image

ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན༽ཞེས་པའི་སྒྲུང་འདི་ད་ལོར་ཅུང་སྐད་གྲགས་ཆོད་ཡོད་པའི་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་སྒྲུང་འབྲིང་བརྩམས་ཆོས་ཤིག་རེད། དེ་རིང་བཟའ་མི་རྣམས་དང་ལྷན་དུ་གླིང་ཀ་གཏོང་བཞིན་བཀླགས་པ་ཡིན།

རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ནི་ང་རང་ཆེས་དགའ་སའི་ན་གཞོན་སྒྲུང་འབྲི་མཁན་ཁྲོད་ཀྱི་གཅིག་ཡིན་ཏེ། ཁོང་གིས་སྒྲུང་འབྲི་བ་དེ་འཚོ་ཚིས་ཀྱི་དམིགས་ཡུལ་ཙམ་ལ་ངེས་འཛིན་གྱིན་མེད་པར། རང་གི་བསམ་རྒྱུན་དེས་མི་རབས་གཅིག་གམ་ཡང་ན་དུས་སྐབས་གཅིག་གི་འགྲོ་བ་མིའི་འཚོ་གནས་ཀྱི་འཕོ་འགྱུར་དང་སེམས་ཁམས་སྐོར་བརྗོད་སྙིང་དུ་འཛིན་པར་མོས་པས། ཁོང་གི་སྒྲུང་ཕལ་ཆེ་བ་རུ་དེང་སང་གཏམ་རྒྱུད་ཀྱི་བྱུང་རིམ་ཁོ་ན་ཙམ་རྒྱུ་མ་ཕུད་འདེད་བྱེད་པ་དང་། ལོ་བཅུའི་ཟིང་བཀོད་སོགས་ལས་སེམས་ཁམས་བཙན་སྒྲིག་བྱེད་པ། ཞིབ་འབྲི་ཁོ་ན་སྒྱུ་རྩལ་དུ་བཟུང་སྟེ་རྗོད་པའི་ཚིག་ཚོགས་ཀྱིས་ཀློག་པ་པོར་ངལ་བ་བསྐྱེད་པ་དེ་འདྲ་ཞིག་མ་ཡིན་པར། རྗོད་བྱེད་ཚིག་ལ་སྙན་ངག་གི་འགྱུ་ཆ་དོད་ཅིང་བརྗོད་བྱ་ཧྲིལ་བོ་དཀྱིལ་འཁོར་གཅིག་གི་ནང་དུ་འདུས་པའི་སྒྱུ་རྩལ་གྱིས་ཀུན་ནས་ཕྱུག་པ་མ་ཟད། སྒྲུང་གི་བྱུང་རིམ་ལ་(མང་ཐའེ་ཆིའི)ཐབས་རྩལ་སྤྱོད་མཁས་སུ་འདུག་པས། ཤོག་ངོས་རེ་རེ་བཞིན་དུ་སྒྲུང་གསར་རེ་ཀློག་པ་ནང་བཞིན་གྱི་ལྷོད་ཆ་དེ་བསྐྲུན་མཁས་སུ་ཡོད་པ་རེད།

དེ་ལ་ཡང་ཁོང་གི་སྔ་མར་བརྩམས་གྲུབ་བྱུང་བའི༼རོང་གྲོང་གི་འགྲུད་བཞུད༽དང༼གྲིབ་གཟུགས་ཁྲོད་ཀྱི་མི་ཚེ༽༼རླུང་ལ་བཅོལ་བ༽སོགས་གང་ཡིན་ཡང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཚིག་གི་སྙན་ཆ་དང་སེམས་ཁམས་ཆིག་ལབ་སོགས་ཀྱི་རོ་བྲོ་དེས་ཀློག་པ་པོ་དང་སྒྲུང་རྩོམ་ནང་གི་མི་སྣ་གཉིས་ངོ་བོ་དབྱེར་མེད་དུ་འདྲིས་པའི་ཚོར་བ་སྐྱིད་པོ་དེ་སྟེར་ཅིང་། ཁ་དགོད་བཞིན་ཁོག་ལ་སྡུག་ཅིག་འཇོག་པའི་སྒྱུ་རྩལ་གྱིས་སྒྲུང་གཏམ་བཀླགས་ཚར་ཡང་ཀློག་པ་པོ་རང་ཉིད་ལ་བསམ་གཞིག་གཏང་དགོས་པའི་སྟོང་ཆ་ཞིག་བསྐྲུན་ཐུབ་ཡོད།

ལྷག་པར་དུ་ན་ནིང་དོ་ཚིགས་ནས་ཁོང་གི་གསར་རྩོམ་གྱི་ཁ་ཕྱོགས་གཙོ་བོ་ཤེས་ཡོན་ཅན་ཞིག་གི་མིག་ཁར་ལྷགས་པའི་རང་འཁྲིའི་འགན་བབ་ལ་བརྩེ་གཅིག་ཏུ་གཞོལ་བས་སྔ་ཕྱིར་ལྷུག་རྩོམ༼པེ་ཅིན་གྱི་བོད་པ༽དང༼ཉི་ཧོང་གི་མི་དང་རྩོམ་རིག༽སོགས་ཀྱིས་མཚོན་པའི་རྩོམ་རབས་མང་པོ་ཞིག་གསར་རྩོམ་བྱས་ཤིང་། རང་ཉིད་རྩོམ་པ་པོ་ཞིག་གི་ལངས་ཕྱོགས་ཀྱིས་ལོ་རྒྱུས་ལ་བཟུང་བའི་སེམས་ཁམས་དང་མི་རིགས་ལ་བཅངས་པའི་བརྩེ་སེམས། སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་བཅས་ཀྱི་ཐད་རང་གི་ལྟ་བ་མ་གསང་དྲང་མོར་བརྗོད་ཡོད་ལ། ཀུན་གྱིས་ངར་ངར་དྲག་དྲག་ཏུ་འཛིན་པའི་བོད་རྩོམ་ཁྲོད་ཀྱི་ཆབ་སྲིད་འགན་མོས་དེ་ཡང་རང་ལྟ་མཆོག་འཛིན་ཙམ་མ་ཡིན་པར་སྤྱི་མཐུན་གྱི་ལུགས་བཞིན་སྒྲུང་གི་ཉམས་གསེང་ལས་དྲང་བོ་དྲང་བཞག་གིས་མཚོན་བརྗོད་ཐུབ་པ་ཞིག་ཡིན་པ་ལ་སོགས་པས། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་དག་གཏིང་ཟབ་ལ་ཁོངས་ཡངས་པ་ཞིག་ཏུ་ཁོ་བོས་འདོད་པས་ན། གཤམ་གསལ་གྱི་བཀླགས་ཚོར་ཚིག་དུམ་དེ་བྲིས་པ་ཡིན།

_____ཟིན་བྲིས་མ་ཡིག

༼ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན༽ཞེས་པའི་སྒྲུང་རྩོམ་འདི། སྤྱིར་ན་སྒྲུང་ཡག་པོ་ཞིག་རེད་ཅེས་སྡོམ་བརྒྱབ་དང་ཆོག་མོད། ལས་དང་པོའི་ཀློག་པ་པོ་མང་པོ་ཞིག་སྒྲུང་རྩོམ་ཀློག་རྒྱུར་དགའ་ནའང་སྒྲུང་རྩོམ་གྱི་ཡང་ཏིག་སྙིང་བོ་གཏམ་རྒྱུད་དང་མི་འདྲ་ས་གང་ཡིན་པ་ཧ་གོ་ཡི་མེད་པས། འདི་གར་སྐད་ཆ་རེ་གཉིས་ཤིག་བརྗོད་པར་འདོད།

དང་པོ་ཡིན་ན། སྒྲུང་འདིའི་རྩོམ་སྒྲོམ་རྩོམ་པ་པོ་གང་དེས་སྔ་མར་བརྩམས་པའི༼ལམ་གྱི་ཉི་འོད༽དང་དབྱེར་མེད་པར་གཞི་རིམ་གྱི་མི་དང་གྲོང་ཁྱེར་གྱི་འཚོ་བའི་རྡབ་རྡེག་དེ་དཀྱིལ་སྙིང་དུ་བཟུང་བ་ཡིན་མོད། མི་འདྲ་ས་དེ་གཙོ་བོ་སྤྱི་ཚོགས་ཤིག་གི་ནད་རྙིང་སུན་འབྱིན་པ་ཁོ་ན་ཙམ་མ་ཡིན་པར་དེ་ལ་དེ་འབྲེལ་གྱི་རང་བྱུང་མའི་གྲུབ་ལུགས་ཀྱི་སེམས་ཁམས་སྐོར་ཅིག་འགྲེལ་བརྗོད་བྱས་ཡོད་པ་དེ་སྒྲུང་འདིའི་ལྷག་པའི་ཆ་རེད་བསམ།

