ཁ་སང་དེ་རིང་འཇམ་དབྱངས་དཀར་པོ་སོགས་དྲ་ཐོག་གི་ཁྲམ་པ་སྐོར་ཞིག་གིས་སྐད་འཕྲིན་དང་པོད་འཕྲིན་སོགས་སུ་ཧིན་རྡུ་ཆོས་ལུགས་ཀྱི་ཆོ་གའི་པར་ཞིག་དང་བོད་མདོ་སྨད་རེབ་གོང་ཡུལ་གྱི་དྲུག་པའི་གླུ་རོལ་གྱི་ཆོ་ག་ཞིག་གི་པར་ལྷན་དུ་བཀོད་ནས་རྒྱུས་མེད་རྒྱུས་གཏམ་གྱི་སྐད་ཆ་བྱུང་རྒྱལ་དུ་སྨྲ་བར་བྱེད་དོ།། སྤྱིར་བཏང་ཁྲམ་པ་དེ་རིགས་ལ་ལན་སྨྲ་བ་ནི་དུས་ཚོད་ཟད་པའི་རྒྱུ་ཁོ་ནར་ཟད་ལ། ཡིན་ཡང་། དྲ་ཐོག་ན་རེབ་གོང་ལ་རྒྱུས་མེད་པ་དང་ལྷག་པར་དྲུག་པའི་གླུ་རོལ་གྱི་སྐོར་ལ་རྒྱུས་མངའ་མེད་པའི་མི་ཡང་ཡོད་ངེས་པས། དེ་དག་གི་ཆེད་དུ་ཅུང་ཟད་སྤྲོ་བ་ལ།

རེབ་གོང་ཡུལ་གྱི་གླུ་རོལ་ནི་བཙན་པོ་ཁྲི་རལ་བའི་དུས་སུ་རྒྱ་བོད་གཉིས་ཀྱི་གཡུལ་འཁྲུག་མཚམས་བཞག་ནས་སྟོང་རི་ལྷ་མཚོའི་ཁ་ནས་འདུམ་འགྲིག་གི་དུས་སྟོན་རྒྱ་ཆེན་པོ་ཞིག་ལ་རོལ་བ་དེ་ལ་གཏུགས་སུ་ཡོད་ལ། ད་ལྟའི་དུས་སུ་ཡང་གླུ་རོལ་རྩེ་བའི་སྡེ་བ་དེ་དག་ལ་དངོས་སུ་བཅར་ནས་ལྟད་མོར་རོལ་ན། ཁྱེད་ལ་གནའ་བོའི་དམག་འཁྲུག་གི་ཡོ་ལང་ཞིག་དང་། གནའ་བོའི་བཙན་པོའི་སྲོལ་ཀ་ནི་འདི་ལྟ་བུའོ་སྙམ་ངེས་པའི་གར་སྟབས་དང་སྲོལ་ལུགས་ཆོ་ག་མང་པོ་ཞིག་མིག་ལམ་དུ་བསྟར་དུ་ཡོད། དཔེར་ན། ན་ཆུང་མ་དག་གིས་འཕྱོར་ལྭ་སྤྲས་ནས་དམག་དཔུང་ལ་ཕེབས་བསུ་བྱེད་པ་དང་། སྟག་ཤར་དག་གཡུལ་ལས་རྒྱལ་བའི་མདའ་མདུང་མཚོན་ཆ་བསྣམས་ནས་དགྲ་ཚོགས་བཅོམ་པའི་ངའོ་བྱེད་པ། ཕན་ཚུན་གྱི་བཟུང་དམག་རྩིས་སྤྲོད་བྱེད་པ། འདུམ་འགྲིག་བྱུང་ནས་མཚོན་ཆ་གཅོག་པ་སོགས་ཀྱི་སྣང་བརྙན་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད།

སྐབས་འདིར་གླེང་བྱ་གཙོ་བོ་ལ། ཁ་འབིགས་པའི་སྲོལ་དང་མཚོན་རྒྱག་པའི་སྲོལ་འདི་ཡིན། གནའ་བོའི་དུས་ནི་དཔའ་བོ་བཀུར་བའི་སྤྱི་ཚོགས་ཞིག་ཡིན་ལ། དཔའ་བོ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་མི་སྣ་གཙོ་བོ་ཡིན། ཆེ་ས་ནས་བཤད་ན་དཔའ་བོས་མི་རིགས་སྐྱོང་ཐུབ་ལ། ཆུང་ས་ནས་བཤད་ན་དཔའ་བོས་སྡེ་འགོ་སྐྱོང་ཐུབ་པ་ཡིན། དཔའ་བོ་ནི་མཚོན་དང་འབྲལ་མེད་ཡིན་ལ། མཚོན་ཆ་ནི་ཁྲག་དང་འབྲལ་མེད་ཡིན། ལོ་ཆུང་ཆུང་ཚོའི་རྣ་ལམ་དུ་དཔའ་བོའི་གཏམ་རྒྱུད་དང་དགྲ་བཏུལ་བའི་ལོ་རྒྱུས་བཤད་ནས་མཚོན་ཆ་དང་ཁྲག་ལ་འབྲེལ་འདྲིས་གཏོང་བ་ནི་སྐབས་དེའི་དཔའ་བོ་སྐྱོང་བའི་བྱེད་ཐབས་ཡིན། རེབ་གོང་གི་སྡེ་བ་དག་ན་གསར་བུ་ལོ་བཅོ་ལྔ་བུད་པ་ནས་བཟུང་ཁ་འབིགས་རྒྱག་པའི་སྲོལ་ཡོད་ལ། ལོ་བཅོ་ལྔ་ནས་སོ་ལྔའི་བར་བཅད་དེ་དེ་ལས་དར་མ་དག་ལ་ཐོད་པ་ལ་མཚོན་རྒྱག་སྲོལ་ཡོད། དེ་ཡང་གོང་དུ་བཤད་པ་བཞིན་ཁྲག་དང་འབྲེལ་འདྲིས་གཏོང་བ་དང་དཔའ་སྐྱོང་བ།དཔའ་ངོམས་པ། དཔའ་ཡོད་མེད་ཉམས་སད་པའི་རྣམ་པ་ཞིག་ཏུ་གྱུར་ཡོད།

