0366844BC51B657472B4A56C3890A19C

སྤྱིར་ང་ཚོས་ནམ་རྒྱུན་དཔེ་ཀློག་བྱེད་པ་ནི་ཤེས་བྱའི་རྣམ་གྲངས་མང་བོ་ཞིག་གསོག་འཇོག་བྱེད་པའི་ཆེད་ཁོ་ནར་འབད་ན་ནོར་བ་རེད། དེའི་ཕྱིར་དཔེ་ཀློག་བྱེད་པ་ནི་འཚོ་བར་ཁ་འབྲལ་ཐུབ་མེད་པའི་གྲུབ་ཆ་ཞིག་ཏུ་ཁོ་བོས་ངོས་འཛིན་གྱིན་ཡོད། རྒྱུ་མཚན་དེའི་དབང་གིས་ད་ཐེངས་གོ་སྐབས་ཤིག་བཙལ་ཏེ། ཐང་གི་སྡེ་སྣོད་འཛིན་པས་བརྩམས་ཤིང་སོག་རིགས་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བསྒྱུར་བའི་གནས་ཡིག{ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག}ཅེས་པ་བཀླགས་པ་ཡིན། {གཤམ་ནས་འབྱུང་བའི་ཟིན་ཐོའི་ཁྲོད་བདག་གི་ཤེས་ཚད་ཀྱི་ཡིག་རྩལ་དང་བསྟུན་ཏེ། ནང་དོན་བསྡུས་བརྗོད་ཀྱི་སྒོ་ནས་ཁ་གསལ་བོར་དགོད་རྒྱུ་ལས། འགྱུར་ཡིག་གི་ཚིག་རིས་ཇི་བཞིན་མིན་པ་མཁྱེན་པར་མཛོད།} དེ་ཡང་དེབ་འདིའི་གླེང་གཞིར་འདི་ལྟར་གསལ་ཏེ། འཇིག་རྟེན་འདིར་འཁོར་ལོས་བསྒྱུར་རྒྱལ་མི་འབྱུང་བས་ན་འཛམ་བུ་གླིང་འདིར་མི་བདག་ཆེན་པོ་བཞི་བྱོན་པར་གྲགས་ཏེ། ལྷོའི་ཆ་བརླན་གཤེར་ཆེ་བའི་གནས་སུ་གླང་བོ་ཆེ་མང་ཞིང་དེར་ལོངས་སྤྱོད་པའི་བདག་པོ་ནི་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། ནུབ་ཀྱི་ཆ་རྒྱ་མཚོ་དང་ཉེ་ཞིང་རིན་པོ་ཆེ་མང་བོ་འབྱུང་བའི་གནས་སུ་རིན་པོ་ཆེའི་བདག་པོ་ནི་རིགས་ལྡན་ནོར་གྱི་རྒྱལ་པོ། བྱང་གི་ཆ་གྲང་ལྷགས་ཆེ་བའི་ཡུལ་དུ་རྟ་མང་ཞིང་གཙོ་བོར་དེ་ལ་ལོངས་སྤྱོད་པའི་བདག་པོ་ནི་སྟག་ཟིག་ཧོར་གྱི་རྒྱལ་པོ། ཤར་གྱི་ཆར་མི་ཆོས་དར་སོ་ཆེ་ཞིང་ཞིབ་ལ་མི་མང་བོ་འདུས་པའི་བདག་པོ་ནི་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་བཅས་ཡོད་ལ། དེར་གནས་པའི་འགྲོ་བ་མི་དག་གི་ཡུལ་སྲོལ་གོམས་གཤིས་ནི་འདི་ལྟར། རྒྱ་གར་བ་ནི་དཔའ་མཛངས་རྟུལ་ཕོད་ཆེ་ཞིང་སློབ་གཉེར་ལ་སྡུག་སྲོན་ཐུབ་པ། ལྷ་ཆོས་ལ་དགའ་བ། སྐྲ་ཕོན་སྤྱི་བོར་བཅིངས་ཤིང་ལན་ཚར་འཕྱངས་པ། སྐ་རགས་ཞེང་ཆེན་བཅིངས་ཤིང་དཔུང་གཡས་རྗེན་པར་ཕྱུང་བ། ཁ་སྤུ་མཐུག་པ། མི་རང་རང་རིགས་བསྡུས་ཀྱིས་གྲོང་དང་གྲོང་ཁྱེར་རྣམས་སུ་ཡོད་པའོ། ། རིགས་ལྡན་པ་ནི་ཚུལ་ལུགས་