ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། ཚན་པ་གཉིས་པ།

༄༅།། ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་པ་མ་ཟིན་ཙམ་གྱི་ཐོག་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་ནས་ནོར་ཝེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་དང༌། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པ་གང་དུ་ཚོགས་སའི་བྷ་ཀན་ BerGen གྲོང་ཁྱེར་ལ་ཕྱིན་པ་ཡིན། རྒྱལ་ས་ཨོ་སོ་ལོ་དང་བྷ་ཀན་གྲོང་ཁྱེར་གྱི་བར་མེ་འཁོར་ཆུ་ཚོད་དྲུག་ཙམ་གྱི་ལམ་ཐག་ཡོད་ཅིང༌། འདི་ནི་འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་འགྲུལ་བཞུད་ཅིག་ལ་ངོས་འཛིན་བྱེད་ཀྱི་འདུག་ལ། མེ་འཁོར་ཤིན་ཏུ་སྤུས་གཙང་དང་ཆ་རྐྱེན་འཛོམས་པོ་ཡིན་པར་མ་ཟད། ཡུལ་ལྗོངས་ཀྱི་མཛེས་སྡུག་ནི་བློ་ཡུལ་དུ་མི་ཤོང་བ་ལྟ་བུའི་རང་བྱུང་ལྷུན་ཆགས་ཀྱི་བཀོད་པ་ཁྱད་དུ་འཕགས་ཤིང༌། སྤང་རི་དང༌། ནགས་རི། གངས་རི། དྭངས་གཙང་གི་རྒྱུག་ཆུ། ཤིན་ཏུ་ཉམས་དགའ་བའི་སྤང་གཤོང་བཅས། སུ་གང་གིས་ཀྱང་སྒྱུར་བཅོས་དང་གཏོར་བཅོམ་མ་ཐེབས་པའི་མཛེས་སྡུག་རང་བྱུང་ལྷུན་ཆགས་སུ་གནས་པས། ཆུ་ཚོད་དྲུག་རིང་གི་འགྲུལ་བཞུད་ནི་དུས་ཡུན་ཐུང་ངུའི་ནང་འཕྲལ་མར་རྫོགས་པ་ལྟ་བུའི་སྣང་བ་བྱུང༌། ཕྱི་དྲོ་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་བྷ་ཀན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ་འབྱོར། མེ་འཁོར་འབབ་ཚིགས་སུ་འབྱོར་བའི་སྐབས་ཉི་མ་ནུབ་ཙམ་ལས་མུན་རུབ་མེད་པས་འགྲོ་སྟབས་བདེ་བོ་འདུག་ཀྱང་། རྒྱུན་ལྡན་གྱི་ནམ་དུས་གནས་ཚུལ་དང་མ་འདྲ་བ་ཞིག་ཡིན་པས་མཚར་སྣང་ལྟ་བུ་ཞིག་རང་བཞིན་གྱིས་བྱུང༌། ནོར་ཝེས་མཚོན་པའི་ཡོ་རོབ་ཀྱི་ལུང་པ་མང་པོ་ཞིག་ལ་དབྱར་དུས་ཉི་མ་རིང་ཤོས་ཀྱི་སྐབས་ལ་ཞོགས་པ་ཆུ་ཚོད་གཉིས་པ་ཡས་མས་ནས་ནམ་གསལ་ནས་ཉི་མ་འཆར་བ་དང༌། དགོང་མོའི་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་མུན་རུབ་ཀྱི་ཡོད་པས། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་མུན་ནག་གི་དུས་སྐབས་ཆུ་ཚོད་གསུམ་ཙམ་ཡིན། མཚན་རིང་ཤོས་ཀྱི་དགུན་དུས་ལ་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་ནམ་གསལ་ནས་ཉི་མ་འཆར་བ་དང༌། ཕྱི་དྲོ་ཆུ་ཚོད་གཉིས་པ་ཡས་མས་ལ་ཉི་མ་ནུབ་ནས་མུན་རུབ་ཀྱི་ཡོད་སྟབས། ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་སྣང་བའི་དུས་སྐབས་ཆུ་ཚོད་གསུམ་ཙམ་ཡིན་འདུག
གང་ལྟར་མེ་འཁོར་འབབ་ཚིགས་ནས་ཕྱི་ལ་ཐོན་ཏེ་གླ་གཏོང་རླངས་འཁོར་ཞིག་གི་ནང་ Montana family and youth hostel ཞེས་པའི་ནང་ཟླ་ཤས་གོང་ནས་ཐོ་འགོད་ཟིན་པའི་མགྲོན་ཁང་རི་ངོས་སུ་ཡོད་པ་དེར་ཕྱིན།