གཉིས་པ་ཡིན་ན། སྒྲུང་འདི་མགོ་བརྩམས་མ་ཐག་ཏུ་སྒྲུང་རྩོམ་དང་གཏམ་རྒྱུད་ཀློག་པ་པོའི་སྡེ་དེ་གཉིས་གསལ་བོ་བཀར་ཐུབ་པ་ནི་ཤོག་ངོས་བཅུ་ཁ་ཞིག་ལ་མ་ཐོན་བར་དུ་སྒྲུང་ལེགས་པོ་ཞིག་ཡིན་པ་ངེས་ཟིན་ཡོད་མཁན་དག་ནི་སྒྲུང་རྩོམ་ཀློག་པའི་སྡེ་དང་སྒྲུང་མཇུག་རྫོགས་དུས་ད་དུང་གཟི་བརྐུ་མཁན་གྱི་མི་དེ་སུ་ཡིན་པར་བསམ་བློ་གཏོང་བ་བོ་དག་ནི་གཏམ་རྒྱུད་ཀློག་པ་པོ་དག་སྟེ། རྒྱུ་མཚན་རྩོམ་པ་པོས་སྒྲུང་གི་མགོ་ཚུགས་ས་རུ་སྒྱུ་རྩལ་ཟབ་ཅིང་ཡངས་པ་ཞིག་ལ་ཚོད་ལྟ་བྱས་ཡོད་མོད། མཇུག་ཏུ་ཀློག་པ་པོ་དག་དང་བསྟུན་པའི་ཚུལ་གྱིས་སྲོལ་བྲིས་ཀྱི་རྒྱུན་དེ་བསྐྱངས་ནས་ཡོད་པའོ།།

གསུམ་པ་ཡིན་ན། སྒྲུང་འདིའི་ཁྲོད་དུ་རིག་གནས་ཀྱི་བརྡ་རྟགས་མང་པོ་ཞིག་ཡོད་པ་ནི་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་རེ་འགའི་ཚོར་རྟོགས་ཀྱི་རྒྱུན་སྒྲུང་གི་བྱུང་རིམ་དུ་བསྲེས་ཡོད་ལ། བླ་ལྷག་ད་ལྟའི་བོད་པ་ཚོ་རྒྱ་མ་བོད་མཚམས་ཀྱི་དགོད་གཏམ་ཤོད་རྒྱུར་དགའ་བ་དཔེར་ན“流氓不可怕,就怕流氓有文化”ཟེར་བ་བཞིན་གྱི་ལོ་ངོ་བཅུ་ཕྲག་ཁ་ཤས་སྔོན་གྱི་རྒྱའི་དགོད་གཏམ་དག་ལ་ལོབས་རྐྱེན་པ་དག་གིས་རིག་གནས་ཀྱི་ཉམས་རྒུད་ཅིག་དང་བརྡབ་གསིག་ཅིག་མཚོན་པ་ལ་སོགས་པས་སྒྲུང་འདི་ཐེངས་གཅིག་བཀླགས་ཏེ་སྤྱི་ཁོག་ལོན་པ་ཞིག་ཡིན་ན་རང་ཉིད་སྒྲུང་རྩོམ་ཀློག་མཁན་ཕུལ་བྱུང་ཞིག་ཏུ་ངའོ་སྙམ་དང་ཆོག་པར་འདོད།

གཞན་དུ་སྒྲུང་འདི་ལྷ་སའི་བུ་མོ་ཞིག་དང་ཡར་འབྲོག་གཡུ་མཚོ་ལ་འབྲེལ་བའི་རྒྱབ་ལྗོངས་ཀྱི་ཆ་ནས་བཤད་ན་༼ཉ༽དེ་དང་འབྲེལ་ཡོད་ཀྱི་འཕྲོས་རྟོགས་ཤིག་ལས་གམ་པ་ལ་མོ་སོགས་ལྗིད་ཏིག་ཏིག་གི་ས་ཆ་དག་ནི་དེ་ལྟའི་ནུས་མེད་ཞན་ཐག་ཆོད་པ་ཞིག་ཏུ་བྲིས་འདུག་པ་དེ་སྒྲུང་འདིའི་ཞན་པའི་ཆ་དང་། གཟི་མིག་དགུ་བ་དེའི་དོན་རྣམས་སྦས་ཤུགས་ཆེ་བ་དེ་རྩོམ་པ་པོ་ཁོང་རྣམ་ཀུན་འབྲི་རྒྱུར་གོམས་ཉེ་བའི་ཚིག་ཚོགས་རིགས་ཤིག་གི་རྟ་ཁ་བསྒགས་པའི་ལྟས་བཟང་བོ་ཞིག་ཏུ་མཐོང་སོང་ངོ་།།

ཅེས་གྲོགས་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་རེ་བ་ལྟར་སྔོན་མར་སྐད་འཕྲིན་དུ་སྤེལ་བའི་ཚིག་དུམ་དེ་ལ་ཁ་སྣོན་ཅུང་ཙམ་དང་བཅས་སྤྱི་ཟླ༧པའི་ཚེས༡༨ཉིན་རེ་རྐང་གླིང་གིས།