༄༅།  །  ཛ་རཱ་ཐུགས་གྲོལ་གྱིས་དེ་སྐད་དུ་སྨྲས་པ་དང་། ཁུ་སིམ་པོའི་ངང་ནས་མི་ཚོགས་ལ་ཞིབ་གཟིགས་གནང་བཞིན་ཁོང་གིས་སེམས་ལ་འདི་སྐད་གཏམ་མོ།  །འདི་རྣམས་ཧད་ནས་ལངས་འདུག  འདི་རྣམས་ཀྱིས་བདག་ལ་འཕྱ་དགོད་བྱེད་ཀྱིན་འདུག  འདི་རྣམས་ཀྱིས་བདག་རྟོགས་ཀྱིན་མི་འདུག  བདག་གི་ལྕེ་དང་འདི་རྣམས་ཀྱི་རྣ་ནི་འཕྲོད་ཀྱི་མི་འདུག་གོ  །

༄།   འོ་ན་འདི་རྣམས་ཀྱི་རྣ་བ་བཀོག་ནས་མིག་གིས་ཉན་ཤེས་པར་བསླབ་དགོས་སམ།    ཡིན་གཅིག་མིན་གཅིག་ཏུ་རྔ་མཁན་ལྟར་ཤེད་ཀྱིས་རྡུང་བའམ་ཆོས་འཆད་མཁན་ལྟར་སྐད་ཆེན་གྱིས་སྒྲོག་དགོས་སམ།  ཡང་ན་འདི་དག་གིས་དིག་ལོ་མ་གཏོགས་ཡིད་མི་ཆེས་པ་ཡིན་ནམ།

༄།   འདི་རྣམས་ལ་སུ་ཞིག་གིས་ང་རྒྱལ་བསྐྱེད་ཀྱིན་ཡོད།   སུ་དེ་ལ་ཁོ་ཚོས་ཤེས་ལྡན་དུ་འབོད་སྲིད་དེ།   དེ་ནི་ཁོ་ཚོ་དང་ལུག་རྫིའི་[9]བར་གྱི་ཁྱད་བྱེད་དོ། །

༄།   དེ་བས།  འདི་རྣམས་ཀྱིས་རང་ལ ་ཁྱད་གསོད་བྱེད་པའི་སྐད་ཆ་ཉན་མི་སྤྲོ།   ད་ནི་བདག་གིས་འདི་རྣམས་ཀྱི་ང་རྒྱལ་ཚུམ་པར་བྱེད་དོ།  །

༄།   བདག་གིས་འདི་རྣམས་ལ་ཁྱད་གསོད་རུང་བའི་འགྲོ་བ་དེ་སྨྲ་བར་བྱེད་དེ། དེ་ནི་མི་ཡི་ཐ་མའོ།  །

༄།    དེ་ནས།  ཛ་རཱ་ཐུགས་གྲོལ་གྱིས་མི་རྣམས་ལ་འདི་སྐད་སྨྲས་སོ།   །

༄།   ད་ནི་མི་རང་ཉིད་ཀྱི་དམིགས་བྱ་བརྩོན་པའི་དུས་ལ་སླེབས་སོང་།  ད་ནི་མི་ཡི་ཆེས་མཐོ་བའི་རེ་བའི་སོན་རྩ་འདེབས་པའི་དུས་ལ་སླེབས་སོང་།

༄།    མི་ཡི་ཞིང་ས་ནི་ད་དུང་ཕུན་སུམ་ཚོགས་པར་འདུག་པས་སོན་རྩ་འདེབས་པས་ཆོག  འོན་ཀྱང་གང་ལྟར་དུ་ཉིན་ཞིག་ལ་ས་ཞིང་འདི་བཅུད་ཉམ་ཟུངས་ཟད་དུ་འགྱུར་འགྲོ་བས།  དུས་དེ་ལ་ཞིང་ས་འདི་ལས་མཐོ་སྟུག་གི་ལྗོན་ཤིང་གང་ཡང་སྐྱེ་མི་ནུས་སོ།  །