ཁང་པ་འདི་སྤྱིར་བཏང་སློབ་ཕྲུག་གི་ཉལ་ཁང་ཡིན་འདུག་ཀྱང་ཚོགས་ཞུགས་པ་ཚོར་ཚོགས་འདུའི་དུས་ཡུན་རིང་དམིགས་བསལ་གླ་གཏོང་ཞུས་ཡོད། ཉལ་ཁྲི་བརྩེགས་མ་ཅན་གཉིས་ཡོད་པའི་ཁང་མིག ༢༠༡ གི་ནང་དུ་བོད་ཀྱི་ན་གཞོན་ལོ་ཙཱ་བ་གྲགས་ཅན་གྲོགས་པོ་ཆུང་ཚེ་རིང་ལགས་དང༌། ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་འབྲིང་བ་འཇིགས་མེད་ལགས། ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ཀིརྟིའི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་གྱི་མིང་འཛིན་པ་ཕྲན་རེ་མདོ་སེངྒེ་བཅས་ང་ཚོ་མཉམ་སྡོད་ཞུས་པ་ཡིན། སློབ་གྲྭའི་ཐབ་ཚང་དང་ཐབ་ཆས་ཡོངས་རྫོགས་ང་ཚོ་ལ་གཡར་བོ་བྱས་ཡོད་སྟབས། ཚོགས་འདུའི་རིང་ཚོགས་ཞུགས་པ་མང་ཆེ་བས་དགོང་ཟས་རང་ངོས་ནས་བཟོ་བཞིན་ཡོད། ང་ཚོས་ཀྱང་སྐབས་རེར་འཐེན་ཐུག་དང་། སྐབས་རེར་འབྲས་དང་ཚོད་མ། སྐབས་རེར་མོག་ཐུག་བསྐོ་བ་སོགས་བྱས་པ་ཡིན། ཉལ་ཁང་དུ་འཛོམས་པའི་སྐབས་ང་ཚོས་ཉིན་རེའི་བགྲོ་གླེང་གི་བརྗོད་གཞི་ཁག་གི་ཐོག་བསམ་ཚུལ་བརྗེ་ལེན་བྱས་ཤིང༌། སྐབས་རེར་མགྲོན་ཁང་གི་མདུན་རིའི་ངོས་ལ་སྤྲོ་གསེང་དུ་ཕྱིན་པ་སོགས་ཉིན་ཤས་རིང་སྤྲོ་སྣང་ཆེན་པོ་བྱུང༌།

