༄༅། ། དེ་ནས། ཛ་རཱ་ཐུགས་གྲོལ་ནགས་འདབས་ཀྱི་ཉེ་སར་ཆགས་པའི་གྲོང་སྡེ་ཞིག་ལ་སླེབས་སྐབས། ཁོང་གིས་མི་རྣམས་ཁྲོམ་དུ་འདུས་ཡོད་པ་མཐོང་། དེ་ན་སྐུད་འགྲོ་ལྟད་མོ་ཞིག་འཁྲབ་སྟོན་བྱེད་རྒྱུ་སྔོན་བསྒྲགས་བྱས་ཡོད་པས། དེ་རུ་ཛ་རཱ་ཐུགས་གྲོལ་གྱིས་མི་ཚོགས་ལ་འདི་སྐད་སྨྲས་སོ།
༄། བདག་གིས་ཁྱེད་ཅག་ལ་འཕགས་མིའི་[6]ལམ་སྟོན་པར་བྱེད། མི་ནི་བརྒལ་བ་བྱེད་པའི་བདག་ཉིད་ཞིག་སྟེ། ཁྱོད་ཚོས་མི་ལས་བརྒལ་བ་བྱེད་པར་ཅི་ཞིག་འབད་པ་བྱེད་མྱོང་།
༄། ད་བར་དུ། སྐྱེ་བའི་རིགས་སོ་སོ་ལས་རང་གི་རིགས་ལས་འཕགས་བའི་སྐྱེ་བ་རེ་བྱུང་ཐུབ་ཡོད་དེ། ཁྱེད་ཅག་སྲིད་པའི་རྦ་རླབས་འདི་དང་ལྡོག་ཏེ་ཕྱིར་དུད་འགྲོ་རུ་འགྱུར་འདོད་པ་ཡིན་ནམ་འཕགས་པའི་མི་ལ་འཕེལ་བར་འདོད།
༄། མི་ཡི་མིག་ལ་སྤྲ་ནི་འཕྱ་དགོད་ཀྱི་ཡུལ་དང་ངོ་ཚ་བའི་གནས་ཤིག་ཡིན་པ་ལྟར་དུ།[7] འཕགས་མིའི་སྤྱན་ལམ་དུ་མི་ནི་འཕྱ་དགོད་ཀྱི་ཡུལ་དང་ངོ་ཚ་བའི་གནས་སུ་འགྱུར་སྲིད་དོ། །
༄། ད་ལྟ་བར་དུ། ཁྱོད་ཅག་གིས་འབུ་སྲིན་ནས་མི་རུ་འགྱུར་བའི་ལམ་བརྒལ་ཏེ་ཡོང་བ་ཡིན། འོན་ཀྱང་ཁྱོད་ཅག་ད་དུང་འབུ་སྲིན་གྱི་རང་གཤིས་ལས་བྲལ་མེད། སྔ་མོར་ཁྱོད་ཅག་སྤྲ་ཡིན་ལ། ད་ལྟའང་མིའི་རིགས་ནི་སྤྲ་ལས་སྤྲ་གཤིས་ཆེ་བ་ཡིན་ནོ། །
༄། ཁྱོད་ཅག་གི་ཁྲོད་ཀྱི་ཆེས་རྣམ་དཔྱོད་ལྡན་པ་དེ་ཡང་། རྩི་ཤིང་དང་འདྲེ་སྲིན་གྱི་མ་འཆམ་པའི་སྡེབ་སྐྱེས་ཤིག་ལས་ཅི་ཡང་མ་ཡིན། འོན་ཀྱང་ངས་ནི་ཁྱོད་ཅག་རྩི་ཤིང་ངམ་འདྲེ་སྲིན་ཞིག་ལ་བསྒྱུར་གྱིན་ཡོད་དམ།
༄། ལྟོས་དང་། བདག་གིས་ཁྱེད་ཅག་ལ་འཕགས་མིའི་ལམ་སྟོན་པར་བྱེད།
༄། འཕགས་མི་ནི་འཇིག་བརྟེན་ས་གཞི་ཡི་དོན་པོ་ཡིན། ཁྱོད་ཅག་གི་སེམས་ལ་འདི་ལྟར་བཟློས་པར་གྱིས། འཕགས་མི་ནི་འཇིག་བརྟེན་ས་གཞི་ཡི་དོན་པོ་ཡིན་ནོ། །
