ལ་གནོད་ཞིང་འཚེ་བ་དེ་མིན།

འདི་ལྟ་བུའི་སྲིད་གཞུང་མེད་པའི་གནས་སྟངས་ཀྱི་འོག་ཏུ་མི་མང་གྲས་ཀྱི་ཚོགས་པས་གང་དྲན་བྱས་ཆོག་མོད། ཡིན་ནའང་མི་ཉུང་བའི་ཚོགས་ཀྱིས་ཀྱང་ཐབས་ཤེས་འདྲ་མིན་བརྒྱུད་ནས་འཐབ་རྩོད་བྱས་ཆོག་པས་མི་མང་གྲས་ཀྱི་ཚོགས་པའི་དབང་སྒྱུར་ཡང་ཡུན་རིང་བོར་གནས་ཐབས་བྲལ།

ཡིན་ནའང་ཐུན་མོང་རིང་ལུགས་ནི་གདོད་མའི་སྲིད་གཞུང་མེད་པའི་རིང་ལུགས་ལ་ཡང་མི་དོ་སྟེ། འདི་ཡིས་མི་རྣམས་ཀྱིས་ཕྱིར་རྒོལ་བ་བྱས་ཆོག་པའི་ཐོབ་ཐང་ཡང་འཕྲོག་ཡོད་ལ་འདི་རུ་དྲག་སྤྱོད་ནི་ཁྲིམས་མཐུན་ཡིན་ལ་ལྡོག་སྟེ་ཕྱིར་རྒོལ་ནི་ཁྲིམས་འགལ་ཡིན། དེར་མ་ཟད་འདི་རུ་མི་མང་པོའི་ཚོགས་པའམ་༼མི་མང་གི་ཚབ་དུ་འབོད་མཁན་དག༽གི་རྩ་འཛུགས་གི་དྲག་སྤྱོད་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐོབ་མོད། མི་ཉུང་ཉུང་གི་གྲས་ནི་གྲོགས་མེད་ཁེར་རྐྱང་ཡིན། དེ་བས་མི་ཉུང་ཉུང་གི་གྲས་ནི་ནམ་ཡང་རྩ་མེད་བཟོ་སྲིད་པའི་ལས་དབང་གི་ངང་ལ་འགྲོ་དགོས། དེ་བས་ཁྱོད་ཀྱིས་འདི་ལས་ལྷག་གི་དྲང་བདེན་མིན་པའི་གནས་སྟངས་ཞིག་རྙེད་མི་སྲིད་པ་ཐག་བཅད་ཆོག

མངོན་སུམ་ལག་ལེན་གྱི་ནང་དུ་ཐུན་མོང་རིང་ལུགས་ཀྱི་བཀོད་ཁྱབ་འོག་གི་སྤྱི་ཚོགས་ཀྱིས་མི་ཉུང་བའི་གྲས་ཀྱི་ཐོབ་ཐང་ལ་དོ་ཕོག་གཏོང་༼༼དེའི་གྲས་སུ་མི་གཅིག་རང་གི་ཁེ་དབང་ཡང་འདུ༽གི་ཡོད་ཅིང་།   དེ་བཞིན་དུ་མི་མང་གྲས་ནས་ཀྱང་སོ་སོའི་ཐོབ་ཐང་ཤོར་གྱི་ཡོད་པ་མ་ཟད་ཁོ་ཚོ་ཡང་དྲག་སྤྱོད་ལ་བརྟེན་ནས་དབང་སྒྱུར་བཞིན་པའི་ཚོགས་པ་ཆུང་ཆུང་གང་རུང་གི་དབང་འོག་དུ་བཙུད་ཡོད།

གལ་ཏེ་ཁྱོད་ཀྱིས་དྲག་སྤྱོད་དེ་ངོ་རྒོལ་གྱི་ཐབས་སུ་སྤྱོད་མཁན་དང་དྲག་སྤྱོད་དེ་རྩ་བའི་སྲིད་ཇུས་སུ་སྤྱོད་མཁན་བར་གྱི་ཁྱད་པར་ཤེས་འདོད་ཚེ་འདིར་དཔེར་མཚོན་སླ་མོ་ཞིག་ཡོད་དེ། དེ་གཉིས་བར་གྱི་ཁྱད་པར་ནི་་མིའི་སྲོག་འཕྲོག་པ་དང་རང་གི་སྲོག་སྲུང་བ་གཉིས་ཀྱི་ཁྱད་པར་དང་འདྲ།  དེ་བས་དྲང་བདེན་ལུགས་མཐུན་གྱི་སྲིད་གཞུང་ཞིག་གིས་བཏོན་པའི་རྩ་དོན་ནི་བདག་སྲུང་བའི་རྩ་དོན་ཡིན་ལ། ཐུན་མོང་རིང་ལུགས་ཀྱི་བཀོད་ཁྱབ་འོག་གི་སྲིད་གཞུང་ནི་མི་གསོད་ལག་དམར་དང་ཕྱོགས་གཅིག་པ་ཡིན།

