གཞན་རྟེན་ནི་ཤིན་ཏུ་ཉེས་སོ།།

⏤རྔོན་པ་སྤུན་གསུམ་གྱི་དེབ་འཕྲིན་དང་འབྲེལ་བའི་སྐད་ཆ།

  ༄༅།། བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེའམ་ལྷ་མོ་དོན་གྲུབ་ལགས་སