ཕ་ཡུལ་གྱི་འདྲ་འབག་མགྱོགས་བྲིས་མ། དང་པོ།

ཕ་ཡུལ་ནི་ནགས་ཚལ་སྟུག་པོས་མཐའ་ནས་བསྐོར་བའི་བའི་ལུང་གཤུང་ཞིག་ཡིན་པས་ཉེ་འཁོར་ཙམ་ལས་རྒྱང་རིང་མཐོང་མི་ནུས། ཡུལ་མི་ཚོས་མི་ཚེ་གང་བོར་མཐོང་ནུས་པ་ནི་མིག་མདུན་གྱི་ནག་ཚལ་ཆུང་ཆུང་དེ་ཡིན་ལ། ད་དུང་གཞན་ཞིག་མཐོང་ཐུབ་པ་ནི་ཁྱིམ་མཚེས་ཡར་མར་གྱི་གནས་ཚུལ་ཡིན། དེ་བས་ཁོ་ཚོ་ནམ་རྒྱུན་ལག་མཐིལ་ལྟ་བུའི་ས་ཁུད་ཅིག་ཏུ་འཚོགས་ནས་ཁྱིམ་མཚེས་ཡར་མར་གྱི་གནས་ཚུལ་ཁོ་ན་གླེང་། དེ་ནི་ཁོ་ཚོའི་ལས་བྱ་གཅིག་པུ་དེ་ཡིན།

ཕ་ཡུལ་གྱི་གྲྭ་པ་འགའ་ཞིག་སྤྲུལ་མིང་ལ་ཧ་ཅང་དགའ། ཁོ་ཚོས་ཐབས་ཤེས་གང་ཡོད་ཀྱིས་སྤྲུལ་སྐུ་ཡིན་མདོག་སྟོན། ང་ཚོའི་ཡུལ་ནXXཟེར་བའི་སྔགས་པ་ཞིག་འཁྲུངས་མྱོང་། དེ་ནི་གྲྭ་པ་མང་ཙམ་གྱིས་ང་ཡིན་ཁོ་ཡིན་གྱི་འཐེན་རེས་བྱས་དྲགས་པས། སློག་པ་ཞིག་ཡིན་ན་ད་ཚོད་ཕུ་ཐུང་ཕུ་ཐུང་དང་། གོང་བ་གོང་བ། འདབས་ཀ་འདབས་ཀ་རུ་བཅད་ནས་གོན་མི་རུང་བའི་ཚད་དུ་བཟོས་ཡོད།

དིང་སྐབས་ངའི་ཕ་ཡུལ་ན་རྒྱ་བླ་ཚོའི་བསྟན་པ་དར་སྒང་ཡིན། རྒྱ་བླ་རྒྱུ་ཆེན་ཞིག་ཏུ་གྱུར་ན་གཞན་པའི་ཆ་རྐྱེན་གང་ཡང་མི་དགོས་པར་ཡུལ་མི་ཚོའི་ངོ་མདང་སྐྱ་ཐག་ཆོད་རགས་བར་དུ་ངོ་དགའ་སྤྲེལ་ལད་བྱེད། དོན་འདིས་གྲྭ་པ་མང་པོ་སྤྲུལ་སྐུར་ཧེབ་ལངས་བ་ཡང་རྒྱུ་མཚན་མེད་པ་ཞིག་མིན་པ་ཤེས་ནུས། གྲྭ་པ་མང་པོ་ཞིག་གིས་རྒྱ་བླ་ཞིག་ཏུ་འགྱུར་བ་མྱང་འདས་འཐོབ་པ་ལས་ཀྱང་གལ་ཆེན་ཏུ་འཛིན་བཞིན་ཡོད། གང་ན་རྒྱ་བླ་མང་ན་ས་དེའི་དགོན་སྡེ་ནི་རྒྱ་བླ་དེ་དང་དེའི་སྦྱིན་བདག་དག་གི་སྤྱི་གླིང་公园དང་། གྲྭ་ཚང་ནི་དེ་དག་གི་རིན་མེད་ལས་བཟོ་བ་免费工人རུ་འགྱུར་བཞིན་ཡོད་པ་བཞིན། ངའི་ཕ་ཡུལ་ཀྱང་དེ་ལྟར་འགྱུར་བཞིན་ཡོད།

ངའི་ཕ་ཡུལ་དུ་ར་རྡང་ན་གཡག་འགྲོས་བྱེ་མཁན་གྱི་མིའུ་ཆུང་མང་ཙམ་ཡོད། ཁོ་ཚོས་ཡུལ་ལུང་ཆུང་ཆུང་དེར་ང་ཆེ་ང་བཙན་གྱི་བྲོ་གར་འཁྲབ། ཡུལ་མི་ཉམས་ཆུང་དག་ལ་ཁ་མཆུ་རེར་ཐུག་ན་ཕར་ལ་ཁ་བཏགས་རེ་སྒོར་བརྒྱ་སྟོང་མང་པོའི་ཚབ་ཏུ་སྟེར་ཞིང་། ཚུར་ལ་དངུལ་སྒོར་སིལ་མ་ཁྲི་འབུམ་ལེན་པར་བྱེད། ད་དུང་ཡུལ་མི་ཚོའི་ས་གནས་དང་སྡོད་ཁང་རྣམས་ལའང་གང་འདོད་དུ་ལག་འཇོག་པར་བྱེད། འོན་ཀྱང་ཡུལ་མི་ཚོས་དབང་དང་ཁྲི་ངོ་མ་ཆོད་པར་གཡུང་མོ་ལུག་ལྟར་བསྡད་དེ་གཙུག་ཏུ་བཀུར་ནས་ཁོ་ཚོ་ངན་ལངས་ལ་གཏོང་།

ངའི་ཕ་ཡུལ་གྱི་འཇིག་རྟེན་པ་རྣམས་ཀྱིས་འཁོར་བ་བཟུང་ནས་ཡོད་མོད། ཁོ་ཚོ་འཁོར་བ་ལ་སྤྲོ་བ་གཏན་ནས་མེད། ཁོ་ཚོས་འཁོར་བ་ནི་སྙིང་བོ་མེད་པ་དང་། འབྱོར་བ་ལ་རྟག་བརྟན་མེད་པའི་གནས་ལུགས་བླ་མ་རྣམས་ཀྱིས་ནམ་རྒྱུན་བཤད་པས་གསལ་བོར་གོ་ཡོད། དེ་བས་ཁོ་ཚོ་ལ་མཚོན་ན་འཁོར་བ་ནི་ཐབས་མེད་འཚོ་ཐབས་ཀྱི་ཁྲལ་ལས་ཙམ་དུ་བཟུང་ཡོད། འཁོར་བ་འཛིན་པར་འཇིག་རྟེན་པ་ལས་ཀྱང་གྲྭ་པ་རྣམས་སྟོབས། གྲྭ་པ་ཡོད་སའི་ཁྱིམ་ཚང་རེ་རེའི་དབང་དང་འབྱོར་བ་ཚང་མ་གྲྭ་པས་བཟུང་ཡོད། ཕར་བལྟས་ཚོད་ལ་ཁྱིམ་ཚང་རེའི་སྤུན་གཉིས་ཀྱི་གོན་པ་བརྗེས་ན་འཁྲིགས་སེ་ཡོད་པའི་ཚད་དུ་ཡོད།

ཕ་ཡུལ་གྱི་འདྲ་འབག་མགྱོགས་བྲིས་མ། གཉིས་པ།

སྔོན་ཆད་དབྱར་དུས་སུ་ངའི་ཕ་ཡུལ་དུ་ཐོན་ན་སྔོ་ཐིང་ཐིང་གི་རྣང་ཞིང་གིས་གང་ཞིང་། རྣང་ཞིང་གི་དཀྱིལ་ན་ཕ་ཡུལ་གྱི་མཛེས་མ་ཚོས་ཡུར་མ་ཡུར་ཞིང་། སྟག་ཤར་ཚོས་ས་རྒོད་དཔུང་བས་ལྷོག་པ་མཐོང་ཐུབ། འོན་ཀྱང་མི་ལོ་ཁ་ཤས་ཀྱི་སྔོན་ནས་ངའི་ཕ་ཡུལ་ལ་དབྱར་རྩ་དགུན་འབུས་བསླུ་བྲིད་ཐེབས། ཁོ་ཚོས་དེ་ཡིས་གཏན་དུ་བའི་འཚོ་རྟེན་ཞིག་འོང་བར་འདོད་ནས་འབྲོག་པས་ནོར་ནག་མེད་པར་བཟོས་ཤིང་། རོང་བས་ས་ཞིང་བདག་མེད་དུ་བསྐྱུར་ཡོད་ལ། ཞིང་ས་ཕལ་མོ་ཆེར་སྲིད་གཞུང་གིས་ཇ་ཤིང་དང་ལྕང་མ་བཏབ་སྟེ་ཡོད། ཡུལ་མི་འགའ་རེ་ནི་རྫོང་མཐའི་གྲོང་བརྡལ་ཟེར་བ་དེར་ཡང་སྤར་གྱིན་འདུག ཚུལ་འདིས་ཡུལ་མི་ཚོར་ཡོ་རོབ་ལོ་རྒྱུས་སྟེང་གི༼ལུག་གིས་མི་ཤ་བཟའ་བ༽ཞེས་པའི་སྣང་ཚུལ་དེ་མི་འབྱུང་ངམ་སྙམ་དུ་དངངས་ཤིང་སྐྲག་མོད། ཁོ་ཚོར་ནི་སེམས་ཁྲལ་ཏོག་ཙམ་ཡང་ཡོད་ཚོད་མི་འདུག