ཇི་མི་སྙམ་པ་མཛེས་ཆོས་ཆུང་བ། རང་གཤིས་གྱོང་ཞིང་ནོར་སྲེད་ཆེ་ལ་སྐྲ་བྲེག་ཅིང་སྨ་ར་རིང་བ། གོས་འཁྲུན་ཐུང་ལ་ཐུ་བ་སྟེང་མ་གཡོན་དུ་བསྣོལ་བ། མཁར་རྫོང་རྣམས་སུ་བརྩིགས་པའི་ཁང་བར་སྡོད་པའོ། ། སྟག་ཟིག་པ་ནི་ཤ་ཁྲག་ལ་རོལ་ཞིང་གསོད་གཅོད་ལ་མི་འཛེམ་པ། ཕྱིང་བའི་གུར་ལ་གནས་ཤིང་རྟ་ཕྱུགས་ཀྱི་ཆེད་དུ་རྩྭ་གང་བཟང་དང་ཆུ་གང་འཛོམས་སར་སྤོ་སྡོད་བྱེད་ཀྱིན་ཡོད་པས་གནས་ངེས་མེད་དུ་འཚོ་བའོ། ། རྒྱ་ནག་པ་ནི་བྱད་བཞིན་ལ་ངེས་པ་མེད་ཀྱང་ཕལ་ཆེར་གཟུགས་བཟང་ཞིང་གཤིས་རྒྱུད་ཅུང་འཇམ་ལ་བློ་རྣོ་བ། འཇིག་རྟེན་པའི་ལུགས་ལ་གཙིགས་ཆེ་ཞིང་ཞིབ་པ། ཐུན་མོང་གོས་ཀྱི་གོང་བ་སྟེང་མ་གཡས་སུ་བསྣོལ་ཞིང་ཚུལ་ལུགས་གཙོ་བོར་འཛིན་པ། ཞྭ་གོས་རྒྱན་སོགས་རྒྱལ་བློན་དང་དམངས་ཀྱི་མཆོག་དམན་གྱི་དབྱེ་བས་དབྱིབས་དང་ཁ་དོག་མི་འདྲ་བར་ཡོད་པ། འབྲུ་སྣ་ཚོགས་ཀྱི་ཞིང་འདེབས་ཤིང་མཁར་རྫོང་རྣམས་སུ་བོང་བའི་ཁང་བ་དང་མཁར་བརྩིགས་རྣམས་སུ་འཚོ་སྡོད་བྱེད་པ་སྟེ། སོ་སོའི་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར་ཀྱང་ཚིག་ཉུང་དོན་གསལ་གྱིས་བཀོད་འདུག ངས་ནི་ད་ལྟའི་བར་དུ་ཐོས་མ་མྱོང་བའི་རིགས་ལྡན་ནོར་གྱི་རྒྱལ་པོ་ཟེར་བ་ཞིག་གློ་བུར་དུ་གླིང་འདིའི་ནུབ་མཐའ་ནས་བུད་པས་མགོ་རྨོངས་ཤིང་། གཞན་སྟག་གཟིག་ནོར་གྱི་རྒྱལ་པོ་ཟེར་བ་ཞིག་རྒྱལ་རབས་གསལ་མེས་མཚོན་པའི་ལོ་རྒྱུས་དཔེ་ཆ་ཁ་ཤས་ལས་མཐོང་བ་མ་གཏོགས་རིགས་ལྡན་ནོར་གྱི་རྒྱལ་པོ་དང་སྟག་ཟིག་ཧོར་གྱི་རྒྱལ་པོ་ཟེར་བ་ཞིག་ད་ལྟའི་བར་དུ་ཕྲན་གྱི་མཐོང་ཐོས་སུ་མ་གྱུར་པས་ལན་ཏེ་ཟིན་ཕྲན་འདིའི་ཐོག་མར་དགོད་རྒྱུ་བྱུང་། གོང་གི་གླེང་གཞི་ལས་འཕྲོས་པའི་སྐད་ཆ་འདི་དག་ཐང་བཙུན་གྱི་གསུང་མིན་པར་ཡིག་སྒྱུར་པ་གུང་ལོ་ཆེན་མགོན་པོ་སྐྱབས་ཀྱི་སྐད་ཆའོ། །

མུ་མཐུད་དེ་ཀློག་པའི་བར་གསེང་ཞིག་ཏུ་རྣ་བར་མི་འབབ་པའི་སྒྲུང་ཐུང་ཞིག་འདི་ལྟར་གྲག་འོང་། གུ་ཚེའི་ཡུལ་ཟེར་བ་ན། དད་བརྩོན་ཆེ་བའི་རྒྱལ་པོ་གསེར་གྱི་མེ་ཏོག་ཟེར་བ་ཞིག་ཡོད་པ་བར་སྐབས་ཤིག་གི་རིང་ཡུལ་གང་སར་མཆོད་མཇལ་གནས་སྐོར་ལ་འགྲོ་འདུན་ཆེ་བས། ཡུལ་སྲུང་བར་རང་གི་ནུ་བོ་བསྐོས་ཏེ་ལམ་དུ་ཆས་སྐབས། ནུ་བོས་གསེར་སྒམ་ཆུང་ཆུང་ཞིག་རྒྱལ་པོར་གཏད་དེ། སྐུ་ཉིད་ཕྱིར་རྒྱལ་སར་མ་སླེབས་བར་དུ་ཁ་མ་འབྱེད་རོགས་ཞུ་ཞོར་ལྡེ་མིག་ནུ་བོ་རང་ཉིད་ནས་བཟུང་། སྐབས་དེར་རྒྱལ་པོས་ཅི་ཡིན་དྲིས་པའི་ལན་དུ། ཕྲ་མ་རྩུབ་ཅིང་ཕྲ་མ་རྣོ། ཕྲ་མ་སྟོབས་ཆེན་ཕྲ་མ་འཇིགས་ཞེས་པའི་ཚིག་རྐང་གཉིས་ཕུལ་འདུག དེ་ནས་རྒྱལ་པོ་ལོ་ཤས་རིང་གནས་སྐོར་མཛད་ནས་ཕྱིར་ཕེབས་པ་ན། ཕྲ་མ་མཁན་དག་གིས་ནུ་བོ་དང་རྒྱལ་པོའི་བཙུན་མོ་གཉིས་མཛའ་གཅུགས་ཡིན་ཚུལ་སོགས་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོ་ཐུགས་ཁྲོས་ཏེ་དེ་ལུགས་ནུ་བོར་དྲིས་པའི་ཚེ་ན། ནུ་བོས་ལྡེ་མིག་ཕུལ་ཏེ་གསེར་སྒམ་ཆུང་ངུའི་ཁ་འབྱེད་རོགས་ཞུས་པས། སྒམ་ནང་དུ་ནུ་བོའི་ཕོ་མཚན་འདུག་པ་མཐོང་བས་རྒྱལ་པོ་ངོ་མཚར་བ་དང་ཧ་ལས་ཏེ་སྨྲ་བ་མེད་པར་གྱུར་ཅིང་། བརྩེ་སེམས་ལྷག་པར་འཕེལ་ཏེ་གཟིམ་ཁང་དུ་ནངས་ནུབ་མེད་པར་འགྲོ་རུང་བའི་གནང་བ་བྱིན་ནོ། ། ཐེངས་ཤིག་རྒྱལ་པོའི་ནུ་བོ་གྲོང་བར་དག་ཏུ་རྒྱུ་བའི་ཚེ་ན་ཤན་པ་ཞིག་གིས་བ་ལང་མང་བོ་བསྡུས་ཏེ་གྲི་བདར་གྱིན་པ་མཐོང་བས་ཅི་བྱེད་པ་ཡིན་ཞེས་དྲིས་པས། ཤན་པས་བསད་ཅིང་དུམ་བུར་གཏུབས་ཏེ་གཡོས་སུ་སྦྱོར་བ་ཡིན་ཞེས་ལན་བཏབ། ནུ་བོས་རང་ལ་དཔགས་ཏེ་སྙིང་རྗེ་སྐྱེས་པས་བ་ལང་དེ་དག་རིན་གྱིས་ཉོས་ཤིང་མི་འཇིགས་སྐྱབས་སྦྱིན་གྱིས་ཐར་པར་བྱས་སོ། ། དགེ་རྩ་དེས་མཐོང་ཆོས་ཀྱི་ལས་སྨིན་ཏེ་ནུ་བོའི་ཕོ་མཚན་ཉིན་སྐྱེས་མཚན་སྐྱེས་ཀྱིས་སྔོན་མ་ལྟར་སོས་པར་གྱུར་བས། ནུ་བོས་སྔར་བཞིན་གཟིམ་ཁང་ལ་འཇུག་པའི་འཕྲོ་བཤོལ་ཏེ་རབ་ཏུ་བྱུང་བའི་འདུན་པ་རྒྱལ་པོ་གསེར་གྱི་མེ་ཏོག་ལ་ཞུ་ཞོར། རྒྱུ་མཚན་དག་ཇི་ལྟ་བ་བཞིན་སྨྲས་པས་རྒྱལ་པོ་ལྷག་པར་དད་དེ། གཙུག་ལག་ཁང་བརྩིགས་ཤིང་དགེ་འདུན་གྱི་སྡེ་ཡང་བཙུགས་ཞེས་ངོ་མཚར་གཏམ་རྒྱུད་ཅིག་གི་འོབས་སུ་ཚུད་དེ་ཀློག་མཚམས་བཞག་པ་ཡིན།