སྤྱིར་བྷ་ཀན་ BerGen གྲོང་ཁྱེར་ནི་མཚོ་འདབས་དང་འབྲེལ་བའི་ལུང་གཤོངས་ཤིག་ཏུ་མཎ་ཌལ་གྱི་ཚོམ་བུ་བཀོད་པ་ལྟར་དུམ་བུ་སྣ་ཚོགས་བྱས་ནས་ཆགས་འདུག་པ་དང༌། གྲོང་ཁྱེར་གྱི་ཕྱིའི་ཁོར་ཡུག་ཡོངས་རྫོགས་སྐྱེ་དངོས་སྣ་ཚོགས་ཀྱིས་ཁྱབ་པའི་རི་བོ་བསྟར་ལ་བསྒྲིགས་ཤིང༌། གྲོང་ཁྱེར་གྱི་ནང་ངོས་སུ་རྒྱ་མཚོ་ཡུར་བར་དྲངས་པའི་གཙང་པོའི་མཛེས་སྡུག་དང༌། དེ་བཞིན་བཀོག་མའི་མཚེའུ། བཅོས་མའི་ལྡུམ་ར། སྤང་ཐང༌། གཙང་ཞིང་འདུ་འཛུའི་ཆུང་བའི་སྲང་ལམ། གསར་རྙིང་གི་བཀོད་པ་སྣ་ཚོགས་ཀྱིས་མཛེས་པའི་ཁང་བརྩེགས། ཀུ་ཅོ་མེད་པའི་མི་ཚོགས་དང་རླངས་འཁོར་བཅས་དེང་རབས་ཡར་ཐོན་གྱི་རྣམ་པ་ལྡན་པ་གང་ཞིག་ལ། རང་བྱུང་གི་མཛེས་སྡུག་གཙིགས་སུ་འཛིན་པ་དང༌། གྲོང་ཁྱེར་དེའི་སྲང་ལམ་གང་དུ་ཡང་རླངས་འཁོར་གྱི་དུང་སྒྲ་ནི་གཏན་ནས་ཐོས་རྒྱུ་མེད་ཅིང༌། རླངས་འཁོར་གྱིས་མིའི་བདེ་འཇགས་གཙོ་བོར་བཟུང་སྟེ་མི་ལ་ཚུར་བསྟུན་པ་མ་གཏོགས། མིའི་ཚེ་སྲོག་དང་བདེ་འཇགས་ལ་རིན་ཐང་ཅི་ཡང་མེད་པའི་རྡ་སའི་རླངས་འཁོར་སྨྱོན་པ་འདི་འདྲ་ཞིག་ཡོ་རོབ་ཀྱི་ལུང་པ་གང་དུ་ཡང་མཐོང་རྒྱུ་མེད་པ་ལྟ་བུ་ཞིག་འདུག

ནོར་ཝེ་རྒྱལ་ཁབ་ནི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཁོངས་ཡིན་ཡང༌། ཁོང་ཚོར་རྒྱུན་སྤྱོད་ཀྱི་ཤོག་སྒོར་ KRONER ཞེས་པའི་ཟུར་བ་ཞིག་འདུག་ཅིང༌། EURO རེ་ལ་ KRONER ཟེར་བའི་ནོར་ཝེའི་ཤོར་སྒོར་དགུ་ཡས་མས་དང༌། ནོར་ཝེའི་སྒོར་མོ་རེ་ལ་རྒྱ་གར་གྱི་ RUPEES བདུན་དང་པེ་ཤ་བརྒྱད་ཅུ་ཡས་མས་རེད་འདུག ཡུལ་འདིའི་བཅའ་དངོས་དང་བཟའ་བཏུང་གང་འདྲ་ཞིག་ཡིན་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན་རིན་གོང་ཤིན་ཏུ་མཐོ་པོ་ཡིན་པས། རྒྱ་གར་གྱི་ RUPEES བཀོལ་སྤྱོད་ལ་གོམས་པའི་ང་ཚོ་ལྟ་བུར་མཚོན་ན་རྒྱ་གར་གྱི་གནས་སྟངས་ལྟར་བཟའ་བཏུང་བྱེད་པར་དཀའ་ཁག་འདུག་ཀྱང་། ཡུལ་མི་ཁོང་ཅག་ལ་དེའི་ཚོད་ཀྱིས་ཡོང་འབབ་ཡོད་སྟབས་དེ་དག་དཀའ་ངལ་ཞིག་ཏུ་ཚོར་གྱི་མེད་པའི་སྣང་བ་གསལ་པོ་བྱུང་། ནོར་ཝེ་རྒྱལ་ཁབ་ལ་རྩ་བའི་ཆོས་ལུགས་མ་འདྲ་བ་སྣ་ཚོགས་ཡོད་འདུག་ཀྱང་སྤྱི་ཡོངས་ཀྱི་ཆོས་ལུགས་ནི་ཡི་ཤུའི་ཆོས་ལུགས་ཡིན་པ་དང༌། ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་འདྲ་བར་གང་སར་རྩེ་མདུང་ཅན་གྱི་ཡི་ཤུའི་ཆོས་ཁང་མང་པོ་མཇལ་རྒྱུ་འདུག གོང་དུ་བཤད་པ་ལྟར་ཁོང་ཚོར་སྐད་ཡིག་འགའ་ཤས་ཡོད་པ་ལས། གཞུང་འབྲེལ་ཡིག་ཆ་དང་། མང་ཚོགས་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ནས་དགུ་བཅུ་ཐམ་པའི་བར་གྱིས་གདོད་མའི་གློ་བའི་མི་རིགས་ཀྱི་སྐད་ཡིག་ཅིག་ཡོད་པ་དེ་བཀོལ་སྤྱོད་བྱེད་ཀྱི་འདུག