ངའི་ཕ་ཡུལ་གྱི་དགོན་སྡེ་ནི་རྙིང་མའི་དགོན་པ་ཞིག་ཡིན། ཡུལ་གྱི་ཉིན་སྲིབ་ན་དོད་པའི་རྗེས་ཤུལ་དང་། ཡུལ་མིང་དང་ཐ་སྙད་འགར་དཔྱད་དེ་བལྟས་ན་བོན་པོ་ནས་བཀའ་བརྒྱུད་དང་། བཀའ་བརྒྱུད་ནས་རྙིང་མར་འགྱུར་བའི་ལོ་རྒྱུས་བརྒྱུད་ལམ་གྱི་རྗེས་ཤུལ་གསལ་བོར་མཐོང་ཐུབ། དགོན་འདི་ནས་ངོམ་དུ་རི་བའི་དམ་པ་ཞིག་འཁྲུངས་པ་ནི་སྒྱེ་བྲོའི་དབོན་བསམ་གྲུབ་དང་། དེ་ཡི་དངོས་སློབ་སྐལ་བཟང་ཐར་གཉིས་ཡིན་ཏེ། ཁོང་གཉིས་ཀྱིས་དམ་པ་ཞིག་གི་ངང་ཚུལ་བསྐྱངས་ནས་གཤེགས་སོང་ཞིང་། ཤུལ་བཞག་གསུང་གི་འོད་སྣང་དང་། འདོད་ཆུང་ཆོག་ཤེས་ཀྱི་མིག་དཔེ་གཙང་མ་དེས་མཁས་མང་གི་ཡིད་འཕྲོག་པར་བྱས་ཡོད། ཁོང་གཉིས་ལ་ལུང་རྟོགས་ཀྱི་བསྟན་པ་དངོས་དང་། གཉོམ་ཆུང་ཆོག་ཆེས་ཀྱི་ཀུན་སྤྱོད་མ་གཏོགས་ཁྲ་ཁྲ་འུར་འུར་གྱི་བསྟན་པ་ལ་ཁྱོན་ནས་མི་དགྱེས།

ངའི་ཕ་ཡུལ་ནི་སྨར་ཆུ་སྔོན་མོ་དལ་གྱིས་འབབ་པའི་འགྲམ་ངོགས་ན་ཆགས་ཡོད། ཕ་ཡུལ་གྱི་ཡུལ་མི་ཚོས་གྲོང་ཁྱེར་གྱི་མི་ལྟར་མགོ་བདེ་དྲན་འཕྲུལ་མི་ཤེས་ལ། ཁོ་ཚོ་གནའ་མི་དག་མ་ལྟར་འགྱུར་མེད་ཀྱི་དད་དམ་དང་། ཡ་རབས་གཞུང་དྲང་གི་རང་གཤིས་ཤིག་རང་ཤུགས་སུ་གྲུབ་ནས་ཡོད། ཡུལ་མི་ཚོའི་སླད་མེད་ཀྱི་དད་དམ་དང་ཡ་རབ་གཞུང་དྲང་གི་རང་གཤིས་དེ་བེད་སྤྱད་ནས། རང་ཉིད་ཀྱི་ཁེ་ཕན་དང་འཚོ་གནས་གཉེར་བའི་མགོ་བདེ་དྲན་འཕྲུལ་མཁན་གྱི་ཆེན་པོ་ཡང་མང་། ཆེན་པོ་དག་གི་འཁྲབ་སྟོན་མཐོང་ཚེ། ཆེན་པོ་དེ་དག་གཙུག་ཏུ་བཀུར་བའི་ཡུལ་མི་གཞུང་དྲང་ཚོའི་རང་གཤིས་ལ་སེར་སྣ་རེ་ཡང་ངང་གིས་འཆོར།