༄། བདག་གིས་ཁྱོད་ལ་མིག་འདྲེན་བྱེད། བདག་གི་ཕུ་ནུ་ཚོ། བདེན་པ་དེ་ས་གཞི་ལ་སོར་བཞག་གྱིས་དང་། གང་དེ་ཁྱོད་ཚོ་ལ་ས་གཞི་ལས་འདས་པའི་རེ་བ་སྟོན་མཁན་དག་ལ་ཡིད་ཆེས་མ་བྱ། ཁོང་ཚོ་བསམ་ཡོད་བསམ་མེད་དུ་དུག་སྦྱིན་མཁན་ལ་གྱུར་བ་ཡིན།
༄། ཚེ་སྲོག་ལ་བརྙས་མཁན་ནི་ཁོང་ཚོ་ཡིན། ཁོང་ཚོས་གཅིག་གིས་གཅིག་ལ་དུག་སྦྱིན་ནས་ས་གཞི་རུལ་ཅིང་ཞེན་པ་ལོག་གིན་ཡོད་པས། ཁོང་ཚོ་དང་རིང་བར་གྱིས།
༄། སྔོན་ཚེ་ལྷ་ཆེན་ལ་སྐུར་འདེབས་བྱེད་པ་ནི་ཆེས་ངན་པའི་སྐུར་འདེབས་རེད། འོན་ཀྱང་ད་ལྟ་ལྷ་ཆེན་ཤི་ཟིན་པས་ན། ལྷ་ཆེན་ལ་སྐུར་འདེབས་བྱེད་མཁན་ཡང་ཤི་ཟིན་པ་རེད། ད་ལྟ་ས་གཞི་ལ་སྐུར་འདེབས་བྱེད་པ་ནི་ཆེས་འཇིགས་སུ་རུང་བའི་སྡིག་པ་དེ་རེད། དེ་ནི་རྟོགས་བྲལ་གྱི་མཐོ་རིས་ཤིག་གི་སེམས་ཉིད་ལ་གུས་པ་བྱས་ནས་ས་གཞི་ལ་སྐུར་འདེབས་བྱེད་པ་དེའོ། །
༄། སྔོན་ཚེ་རྣམ་ཤེས་ཀྱིས་ནི་ཕུང་པོ་ལ་མཐོང་ཆུང་བྱ་སྟེ། དེ་ཚེ་མཐོང་ཆུང་དེ་ནི་བླ་མེད་གཅིག་ཏུ་བརྩི་བ་རེད། རྣམ་ཤེས་ཀྱིས་ལུས་ཕུང་སྐམ་ཞིང་རིད་ལ་བཀྲེས་མུག་ཏུ་བཏུགས་ནས། རྣམ་ཤེས་ཉིད་ལུས་ཕུང་དང་ས་གཞི་ལས་བྲལ་བར་འདོད་པ་རེད།
༄། ཀྱེ། རྣམ་ཤེས་དེ་ཉིད་སྐམ་ཞིང་རིད་ལ་བཀྲེས་མུག་གི་མནར་བ་ཞིག་རེད་དེ། གདུག་རྩུབ་ནི་རྣམ་ཤེས་ཉིད་ཀྱི་ཚུམ་བྱེད་རེད།
༄། འོན་ཀྱང་། བདག་གི་ཕུ་ནུ་ཚོ། བདག་ལ་ཤོད་དང་། ཁྱོད་ཅག་གི་ལུས་ཕུང་གིས་ཁྱོད་ཀྱི་རྣམ་ཤེས་ལ་ཅི་ཞིག་བརྗོད་ཀྱིན་ཡོད། ཁྱོད་ཀྱི་རྣམ་ཤེས་ནི་དབུལ་ཀྱང་བཙོག་ལ་ཉམ་ང་བའི་རང་སྣང་ཚུམ་པ་ཞིག་མ་ཡིན་ནམ།
༄། དོན་དམ་པར། མི་ནི་འབག་བཙོག་གི་ཆུ་རྒྱུན་ཞིག་ཡིན་ལ། རང་ཉིད་རྒྱ་མཚོ་ཞིག་ཡིན་ན་ད་གཟོད་འབག་བཙོག་གི་ཆུ་རྒྱུན་དེ་ཡིས་མི་ལྷད་པར་འགྱུར་ནུས།