ད་ལྟའི་ཆར་ནོར་ཝེའི་རྒྱལ་ཁབ་ནང་རྟེན་གཞི་བྱེད་མཁན་བོད་པ་ལྔ་བཅུ་ལྷག་ཅིག་ཡོད་འདུག་ཅིང་། ཁོང་ཚོ་གཅིག་ཕན་གཅིག་གྲོགས་ཀྱི་ནང་ཁུལ་མཐུན་ལམ་ཤིན་ཏུ་ལམ་བཟང་བར་མ་ཟད། གོ་སྐབས་ནམ་བྱུང་ལ་བོད་སྤྱི་བའི་ལས་དོན་ཐོག་འཐུས་ཤོར་མེད་པར་ལས་འགུལ་སྤེལ་གྱི་ཡོད་ཅེས་ཁོང་ཚོས་སྤོབས་པ་ཆེན་པོ་བྱེད་ཀྱི་འདུག་པར་མ་ཟད། དངོས་ཡོད་གནས་ཚུལ་ལ་ས་གནས་ཀྱི་ཡུལ་མི་མང་ཆེ་བས་བོད་དོན་སྐོར་མཁྱེན་གྱི་འདུག་ལ། བོད་མི་དང་བོད་ཀྱི་དགེ་འདུན་པ་ལ་བརྩི་མཐོངས་ཆེན་པོ་ཡོད་པའི་དངོས་མཐོང་གི་གནས་ཚུལ་ལ་གཞིགས་ན། རྩ་བའི་མཐོང་ཚུལ་འདི་དག་༸གོང་ས་མཆོག་གི་མཚན་སྙན་དང་འབྲེལ་བའི་ཐོག་ནས་བྱུང་བ་སྨོས་མ་དགོས་ཀྱང་། ས་གནས་སོ་སོར་རྒྱུན་སྡོད་བྱེད་པའིབོད་མི་ཚོའི་ཉིན་རེའི་སྤྱོད་ལམ་འཁྱེར་སྟངས་དང་། སྤྱི་བའི་ལས་དོན་ཐོག་སེམས་ཁུར་བྱེད་སྟངས་ལ་ཡང་འབྲེལ་བ་ངེས་ཅན་ཡོད་པས། ཁོང་ཚོའི་དོན་དང་མཐུན་པའི་སྤོབས་པ་ལ་ང་ཚོས་ཡིད་མོས་བསྔགས་བརྗོད་རང་བཞིན་གྱིས་བྱེད་དགོས་བྱུང་།