བདག་གིས་སྔོན་ཆད་གོ་མྱོང་བའི་བོད་ཀྱི་གཏམ་རྒྱུད་ཅིག་སྟེ། བླ་མ་རྟོགས་ལྡན་ཞིག་བྱང་ཕྱོགས་ཤམ་བྷ་ལར་ཕེབས་ཀྱིན་པ། མདུན་འདུག་པ་གྲྭ་བ་ཞིག་ཡོད་པས་ཤེས་ཏེ་རྗེས་བསྙེགས་པའི་དགོད་གཏམ་ཞིག་རེད། བླ་མའི་ཆིབས་རྟ་དེ་ནངས་སྔ་མོར་རྔུལ་ཆུ་ཁྲོམ་ཁྲོམ་དུ་ཡོད་པ་མཚམས་ལན་རེར་མཐོང་རྒྱུ་འདུག་པས། མདུན་འདུག་པ་དོགས་པ་ཟོས་ཏེ་བརྟག་པ་ན། ནམ་གུང་ཙམ་ལ་བླ་མ་བཞེངས་ཏེ་ཆིབས་པར་ཞོན་ནས་ཕེབས་ཀྱིན་པ་མཐོང་བས་ངོ་མཚར་ཏེ། ཁོས་ཐེངས་ཤིག་རྗེས་འདེད་དགོས་བསམ་སྟེ། བླ་མ་ཆིབས་གོང་དུ་ཕེབས་པའི་འཕོངས་ལ་ཞོན་ཏེ་ཤམ་བྷ་ལར་ཕྱིན་པའི་བླུན་པོ་ངོ་མཚར་སྐྱེད་པའི་གཏམ་རྒྱུད་ཅིག་ཡོད། གཤམ་དུ་དེ་དང་ཅུང་ཕྱོགས་མཚུངས་པའི་སྒྲུང་ཞིག་སྟེ། གྷན་དྷ་ར་ཞེས་པའི་ཡུལ་དུ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་སློབ་དཔོན་ཞིག་ཡོད་ཅིང་། ཡུལ་དེ་དང་ཉེ་བའི་ཆར་གངས་རིའི་སྤོ་ལ་མཚོ་ཞིག་ཡོད་པའི་ནང་དུ་ཀླུའི་རྒྱལ་པོ་ཞིག་ཡོད་པ་དེས་རྟག་པར་དགྲ་བཅོམ་པ་ཁོང་གདུགས་ཚོད་ལ་དྲངས་ཏེ་བཀུར་སྟི་བྱེད་ཀྱིན་ཡོད་པས། ཉིན་བཞིན་གདུགས་ཚོད་ལ་བབས་པ་ན་དགྲ་བཅོམ་པས་རྩྭ་དུར་བའི་ཁྲི་སྟན་ལ་བསྡད་ནས་ནམ་མཁར་འགྲོ་འོང་བྱས་པ་ལ། ལན་ཅིག་ཉེ་གནས་དགེ་ཚུལ་ཞིག་ཡོད་པ་ཁྲི་སྟན་འོག་ཏུ་ཡིབ་ཅིང་། དུས་ལ་བབས་པ་ན་ཁྲི་སྟན་ལ་འཇུས་ཏེ་འོང་བས། ཀླུའི་རྒྱལ་པོས་དཔོན་སློབ་གཉིས་ཀ་ལས་དགྲ་བཅོམ་པ་ལ་ལྷའི་ཞལ་ཟས་དང་དགེ་ཚུལ་ལ་མིའི་ཟས་སྟོན་དྲངས་པས་དགེ་ཚུལ་གྱིས་ཚོར་ཏེ་ཁོང་ཁྲོ་ཆེན་པོས་སྨོན་ལམ་ལོག་པར་བཏབ་པའི་རྣམ་པར་སྨིན་པས། ཚེའི་འདུ་བྱེད་བོར་ཏེ་ཀླུ་མ་རུང་བ་སྐྱེས་ནས་ཀླུ་རྒྱལ་འཁོར་བཅས་བསད་དེ་ཀླུ་ཡུལ་དབང་དུ་བསྒྱུར་བའི་གནས་ཚུལ་རྣམས་རིམ་གྱིས་ཡུལ་གྱི་རྒྱལ་པོས་ཐོས་ཤིང་དམག་ཚོགས་དྲངས་ཏེ་མཚོ་སྐེམ་པར་ཆས་པའི་རྣམ་པ་དག་ནི། དེང་གི་བརྙན་འཕྲིན་དག་ལས་མཐོང་བའི་སྤྲེལ་རྒྱལ་སུང་གིས་ལྷ་ཡུལ་དཀྲུགས་པའི་སྐབས་ཀྱི་སྤྲུལ་སྒྱུར་དམག་འཁྲུག་གི་ཉམས་དང་འདྲ་བའི་སྣང་བ་སྟེར་ལ། གཞན་ངས་་སྔོན་ཆད་ཐོས་མྱོང་བའི་གཏམ་རྒྱུད་ཁྲོད་ཀྱི་མདུན་འདུག་པ་དེ་དང་འདིར་གསལ་བའི་དགེ་ཚུལ་ལོག་སྤྱོད་པ་གཉིས་ཀ་གཏན་ནས་མི་འདྲ་བའི་ཚུལ་སོགས་འདིར་མ་འབྲེལ་བས་བཞག