རྒྱུས་གཏམ་ཞིག་བཤད་ན། རེབ་གོང་གི་བོན་སྡེ་དང་སྔགས་སྡེ་དག་ལ་གླུ་རོལ་གྱི་ཆོ་ག་འདི་རྦད་དེ་མི་དར་ལ།  གྲྭ་བ་རྣམས་དབྱར་གནས་བའི་སྐབས་ལ་ཁེལ་བ་ཡིན་པས་གླུ་རོལ་ལ་འགྲོ་མི་རུང་ལ་འགྲོ་བ་ནི་ངོ་ཚ་ཞིག་ཏུ་བརྩི། དེ་བས་འདི་ནི་བོན་ལུགས་དང་སངས་རྒྱས་པའི་ལུགས་དང་གཏན་ནས་འབྲེལ་བ་མེད་ལ། ལྷག་ཏུ་ཧིན་རྡུ་བའི་ཆོ་ག་ལ་ལོ་རྒྱུས་ས་བབ་གང་ཐད་ནས་བལྟས་ཀྱང་འབྲེལ་ཐབས་གཏན་ནས་མེད། འདྲ་བའི་ཆ་ཅུང་ཟད་ཡོད་པས་དེ་ག་ནས་དར་རོ་སྙམ་པ་ནི་རིགས་པ་མི་ཞིབ་པ་དང་ཅོལ་ཆུང་རྩིང་བའི་སྐད་ཆ་ལ་ཟད་དོ།།

གླུ་རོལ་གྱི་ཆོ་ག་འདི་ནི་ད་ལྟའི་དུས་འདིར་ཡང་ལུས་བའི་བཙན་པོའི་དུས་ཀྱི་ཤུལ་ཀ་རྨ་མེད་པ་དེ་ཡིན་ལ། གླུ་རོལ་གྱི་སྐབས་སུ་ལབ་ཙེ་བསྟོད་སྲོལ་ཞིག་ཡོད་པ་འདི་དམག་འཁྲུག་གི་དུས་སུ་གཡུལ་དུ་ཤི་བའི་དཔའ་བོ་ཚོའི་མཚོན་ཆ་མདའ་གྲི་མདུང་གསུམ་དང་གོ་ཁྲབ་སོགས་ཕྱོགས་གཅིག་ཏུ་སྤུངས་ནས་དཔའ་བོ་གང་དེའི་མཛད་རྗེས་ལ་ཡི་རང་ཞུ་བའི་རྣམ་པ་ཞིག་ཕྱིས་སུ་ཆོས་ལུགས་ཀྱི་ཚོན་ཁ་བསྒྱུར་བའོ་ཅེས་ཡུལ་མི་མཁས་པའི་ངག་ལས་ཐོས།

མདོར་ན། གླུ་རོལ་ནི་ལོ་རྒྱུས་གསོན་པོ་ཞིག་ཡིན་ལ། མེས་པོ་བཀུར་བའི་ཆོ་ག་རྩ་ཆེན་ཞིག་ཡིན། འདི་ད་ལྟའི་བར་ཏུ་མ་ཉམས་པར་ཡོད་པ་ནི་ཏུན་ཧོང་ཡིག་རྙིང་ས་ཁར་བུད་པའི་མཚུངས་ཆོས་ཡིན་ལ། འདི་ལ་ཟུར་ཟ་དང་ལོག་ལྟ་བྱེད་པ་ནི་རང་གི་ཕ་མེས་ཀྱི་གདོང་ལ་མི་གཙང་བ་གཏོར་ཞིང་གང་ཡིན་སར་རྨུགས་པའི་ཁྱི་རྒན་སྨྱོན་པ་ཞིག་དང་ཀུན་ནས་མཚུངས་སོ།།

 

རོང་བོ་གངས་དཀར་གྱིས།

༢༠༡༦  ༧  ༣༠

 

གླུ་རོལ་གྱི་སྐོར་རྒྱས་པར་ཤེས་འདོད་ན་རྒན་མཁར་རྩེ་ལགས་ཀྱི《འཇིག་རྟེན་མཆོད་བསྟོད》ལ་གཟིགས་པར་འཚལ།