༄།   ཀྱེ། མི་ཡིས་ཞེ་འདུན་གྱི་མདའ་མོ་འཕེན་མི་ནུས་པའི་དུས་དེ་སླེབས་ལ་ཉེ།   མི་ཡི་གཞུ་རྒྱུད་ལ་སིར་སྒྲ་མི་འབྱུང་བའི་དུས་དེ་སླེབས་ལ་ཉེའོ།  །

༄།   བདག་གིས་ཁྱོད་ཅག་ལ་ལམ་སྟོན་བྱེད།    མི་ཡིས་ཟིང་ཆ་སྤྱོད་པར་བྱས་ནས་གར་བའི་སྐར་རྒྱན་བལྟམས་པར་བྱེད།  བདག་གིས་ཁྱོད་ཅག་ལ་ལམ་སྟོན་བྱེད།  ཁྱོད་ཅག་ལ་ད་དུང་ཟིང་ཆ་འདུག །

༄།    ཀྱེ།  མི་ཡི་ཁྲོད་ནས་སྐར་རྒྱན་བལྟམས་པའི་དུས་དེ་རྫོགས་ལ་ཉེ།   ཀྱེ།  ཆེས་ཉམ་ཐག་གི་མི་དེས་རང་ཉིད་ལ་མཐོང་ཆུང་བྱེད་མི་ནུས་པའི་དུས་དེ་སླེབས་ལ་ཉེའོ།  །

༄།    ལྟོས་དང་།  བདག་གིས་ཁྱེད་ཅག་ལ་མི་ཡི་ཐ་མ་སྟོན།

༄།   བརྩེ་བ་ནི་ཅི་ཡིན་ནམ།  གསར་གཏོད་ནི་ཅི་ཡིན་ནམ།  ཞེ་འདུན་ནི་ཅི་ཡིན་ནམ།   སྐར་རྒྱན་ནི་ཅི་ཡིན་ནམ། མི་ཡི་ཐ་མ་ཚོས་དེ་ལྟར་དྲིས་ནས་མིག་ལྷེམ་པར་བྱེད།

༄།   དེ་དུས་སུ། ས་གཞི་ཇེ་ཆུང་དུ་འགྱུར་བ་རེད།  ཐམས་ཅད་ཇེ་ཆུང་དུ་བྱེད་མཁན་གྱི་མི་ཡི་ཐ་མ་ཚོས་དེ་རུ་ཧོབ་མཆོང་བྱེད་པ་རེད།  དེ་ཡི་རིགས་ནི་ཁྱི་ཤིག་ལྟར་རྩ་མེད་ཐུབ་པ་མ་རེད། མི་ཡི་ཐ་མ་དག་ནི་ཚེ་ཐག་རིང་།

༄།    ང་ཚོས་བདེ་སྐྱེད་རྙེད་དུ་བྱུང་།  མི་ཡི་ཐ་མ་ཚོས་མིག་ལྷེམ་ནས་དེ་སྐད་བརྗོད་དོ། །

༄། དེ་རྣམས་འཚོ་གནས་དཀའ་བའི་ཡུལ་ཕྱོགས་བསྐྱུར་ནས་བུད་འགྲོ། དེ་རྣམས་ལ་དྲོད་དགོས། ཁྱིམ་མཚེའུ་རྣམས་ཕན་ཚུན་དགའ་བར་བྱེད་ལ་རྩུབ་པོ་ནི་དེ་དག་ལ་མི་འོས།  དེ་དག་ལ་དྲོད་དགོས་པས་སོ།  །

༄།  དེ་རྣམས་ཀྱིས་ན་བ་དང་ཡིད་མི་རྟོན་པ་དག་ནི་སྡིག་པ་རུ་མཐོང་།  དེ་རྣམས་དོགས་ཟོན་ཆེན་མོའི་སྒོ་ནས་འགྲོ་བར་བྱེད།  གང་གིས་དེ་བཞིན་བྱས་ཀྱང་ད་དུང་རྡོ་དང་མི་ཡི་རྐྱེན་གྱིས་འགྱེལ་བ་བྱུང་།  དེ་ནི་བླུན་པའོ།  །