ཡང་དེང་སང་འབྱུང་བཞིན་པའི་གཏམ་རྒྱུད་དག་དང་འདྲ་ཆེས་པའི་སྒྲུང་ཞིག་སྟེ། སྔོན་སྤྲང་བོ་ཞིག་གིས་སློང་མོ་བྱས་པའི་གསོག་འཇོག་གསེར་ཊམ་གཅིག་ཡོད་པ་དེས་སྟོན་པའི་སྐུ་འདྲ་ཞིག་བཞེངས་པར་འདོད་ནས་ལྷ་བྲིས་པ་ཞིག་ལ་གསེར་དེ་ཕུལ་ནས་འདོད་དོན་གསོལ་བ་བཞིན་ལྷ་བཟོས་ཁས་བླངས་པ་དང་། སྐབས་དེར་མི་གཞན་པ་ཞིག་གིས་ཀྱང་དེ་ལུགས་དགོས་ཚུལ་ལབ་པས་དེ་ཡང་ཁས་བླངས་ཏེ། ལྷ་བཟོས་གཅིག་གྲུབ་པ་ན་སྦྱིན་བདག་གཉིས་ཀ་མཉམ་གཅིག་ཏུ་ལྷ་བཟོ་བའི་མདུན་སར་སླེབས་པའི་ཚེ། ལྷ་བཟོ་བས་བཞེངས་གྲུབ་ཟིན་པའི་སྟོན་པའི་ལྷ་སྐུ་གཅིག་པོ་དེ་མཛུབ་མོས་རིམ་པ་བཞིན་བསྟན་པས། ཁོ་གཉིས་དོགས་པ་ཟོས་པ་ན། བཟོ་བས་ནི་ཁྱེད་གཉིས་ཀྱི་གསེར་ཊམ་ཆུད་ཟོས་སུ་སོང་ཡོད་པ་མ་རེད། ལྷས་རྫུ་འཕྲུལ་བསྟན་པ་ཡིན་ལས་ཆེ་ཟེར་བའི་མོད་ལ། དེ་མ་ཐག་ཏུ་ཐུབ་དབང་གི་སྐུ་དེའི་རྣམ་པ་འགྱུར་ཏེ་སྐུ་སྟོད་ཆ་གཉིས་དང་སྐུ་སྨད་ཆ་གཅིག་ཏུ་སྣང་བར་གྱུར་པས་སྦྱིན་བདག་གཉིས་དགའ་མགུས་ཕྱག་བཙལ་བར་བྱས་པའི་བྲིས་སྐུ་སྲིད་དུ་འདོམ་གསུམ་ཁྲི་གང་བ། སྟོད་ཆ་སྐུ་གཉིས་ཡིན་པ་ལ་སྨད་ཆ་གཅིག་ཡིན་པའི་བྲིས་སྐུ་ཆེན་པོ་ཞིག་རྒྱ་གར་གྷན་དྷ་རའི་ཡུལ་དུ་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཡོད་པར་གསལ་ཞིང་། ང་ཚོའི་དེང་གི་རྒྱ་གླ་དག་གིས་སྐུ་གཟུགས་མཆོད་རྟེན་བཞེངས་སྟངས་ཀྱང་འདི་དང་འདྲ་བར་མ་ཟད། འདི་ལས་བརྒྱ་འགྱུར་གྱིས་བརྒལ་ཡོད་མོད། འོན་ཀྱང་ཤེས་དགོས་པ་ཞིག་ནི་ང་ཚོའི་སྐུ་གཟུགས་མཆོད་རྟེན་རྣམས་ལ་ནི་རྒྱ་གར་ཐུབ་སྐུ་ལྟ་བུའི་འགྱུར་བ་ནི་གཏན་ནས་ཡོང་མི་སྲིད་པ་དེའོ། །

དེ་ལྟར་མུ་མཐུད་དུ་བཀླགས་ཏེ་ཉོབ་སྣང་ཞིག་སྐྱེས་པའི་སྐབས་སུ། གློ་བུར་དུ། འུ་ཅག་བོད་ཀྱི་སྤྲུལ་སྐུ་མང་ཆེ་བ་སྔ་མ་དག་ལས་ཕྱི་མ་ཇེ་སྡུག་ཏུ་འགྲོ་བའི་ཚུལ་དེ་རྒྱ་གར་གྱི་སྒྲ་རིག་སྨྲ་བའི་སློབ་དཔོན་ཆེན་པོ་བྲམ་ཟེ་པ་ཎི་བའི་སྟེང་ལ་བྱུང་འདུག་པའི་ཚུལ་གསལ་བོར་བཀོད་འདུག་པ་མཐོང་བྱུང་། འདི་སྐད་དུ་ཐོས་ཏེ་ཁ་ཆེའི་ཡུལ་ནས་རྒྱ་གར་དུ་བྱོན་པའི་དགྲ་བཅོམ་པ་ཞིག་ལྗོངས་རྒྱུ་བའི་ཚེ་ན། བྲམ་ཟེ་ཞིག་གིས་རང་གི་བུ་ལ་སྒྲ་སློབ་པའི་ཕྱིར་སྤྱོས་ཤིང་བརྡུངས་པ་མཐོང་བས། དགྲ་བཅོམ་པས་བྲམ་ཟེ་ལ་རྒྱུ་མཚན་དྲིས་པའི་ལན་དུ། སྒྲ་རིག་པ་སློབ་པར་བརྩོན་འགྲུས་མི་བསྐྱེད་དོ་ཟེར་བས། ཁོང་བཞད་མོ་ཞིག་ཤོར་བས་བྲམ་ཟེ་ན་རེ། སྤྱིར་དགེ་སྦྱོང་ནི་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཡིན་པས་བདག་ལ་འཕྱ་མི་འོས་ཟེར་བ་ན། དགྲ་བཅོམ་པས་ག་ལ་སྟེ་ལོ་རྒྱུས་ཤིག་དྲན་པས་ཡིན་གསུངས། བྲམ་ཟེ་ནས་ཉན་འདོད་ཆེ་བས་གསུང་བར་ཞུས་པའི་ཚེ། དགྲ་བཅོམ་པས་ཁྱོད་ཡིད་ཆེས་སམ་དྲིས་པས་བྲམ་ཟེས་སྐྱོན་མེད་ཤོད་ཟེར་རོ། ། དགྲ་བཅོམ་པས་སྔོན་དུས་སྒྲ་རིག་པར་ཤིན་ཏུ་མཁས་པ་བྲམ་ཟེ་པ་ཎི་ཞེས་བྱ་བ་ཁྱོད་ཀྱིས་ཐོས་མྱོང་ངམ་ཟེར་བ་ན། བྲམ་ཟེ་ནས་ཐོས་མྱོང་བར་མ་ཟད་རྒྱུས་མངའ་ཧ་ཅང་ཆེ། ཡུལ་འདི་ནི་སློབ་དཔོན་པ་ཎི་བའི་འཁྲུངས་ཡུལ་ཡིན་པས། མི་ཐམས་ཅད་ནས་སྒྲ་ལ་སློབ་གཉེར་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཟེར། དེ་ནས་དགྲ་བཅོམ་པས་ཁྱེའུ་འདི་ནི་པ་ཎི་བའི་སྐྱེ་བ་ཡིན་པ་ཁྱོད་ཀྱིས་མི་ཤེས་ཤིང་སློབ་དཔོན་རང་ཉིད་ཀྱང་ད་དུང་ཐར་བ་ཐོབ་མི་འདུག་པས་སྙིང་རེ་རྗེ་གསུངས་འདུག་པར་དཔགས་ན། འུ་ཅག་བོད་ཀྱི་སྤྲུལ་སྐུ་ཚོ་རྡིབས་ཀྱིན་འདུག་པ་འདིར་ཡང་ཁག་མི་འདུག་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སླེབས་བྱུང་།

ཡིག་ནོར་གྱིས་ཁེབས་པའི་བོད་འགྱུར་གནས་ཡིག་འདི་བཀླགས་པས་བློ་སྐྱེད་ཟེར་ན་མི་ཤེས་ཏེ་བོད་ཀྱི་ཆོས་ཕྱོགས་ཀྱི་ལྷ་སྒྲུང་མང་དག་ཅིག་རྒྱ་གར་དང་འབྲེལ་ཡོད་སྟབས། བོད་ཀྱི་དད་པ་རླུང་ཞོན་མ་ཚོ་གནས་མཇལ་ལ་འགྲོ་ཐུབ་ན་བྱིན་རླབས་ཞུ་སའི་ས་རྡོ་རི་ཆུ་མང་བའི་སྣང་བ་ཞིག་སྦྱིན་སོང་། དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན། ཡུལ་གྷ་དྷ་ར་ནའི་རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་མཛད་དེ་བཀའ་བསྡུ་གསུམ་པ་མཛད་པར་དགོངས་པའི་སྐབས་སུ། རྒྱལ་པོས་ཕྱོགས་བཞིར་དྲིལ་བསྒྲགས་པ་བཞིན་རིས་སུ་མ་ཆད་པའི་དགེ་འདུན་བཞི་བརྒྱ་དགུ་བཅུ་རྩ་དགུ་བྱུང་ཞིང་། ལྔ་བརྒྱར་གཅིག་གིས་མ་ལོངས་པའི་ཚབ་ཏུ་སློབ་དཔོན་དབྱིག་བཤེས་རུང་དང་མི་རུང་ཞེས་ཐམས་ཅད་ཐེ་ཚོམ་ཟོས་ཏེ། ཟན་རིལ་གྱི་བརྟགས་བསྒྲིལ་བྱས་པས་ཟན་རིལ་ས་ལ་མ་ལྷུང་བར་བར་སྣང་ནས་ལྷ་རྣམས་ཀྱིས་བཟུང་འདུག་པས་ཐམས་ཅད་ངོ་མཚར་ཏེ་གྲངས་ཚང་བར་བྱས་ཞེས་གསལ་བས། རང་ཅག་བོད་པའི་སངས་རྒྱས་གསོན་པོ་འདི་དག་ཀྱང་ཟན་རིལ་བརྟགས་བསྒྲིལ་གྱིས་ཐག་གཅོད་ཀྱིན་ཡོད་པར་སྙིང་པོ་གཏན་ནས་མི་འདུག་པ་ཞིག་མིན་པ་འདྲ་མོད། འོན་ཀྱང་ངེད་ཚོའི་ཟན་རིལ་དག་ནི་བར་སྣང་ན་རྒྱུ་བའི་ལྷ་ཚོགས་ཀྱི་སྤྱན་ལམ་དུ་ཐོན་ལ་ཉེ་སྐབས་བར་གྱི་མི་ངན་དག་གི་འདྲེ་ལག་བརྐྱངས་ཉེས་ཀྱིས་ཁྲི་ཁར་བདུད་ཞུགས་པ་མང་བོ་འདུག་པ་ཀུན་ལ་གསལ་ངེས་སུ་ཆེ་བ་འདིར་སྨོས་མི་དགོས་པ་བཞིན་ནོ། །

དེ་དག་ལས་ཀྱང་ངོ་མཚར་བ་ཞིག་སྟེ། དད་པ་དང་ལྡན་པའི་སྐྱེ་བོ་དག་གི་དང་བ་འདྲེན་པ་གཞན་ཞིག་ཡོད་པ་ནི། ཁོར་ཡུག་ཏུ་རྒྱང་གྲགས་དྲུག་སྟོང་བརྒལ་བའི་རྒྱ་གར་མཉན་དུ་ཡོད་པའི་ཡུལ་གྱི་ཆར་ས་གཤོངས་ཆེན་པོ་གཉིས་ཀྱི་སྒྲུང་ཞིག་འདུག་པ་དེའོ། ། དེ་ཡང་རྒྱལ་པོ་བྲེའོ་ཟས་ཀྱི་བུ་ལྷས་བྱིན་ནི་བདག་ཅག་གི་སྟོན་པ་དང་ཤ་ཁྲག་རུས་གསུམ་གྱིས་འབྲེལ་ཡོད་པ་དང་། ནམ་རྒྱུན་ཁོས་སྟོན་པར་ངོ་ལོག་རྐྱང་སྒྲུབ་ཀྱི་ལས་སུ་ཞུགས་ཀྱིན་ཡོད་པ་ཚང་མས་ཤེས་གསལ་བཞིན་ད་ཐེངས་ཏེ། ལྷས་བྱིན་གྱི་ཚེ་མཇུག་ཏུ་མི་དགེ་བའི་བཤེས་ངན་ཞིག་གི་ངག་བཀོད་ལྟར་རེག་དུག་མི་བཟད་པ་རང་གི་སེན་བར་དུ་བཅུག་སྟེ་སྟོན་པའི་སྐུ་ལ་བྱུགས་པའི་རྣམ་པར་སྨིན་པས། ས་གཞི་གས་ཏེ་གསོན་པོའི་ངང་དུ་དམྱལ་བ་མནར་མེད་དུ་ལྷུང་བའི་ས་ཡིན་ཞེས་གཤོངས་ཆེན་ཞིག་ཡོད་པར་བཤད་འདུག ཡང་འདི་ལྟར་ཐོས་ཚེ་ཆེན་པོ་དག་གིས་ཐེག་པ་ཆེ་ཆུང་ལུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གཏམ་རྒྱུད་དྲུད་མ་འོང་། འདི་ནི་ཐང་བཙུན་གྱིས་མཐོང་བའི་དངོས་བྱུང་གཏམ་རྒྱུད་དུ་བྲིས་འདུག ད་དུང་དེ་དང་ཐག་མི་རིང་བའི་སའི་ཆར་གཤོངས་ས་ཆེན་པོ་ཞིག་ཡོད་དེ། སྔོན་ཆད་ནང་བར་མི་དད་པའི་ཕྱི་རོལ་བའི་བྲམ་ཟེ་མོ་ཞིག་གིས་ཤིང་གཞོང་ཞིག་པང་དུ་བཅངས་ནས་རྒྱལ་བྱེད་ཚལ་དུ་ཕྱིན་ཏེ། ཚོགས་པའི་ནང་དུ་སྐད་ཤུགས་ཆེན་པོས། དགེ་སྦྱོང་གོོ་ཏ་མ་དགེ་སྦྱོང་གི་ཚུལ་ལས་ཡོངས་སུ་ཉམས་པ་ཡིན་ན། ད་དུང་ངོ་མི་ཚ་བར་ཚོགས་པའི་མགོ་བོ་སྐོར་རམ། འདི་ནི་ཁྱོད་ཀྱི་བུ་མིན་ནམ་ཞེས་བསྒྲགས་པའི་ཚེ་བརྒྱ་བྱིན་བྱི་བ་ཞིག་ཏུ་སྤྲུལ་ནས་མོའི་སྨད་གཡོག་གི་བཅིངས་ཐག་བཅད་པས་གཞོང་བ་ས་རུ་ལྷུང་བས་ས་ཆེན་པོ་གཡོས་སོ། ། དེ་ནས་མི་དག་གིས་གཞོང་བ་བླངས་ཏེ་འདི་ཁྱོད་ཀྱི་བུ་ཡིན་ནམ་ཞེས་དྲིས་ཤིང་ཁྱེར་ཅིག་ཅེས་གཏད་པས། བྲམ་ཟེ་མོ་ཤིན་ཏུ་ངོ་ཚ་བའི་ངང་ལ་ས་གས་ཏེ་ན་རག་ཏུ་གསོན་པོར་ལྷུང་བའི་ཤུལ་གཤོངས་ཏེ། གཤོངས་ས་འདི་གཉིས་ཀར་དབྱར་དུས་ཆར་ཆུ་ཇི་ཙམ་ཆེ་ཡང་ཆུས་མི་ཁེངས་པར་བཤད་འདུག