ཕ་ཡུལ་གྱི་འདྲ་འབག་མགྱོགས་བྲིས་མ་སྤེལ་རྗེས་ཡུལ་མི་མང་དག་ཅིག་ཁོང་ཁྲོ་ལངས་ཡོད་ཚོད་རེད། ང་ལ་འདྲ་མིན་གྱི་སྙད་འདོགས་ཀྱང་བྱེད་པར་ཐོས། དེ་ལ་ངས་དོ་སྣང་གང་ཡང་བྱེད་ཀྱིན་མེད། དངོས་གནས་བཤད་ན་ངས་ཕ་ཡུལ་གྱི་ལེགས་ཆ་མ་མཐོང་བའང་མིན་མོད། ལེགས་ཆ་ནི་གླེང་དགོས་པ་ཞིག་ཅི་ལ་ཡིན། འོན་ཀྱང་ད་ལྟ་ཕ་ཡུལ་ལ་རྙོག་གྲའི་ལམ་ཁ་ཞིག་གི་སྔ་ལྟས་མེད་དམ་སྙམ་དུ་སེམས་ཤིང་། ཡུལ་ཕྱོགས་གཞན་གྱི་གནས་ཚུལ་ལས་རྗེས་སུ་དཔག་སྟེ་སྔོན་གླེང་བྱས་པ་ཙམ་ཡིན། དེ་ལྟ་མིན་ན་ངས་ཀྱང་རང་ཉིད་ཀྱི་མཚན་སྙན་གཉེར་ཐབས་དང་། སུ་ལ་ཐུག་ཀྱང་ངོ་འཛུམ་རིལ་ལེར་ཡོང་ཐབས་ཙམ་དུ་ཡར་མར་ལ་སྤྲེལ་ལད་དང་། འབྲེལ་བ་འཛུགས་མ་ཤེས་པ་ནི་ལར་ནས་མིན།

གལ་ཏེ་ངའི་མིག་ཟུང་མཁྲིས་པས་བསླད་པ་ལས། ཕ་ཡུལ་ཟེར་བ་སྐྱོན་མེད་ལྷ་ཡི་སྐྱེད་ཚལ་ལྟ་བུ་ཞིག་ཡིན་ན་ནི་དེ་ལས་སྤྲོ་ཞིག་གང་དུ་ཡོད། དེ་བས་ཡུལ་མི་ཚོ་སེམས་བདེ་བོར་བཞུགས་དང་། དོན་ལ་རྣམ་དག་དྲི་བྲལ་ཡིན་ན་དམན་བུ་བདག་གི་ཡིག་རྡོག་ཆ་ཤས་དེས་ཁྱོད་ཚོའི་བ་སྤུ་ཙམ་ལའང་གནོད་པར་ག་ལ་འགྱུར། འོན་ཏེ་དོན་ལ་འུར་འུར་ཟིང་ཟིང་གི་འཇིག་ཉེན་གྱི་ལམ་སྣེར་སླེབས་ཤིང་། མི་མངོན་པའི་ཉམ་རྒུད་ཀྱི་ལམ་དུ་འཇུག་གིན་ཡོད་ན་ནི། ང་ཚོས་འཛམ་གླིང་གི་མི་ཀུན་གྱི་ཁ་འགོག་ནུས་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད་ལ། དུས་དེར་རང་གི་ཁེ་ཕན་དང་། མིའི་བར་གྱི་འབྲེལ་འདྲིས། གཞན་གྱི་མི་ཁ་སོགས་ལ་འཇིགས་ནས་སྐྱོན་ལ་མཛུབ་མོ་འཛུགས་མཁན་ཞིག་ཀྱང་ལར་ནས་ཡོད་མི་སྲིད་དོ། །ང་ནི་ནམ་ཡང་འཇིག་ཉེན་ལ་ཁ་གཏོང་བར་སྤྲོ་བའི་ཁ་མང་ལས་ངན་གྱི་རིགས་དེ་ཡིན་པས། སྲིད་གཞུང་དང་ཡུལ་མི་ཚང་མའི་མིག་ལ་མི་རན་པར་གྱུར་མོད། ཆེ་དགའ་སྤྲེལ་ལད་དང་། བདེན་པ་རྒྱང་དོར་མ་བྱས་པར་ཚེར་མའི་ལམ་ཁ་འདིར་ཞུགས་པར་ནོངས་འགྱོད་ཀྱང་སྤུ་ཙམ་མེད་དོ། །