ནོར་ཝེའི་བོད་རིགས་ཚོགས་པའི་ངོས་ནས་བོད་རིག་པའི་ཚོགས་ཞུགས་པ་རྣམས་ལ་གསོལ་སྟོན་གྱི་དགོང་ཚོགས་ཤིག་བསྡུས་ཏེ། གསོལ་སྟོན་དང་། གཏམ་བཤད། གླུ་ལེན་གར་རྩེ་བཅས་གོ་སྒྲིག་བྱས་འདུག ས་མཐའ་ནས་སྤུན་ཟླ་ལྷན་འཛོམས་བྱུང་བས་ཡིན་ངེས་ཏེ། དགོང་ཚོགས་དེར་ཚོགས་ཞུགས་པ་རྣམས་ཀྱི་ཞལ་རས་ནས་བཅོས་མིན་གྱི་སྤྲོ་ཉམས་ཆེན་པོ་རང་བཞིན་གྱིས་མངོན་གྱི་འདུག
ཡོ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བའི་རིག་གཞུང་དང་འཚོ་བའི་གོམས་གཤིས་ལ་མ་འདྲ་བའི་ཁྱད་པར་མཐོང་དཀའ། ལྷག་པར་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་འཛམ་གླིང་ཡོངས་རྫོགས་ལ་གཅིག་མཚུངས་ཀྱིས་ཤུགས་རྐྱེན་ཐེབས་བཞིན་པའི་དེང་རབས་ཀྱི་རིག་གཞུང་དང་འཚོ་བའི་གནས་སྟངས་ཀྱི་ཆ་ནས། ང་དངོས་སུ་འགྲོ་མྱོང་བའི་ཡོ་རོབ་ཀྱི་ལུང་པ་མང་ཆེ་བ་གཅིག་མཚུངས་ཤིག་ལས་མ་འདྲ་བའི་ཁྱད་པར་མཐོང་དུ་མེད་པ་ལྟ་བུ་འདུག

སྤྱི་ཡོངས་ཀྱི་ཆ་ནས་ཁོང་ཚོའི་མི་ཕྱུག་པོ་ཞིག་ཡིན་ན་ཡང་རྒྱུན་ལྡན་དུ་འཚོ་བ་དགོས་མཁོ་དང་འཚམས་པོ་ཞིག་མ་གཏོགས། ཚད་ལས་བརྒལ་བའི་རྒྱས་སྤྲོས་བྱེད་ཀྱི་མི་འདུག་ཅིང༌། སྡོད་ཁང་མང་ཆེ་བ་དགོས་མཁོ་དང་འཚམས་པའི་སྤྱིར་བཏང་བ་ཞིག་མ་གཏོགས། ཆེད་དུ་རྫིག་ཉམས་སྟོན་པར་བཟོས་པའི་དགོས་མེད་ཀྱི་རྒྱས་སྤྲོས་གང་དུ་ཡང་མཐོང་རྒྱུ་མེད་པ་ལྟ་བུ་ཡིན།
ལྦི་ཆང་དང༌། བག་ལེབ། ཤ་སྲེག་སྣ་ཚོགས་ནི་ཁོང་ཚོའི་བཟའ་བཏུང་གི་སྤྱོད་སྒོ་ཆེ་ཤོས་ཡིན་ཞིང་། སྤྱི་གླིང་མང་པོ་ཞིག་ལ་ཆེད་དུ་ཤ་སྲེག་བྱེད་སའི་ཐབ་ཀ་གཞུང་ངོས་ནས་གོ་སྒྲིག་བྱས་འདུག ང་ཚོར་མ་གོསམས་པའི་དབང་གིས་སྣང་བར་མི་འཇུག་པ་ཞིག་ནི། གང་དུ་ཕྱིན་ཡང་སྐྱེས་ཕོ་མོ་མེད་པར་རྒྱུན་དུ་ཐ་མག་ལ་སྤྱོད་ཅིང་། འདི་ནི་ཡར་རྒྱས་ལུང་པའི་ཁྱད་ཆོས་ལྟ་བུར་གྱུར་འདུག་པ་ནི་བསམ་བློས་དང་ལེན་དཀའ་བ་ཞིག་འདུག འོན་ཀྱང་ཐ་མག་བཀག་སྡོམ་ཡོད་སའི་ས་ཚིགས་རྣམས་སུ་ཐ་མག་སྤྱོད་མཁན་གཅིག་ཀྱང་མཐོང་དུ་མེད་པ་སོགས་སྤྱི་ཡོངས་ཀྱི་ཆ་ནས་མི་རྒན་གཞོན་ཀུན་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པའི་གོམས་གཤིས་ནི་ཡ་མཚར་བ་ཞིག་འདུག

༼་་་་་་་མུ་འགོད།༽

རྩོམ་ཁུངས།  ཁ་བརྡ།