ཡ་མཚན་པ་ཞིག་ནི། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་མ་དོར་བར་མཁའ་སྤྱོད་དུ་གཤེགས་པ་དང་འཇའ་ལུས་བརྙེས་ཟེར་བ་དེ་འདྲ་ང་ཚོའི་སྔོན་ཆད་ཀྱི་དམ་པ་གོང་མ་དག་གི་རྣམ་ཐར་ལོ་རྒྱུས་དང་ངག་སྒྲོས་དག་ལས་མཐོང་བ་དང་ཐོས་པ་ཡོད་མོད། འོན་ཀྱང་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་མ་དོར་བར་གསོན་པའི་ངང་དུ་དབང་ཆེན་གསེར་གྱི་ས་གཞི་འདི་གད་ནས་དམྱལ་བར་ལྷུང་ཞེས་པའི་སྐྲག་སློང་ངག་རྒྱུན་རེ་ཟུང་བྱིས་དུས་སུ་ཐོས་པ་མ་གཏོགས་ཡིག་ཐོག་ནས་དངོས་སུ་མཐོང་བ་ནི་ཐོས་ཆུང་སྐལ་དམན་བདག་ལ་ནི་ད་རེས་ཙམ་ཡིན་ནོ། །

སྤྱིར་ཐང་གུར་སྐབས་ཀྱི་རྒྱ་གར་ཞིང་བཀོད་ལས་འཕྲོས་པའི་གནས་ཡིག་འདིར་ཀློག་རིན་ཧ་ཅང་ཆེ་ངེས་མོད། ང་ལ་མཚོན་ན་དེ་འདྲའི་ཚོར་བ་ཞིག་གཏན་ནས་མ་སྐྱེས་པས་མཇུག་ཆར་བམ་ཀློག་གིས་བསྐྱལ་བ་ཡིན། རྒྱུ་མཚན། ཀློག་ཀྱང་ཁག་པོ་ཡིན་པའི་སྒྲ་སྦྱོར་ཡིག་ཧྲུལ་དང་དོན་ལ་གནོད་པའི་ཡིག་ནོར་དེ་དག་གིས་སུན་སྣང་སྟེར་བས་ཡིན། གུང་ལོའི་བོད་འགྱུར་འདི་ལ་བལྟས་ཡོང་ན་དེང་སང་གང་སར་ཁྱབ་པའི་བོད་པ་ཚོའི་ལད་འབྲིའི་འགྱུར་ཡིག་དེ་དག་ལེགས་པར་མཐོང་སོང་། དཔེ་ཀློག་འདིའི་ཁྲོད་ནས་རྙེད་པ་གཞན་ཞིག་ནི་རྒྱ་དཀར་ནག་དང་འདབས་འབྲེལ་བའི་བོད་བཙན་པོའི་དབུ་འཕང་དགུང་ལ་སྙེག་གིན་པ་སྐབས་དེའི་ཐང་ཡིག་སོགས་སུ་གསལ་མོད། འོན་ཀྱང་ཐང་བཙུན་གྱིས་ལམ་ཡིག་འདིར་བོད་ཅེས་པའི་ཐ་སྙད་གཅིག་ཙམ་མ་གཏོགས་བཀོལ་མི་འདུག་པས། ང་ཚོ་ནི་ན་ལེན་དྲའི་མཁན་པོ་ཁོང་གི་ལམ་ཁར་མ་ཁེལ་བའམ་མིག་ལམ་དུ་མ་སོན་པས་ཡིན་སྲིད། གཞན་དཀར་ཆག་འདིར་ཡ་མཚན་རྟོག་བཟོ་ལྟ་བུའི་ལྷ་སྒྲུང་ཧ་ཅང་མང་མོད། ཚང་མ་བྲིར་མ་ལངས་ཤིང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་ཏེ། སྒང་བ་བོད་ཀྱི་མྱི་ཆེན་གྱིས་རྒྱ་ས་པེ་ཅིན་དུ་བྲིས།

2016.4.23