༄། ལྟོས་དང་། བདག་གིས་ཁྱེད་ཅག་ལ་འཕགས་མིའི་ལམ་སྟོན་པར་བྱེད་དེ། འཕགས་མི་ནི་རྒྱ་མཚོ་དེ་དང་འདྲ་བ་ཡིན། ཁོང་གིས་ཁྱོད་ཉིད་ཀྱི་བརྙས་པ་ཆེན་མོ་དེ་བསྣུབས་པར་བྱེད་ནུས་སོ། །
༄། ཁྱོད་ཅག་གིས་ཉམས་སུ་མྱོང་ཐུབ་པའི་བྱ་བ་བླ་མེད་དེ་གང་རེད། དེ་ནི་བརྙས་པ་ཆེན་པོ་མྱོང་བའི་དུས་དེ་རེད། དུས་དེ་ལ། ཁྱོད་ཀྱི་བདེ་སྐྱིད་ཀྱང་སྐྱུག་བྲོ་བར་འགྱུར་ལ། ཁྱོད་ཀྱི་རྣམ་དཔྱོད་དང་བཟང་སྤྱོད་ཀྱང་དེ་བཞིན་འགྱུར་བ་ཡིན།
༄། དུས་དེ་ལ། ཁྱོད་ཀྱིས་བདག་གི་བདེ་སྐྱིད་ལ་ཡོན་ཏན་ཅི་ཞིག་ལྡན། དེ་ནི་དབུལ་ཀྱང་བཙོག་ལ་ཉམ་ང་བའི་རང་སྣང་ཚུམ་པ་ཙམ་ཞིག་གོ་ཞེས་ཏེ། བདག་གི་བདེ་སྐྱིད་ནི་བདེ་སྐྱིད་བསྐྱེད་པ་ཞིག་ཡིན་དགོས་སོ་ཞེས་སྨྲ་བར་ངེས།
༄། དུས་དེ་ལ། ཁྱོད་ཀྱིས་བདག་གི་རྣམ་དཔྱོད་ལ་ཡོན་ཏན་ཅི་ཞིག་ལྡན། དེ་ནི་སེང་གེ་ཟས་ལ་འདོད་པ་ལྟར་ཤེས་རིག་འདོད་པ་ཞིག་ཡིན་ནམ། དེ་ནི་དབུལ་ཀྱང་བཙོག་ལ་ཉམ་ང་བའི་རང་སྣང་ཚུམ་པ་ཞིག་ཡིན་ནོ་ཞེས་སྨྲ་བར་བྱེད།
༄། དུས་དེ་ལ། ཁྱོད་ཀྱིས་བདག་གི་བཟང་སྤྱོད་ལ་ཡོན་ཏན་ཅི་ཞིག་ལྡན། དེ་ཡིས་བདག་ལ་སེམས་འདུན་དྲག་པོ་ཞིག་ནི་བསྐྱེད་མ་ཐུབ། ང་ནི་རང་གི་ལེགས་ཉེས་འཛིན་པ་ལ་ཞེན་ཏེ། དེ་ནི་དབུལ་ཀྱང་བཙོག་ལ་ཉམ་ང་བའི་རང་སྣང་ཚུམ་པ་ཞིག་གོ་ཞེས་སྨྲ་བར་བྱེད།
༄། དུས་དེ་ལ། ཁྱོད་ཀྱིས་བདག་གི་གཞུང་དྲང་ལ་ཡོན་ཏན་ཅི་ཞིག་ལྡན། བདག་ནི་མེ་དང་ཤིང་ལ་མ་གྱུར་ཏོ། འོན་ཀྱང་གཞུང་དྲང་ནི་མེ་དང་ཤིང་མ་ཡིན་ནམ་ཞེས་འདྲི་བར་བྱེད།
༄། དུས་དེ་ལ། ཁྱོད་ཀྱིས་བདག་གི་སྙིང་རྗེ་ལ་ཡོན་ཏན་ཅི་ཞིག་ལྡན། སྙིང་རྗེ་ནི་མི་ལ་དགའ་བ་གང་ཉིད་རྒྱ་གྲམ་ཁྲིམས་ཤིང་ལ་འཛེར་བ་མ་ཡིན་ནམ། འོན་ཀྱང་བདག་གི་སྙིང་རྗེ་ནི་ཁྲིམས་ཤིང་མ་ཡིན་ནོ་ཞེས་སྨྲ་བར་བྱེད་ངེས་སོ། །