༄།  དེ་རྣམས་ཀྱིས་དུག་ཕྲ་མོ་སྐབས་སྐབས་སུ་ངུབ་བྱ་ལ།  དེ་ཡིས་རྨི་ལམ་སྐྱིད་པོ་རྨིས་པར་བྱེད།  མཐའ་མར།  དེ་རྣམས་ཀྱིས་དུག་ཆེ་བོ་རོལ་ནས་འཆི་བ་སྐྱིད་པོར་བྱེད་དོ། །

༄།  དེ་རྣམས་ཀྱིས་ད་དུང་ངལ་རྩོལ་བྱེད།  དུས་ཚོད་ཡོལ་བའི་ཆེད་དུ་ངལ་རྩོལ་བྱེད།  འོན་ཀྱང་དེ་རྣམས་ཀྱིས་རང་ལུས་ལ་རྨས་སྐྱོན་ཕོག་རུང་བའི་ལས་ཀུན་འཛེམ་པ་ཡིན་ནོ།  །

༄།  དེ་རྣམས་ལ་དབུལ་བོ་དང་ཕྱུག་པོའི་ཁྱད་པར་མེད།  དེ་གཉིས་ཀར་དཀའ་ངལ་ལྡན་པའི་ཕྱིར་རོ། །  སུ་ཡིས་དབང་བསྒྱུར་བར་འདོད་དམ།  སུ་ཞིག་དབང་གིས་བསྒྱུར་འདོད་དམ།  དེ་གཉིས་ཀ་ནི་དཀའ་ངལ་ཆེ་བའི་ཕྱིར་རོ།  །

༄།   དེ་ལྟར།  ལུག་ཁྱུ་གཅིག་ལ་ལུག་རྫི་ནི་མེད་དོ། །  སོ་སོས་བསམ་འདུན་ནི་གཅིག་རྐྱང་ཡིན།  སོ་སོས་མཆོག་དམན་ནི་འདྲ་མཉམ་ཡིན།  སུ་ཞིག་ལ་དུངས་བ་མི་འདྲ་བ་སྐྱེ་ན།   དེ་ནི་སྨྱོས་བཅོལ་སྨན་ཁང་དུ་རང་མོས་འཛུལ་བ་ཡིན་ནོ། །

༄།  སྔོན་གྱི་མི་ཐམས་ཅད་ནི་སྨྱོན་པའོ།  དེ་རྣམས་ཀྱི་ཁྲོད་ཀྱི་གཡོ་སྒྱུ་ཅན་དེས་མིག་ལྷེམ་བཞིན་དེ་ལྟར་སྨྲ་བ་རེད།

༄།  དེ་རྣམས་ཀྱི་རིག་པ་ཤིན་ཏུ་གསལ།  འདས་སོང་གི་དོན་ཐམས་ཅད་ཤེས་པར་ནུས།  དེ་བས་དེ་རྣམས་ཀྱིས་རྒྱུན་པར་ཕན་ཚུན་ལ་ཟུར་ཟ་འཕྱ་སྨོད་བྱེད།  དེ་རྣམས་ཀྱིས་ད་དུང་འཛིང་མོ་བྱེད།  འོན་ཀྱང་བསྟུན་མར་སྡུམ་ཐབས་ཀྱང་བྱེད།  དེ་མིན་ན་ཁོ་ཚོའི་འཕོ་བ་བདེ་བོ་ཡོང་མི་སྲིད།

༄།   ཁོ་ཚོ་ལ་དགའ་བདེ་ཆུང་བ་རེ་ཉིན་ལྟར་ཡོད་ལ།  དགའ་བདེ་ཆུང་བ་རེ་མཚན་ལྟར་ཡོད།  འོན་ཀྱང་ཁོ་ཚོས་བདེ་ཐང་ལ་གཙིགས་ཆེན་བྱེད།

༄།    ང་ཚོས་བདེ་སྐྱིད་རྙེད་དུ་བྱུང།  མི་ཡི་ཐ་མ་ཚོས་དེ་ལྟར་ལབ་ལ་མིག་ལྷེམ་ལྷེམ་བྱེད།

༄།   སྐབས་འདི་ནས་མི་ཚོགས་ཀྱི་སྐད་སྒྲ་དང་སྤྲོ་འུར་དེས་ཛ་རཱ་ཐུགས་གྲོལ་གྱི་སྐད་ཆ་མཚམས་བཅད་པར་བྱས་པས།  འདི་ནས་ཛ་རཱ་ཐུགས་གྲོལ་གྱི་ཐོག་མའི་གསུང་བཤད་དེ་རྫོགས་པར་བྱས་ལ་གསུང་འདི་ལ་ སྔོན་འགྲོ་ ཡང་ཟེར། མི་ཚོགས་ཀྱིས་ཡང་ན་མི་ཡི་ཐ་མ་འདི་འདྲ་ཞིག་ཁྲིད་ལ་ཤོག ཨོ་ཛ་རཱ་ཐུགས་གྲོལ། ཞེས་སྐད་རྒྱབ་ལ། ཡང་མིན་ན་ང་ཚོ་མི་ཡི་ཐ་མ་འདི་འདྲ་བ་ཞིག་ཏུ་ཡིན་ཟེར་བས།  དེ་ཡིན་ན་ང་ཚོས་ཁྱོད་ལ་འཕགས་མི་ཞིག་སྤྲད་འོང་ཟེར།  མི་རྣམས་ཀྱིས་དེ་ལྟར་ལབ་ཀྱང་ཤིན་ཏུ་དགའ་བའི་འུར་སྒྲ་ལ་འཐུམ་མོད།  ཛ་རཱ་ཐུགས་གྲོལ་ནི་ཐུགས་ཤིན་ཏུ་སྐྱོ་བས།  རང་གི་སེམས་ལ་འདི་སྐད་གཏམ་མོ། །

༄།   འདི་རྣམས་ཀྱིས་བདག་བློ་ཤེས་དཔོག་མི་ནུས་སོ། ང་ནི་འདི་རྣམས་ཀྱི་རྣ་བར་འཕྲོད་པའི་ཁ་ལྕེ་དེ་མ་ཡིན་ནོ།  །

༄།  བདག་ནི་རི་ཁྲོད་དུ་འགོར་ཆེ་དྲག་པ་ཡིན་ཤས་ཆེ།  བདག་གིས་ཆུ་རྒྱུན་དང་ལྗོན་ཤིང་གི་སྐད་དག་ཐོས་ཆེ་དྲག་པས།  ད་ལྟ་བདག་གིས་འདི་རྣམས་ལ་སྐད་ཆ་བཤད་ན་ལུག་རྫི་ལ་བཤད་པ་ཇི་བཞིན་དཀའ་མོ་རེད།

༄།  བདག་གི་རྣམ་ཤེས་ནི་ལྷིང་འཇགས་ཅིང་གསལ་ལེམ་མེར་འདུག་པ་ཞོགས་པའི་རི་རྩེ་ཇི་བཞིན་ནོ། ། འོན་ཀྱང་འདི་རྣམས་ཀྱི་སེམས་ལ་ང་ནི་ཉོབ་པོ་གཅིག་དང་རྫུ་བག་གི་ཟུར་ཟ་བྱེད་མཁན་ཞིག་ཏུ་མཐོང་ངོ། །

༄།   ད་ལྟ།   འདི་རྣམས་ཀྱིས་བདག་ལ་འཕྱ་བྱེད་ལ་སྡང་བའང་བྱེད།  འདི་རྣམས་ཀྱི་དགོད་སྒྲའི་ཁྲོད་ན་གྲང་ངར་ཞིག་ལྷན་གྱིས་ལྡང་ངོ་། །  ། །

མཆན།
[9]ཡེ་ཤུ་ཆོས་ལུགས་ཀྱི་གསུང་རབ་ཏུ་རྟག་པར་ལྷ་དབང་ནི་ལུག་རྫི་དང་དད་ལྡན་རྣམས་ལུག་ལ་དཔེ་འཇོག་པ་ཡིན།

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།