དགུ་པ།  ལུགས་གཉིས་མཉམ་བསྲེས་ཀྱི་སྤྱི་ཚོགས་ལམ་ལུགས་ཤིག་ཡོད་དམ།

འཛམ་གླིང་ཡོངས་སུ་སྐྱེས་བུ་སྒེར་གྱི་རིང་ལུགས་དང་ཐུན་མོང་རིང་ལུགས་གཉིས་མཉམ་བསྲེས་ཀྱི་སྤྱི་ཚོགས་ལམ་ལུགས་ཤིག་གཏན་ནས་མེད། སྤྱི་ཚོགས་གང་ཞིག་གིས་མི་སྒེར་གྱི་ཐོབ་ཐང་ལ་ངོས་ལེན་བྱེད་པའམ་ཡང་ན་ངོས་ལེན་མི་བྱེད་པའི་གདམ་ཀ་གཅིག་ལས་ལམ་ལུགས་དེ་གཉི་ཀར་མཐུན་པའི་དབུ་མའི་གནས་སྟངས་ཤིག་ཡོང་ཐབས་མེད།

ཡིན་ནའང་ད་ལྟའི་ཆར་དུས་རྒྱུན་དུ་འབྱུང་བཞིན་པའི་སྣང་ཚུལ་ཞིག་ནི་སྐྱེས་བུ་སྒེར་གྱི་རིང་ལུགས་ནང་ལྟར་ཚུགས་པའི་སྤྱི་ཚོགས་ལ་མཚོན་ན་དངོས་ཡོད་འཚོ་བའི་ནང་དུ་ནམ་ཡང་རྩ་དོན་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་དང་དགེ་སེམས། ཤེས་རབ་བཅས་ཀྱིས་འདང་གི་མེད་པ་རེད། ཤེས་རྨོངས་དང་བག་འཁུམ། ཐོར་ཞིག་བཅས་ཀྱི་སྤྱི་ཚོགས་ཀྱིས་དུས་རྒྱུན་སོ་སོ་རང་གི་རྩ་བའི་རྩ་དོན་གྱི་ཁ་དཀྱུ་བའི་ཁྲིམས་སྲོལ་དག་ངོས་ལེན་བྱེད་ཅིང་། དེ་ལྟར་སྤྱི་དམངས་ཀྱི་ཐོབ་ཐང་ལ་དོ་ཕོག་བྱུང་བའི་འབྲས་བུར་སྤྱི་ཚོགས་ཡོངས་ཁྲིམས་མེད་ལུགས་མེད་ངང་གནས་ཀྱི་ཡོད།   གལ་སྲིད་སྐྱོན་ཆ་འདི་ལྟ་བུ་ལེགས་བཅོས་བྱེད་མ་ཐུབ་པ་ཡིན་ན་སྤྱི་ཚོགས་སྤྱི་ཡོངས་ཐུན་མོང་རིང་ལུགས་ཀྱི་རྩོད་རྙོག་ནང་ལྷག་སྲིད།

གལ་སྲིད་ཁྱོད་ཀྱིས་སྤྱི་ཚོགས་ཀྱི་ཁྲིམས་ཡིག་ག་གེ་མོའི་ནང་དུ་མིའི་ཐོབ་ཐང་ལ་ངོས་ལེན་བྱས་ཡོད་ཅིང་། ཡང་སྐབས་ལ་ལར་མིའི་ཐོབ་ཐང་ལ་ངོས་ལེན་མེད་པ་ཡིན་ན་ཁྱོད་ཀྱིས་འདི་ནི་ལུགས་གཉིས་མཉམ་བསྲེས་ཀྱི་ལམ་ལུགས་ཤིག་ཡིན་པར་གོ་ནོར་གཏན་ནས་ཐེབས་མི་ཉན་པ་མ་ཟད། ཕན་ཚུན་འགལ་ཟླར་གྱུར་བའི་རྩ་བའི་རྩ་དོན་གཉིས་སྙོམས་བགོས་ཀྱིས་མུ་མཐུད་ནས་གནས་ཐུབ་པར་ཡང་ངོས་འཛིན་བྱེད་ཐབས་མེད་དེ། འདི་ལྟ་བུའི་སྤྱི་ཚོགས་ནི་ཡར་རྒྱས་འགྲོ་རྒྱུ་ཕར་ཞོག་ལྡོག་སྟེ་ཉིན་རེ་བཞིན་བྱས་ནས་མཐའ་མར་འཐོར་བརླག་ཏུ་འགྲོ་ངེས་ལ། དེ་ལྟར་འཐོར་བརླག་ཏུ་འགྲོ་བར་ཡང་དུས་ཡུན་ངེས་ཅན་ཞིག་དགོས་སྟེ། དངོས་བོ་ཅི་གང་ཞིག་ཡིན་ཡང་དེ་མ་ཐག་རྩ་མེད་དུ་འགྲོ་མི་སྲིད་པ་ལྟར་མིའི་ལུས་པོ་དེ་བཞིན་ཡིན་ལ་མིའི་སྤྱི་ཚོགས་ཀྱང་དེ་བཞིན་ནོ།

མུ་འགོད།