༄། ཁྱོད་ཀྱིས་དེ་ལྟར་སྨྲ་མྱོང་ངམ། ཁྱོད་ཀྱིས་དེ་ལྟར་ངུ་འབོད་བྱ་མྱོང་ངམ། ཀྱེ་མ། བདག་གིས་ཁྱོད་ཀྱི་ངུ་འབོད་དེ་འདྲ་ཞིག་ཐོས་མ་མྱོང་ངོ། །
༄། ངུ་འབོད་བྱེད་པ་དེར་ཁྱོད་ཀྱིས་སྡུག་ཏུ་མ་བརྩི། དེ་ནི་ཁྱོད་ཀྱི་འདོད་སྡོམ་གྱིས་ལྷ་ཆེན་གྱི་ཞིང་ལ་འབོད་པ་རེད་དེ། ཁྱོད་ཀྱི་སྡིག་པས་བསྒྲིབས་པའི་སེམས་དེས་ལྷ་ལ་བོས་པ་རེད་དོ། །
༄། ཁྱོད་ཀྱི་ལུས་ལ་འབབ་དགོས་པའི་ཐོག་ལྕེ་དེ་གང་ན་འདུག ཁྱོད་ཀྱི་སྙིང་ལ་ཞུགས་དགོས་པའི་སྨྱོ་ཆུ་དེ་གང་ན་འདུག
༄། ལྟོས་དང་། བདག་གིས་ཁྱེད་ཅག་ལ་འཕགས་མིའི་ལམ་སྟོན་པར་བྱེད་དེ། འཕགས་མི་ནི་ཐོག་དང་སྨྱོ་འབོག་དེ་ཡིན་ནོ། །
༄། ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་སྨྲས་པ་ན། ཚོགས་ཀྱི་ཁྲོད་ནས་མི་ཞིག་གིས་བོས་ནས། སྐུད་བགྲོད་འཁྲབ་བཤད་པ་དེ་དེ་བས་ཆོག་པར་ཞུ། ད་ནི་ང་ཚོས་སྐུད་འགྲོའི་འཁྲབ་སྟོན་དངོས་ལ་ལྟས་ན་ལེགས་ཞེས་བཤད་པར། མི་རྣམས་ཀྱིས་ཛ་རཱ་ཐུགས་གྲོལ་ལ་འཕྱ་དགོད་བྱས། དེ་མུས་སུ་སྐུད་འགྲོའི་འཁྲབ་སྟོན་པ་ཡིས་རང་ཉིད་ལ་དགའ་བསུ་བྱིན་པ་ཡིན་པར་སྙམ་ནས། འཁྲབ་སྟོན་གྱི་མགོ་བརྩམས་སོ། །

མཆན།

[6]མི་ཕལ་བོ་ལས་ནུས་སྟོབས་ཆེ་ལ་ཡོན་ཏན་ཆ་རྫོགས་པ་ཞིག  །ནེ་ཐྲི་ཡི་བཞེད་དོན་དུ་མ་འོངས་ཀྱི་མིའི་རིགས་ནི་འཕགས་མི་བསྐྱེད་བསྲིང་གི་ཕྱོགས་ལ་འཕེལ་རྒྱས་འགྲོ་སྲིད་དེ།  མིའི་རིགས་ཀྱི་ཁྲོད་ནས་གདོང་(གདུང་)རྒྱུད་ཁྱད་དུ་འཕགས་པ་དག་ལས་འཕགས་མིའི་རིགས་འབྱུང་བ་ངེས་ཏེ། ཕལ་བོ་མི་ཡི་ལོ་རྒྱུས་དེ་མཚམས་ནས་མཇུག་རྫོགས་པ་ཡིན་ནོ།  །

[7]མི་ནི་སྤྲ་ལས་འཕེལ་བ་ཡིན་ཞེས་པ་ནི་འཕེལ་འགྱུར་སྨྲ་བའི་བསྡོམ་ཚིག་དང་ནེ་ཐྲིའི་འཕགས་མི་འབྱུང་བར་སྨྲ་བ་ནི་ལུང་སྟོན་གྱི་ཚུལ་དུ་སྨྲས་པ་ཁྱད་པར་ཅུང་ཙམ་ཡོད།

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།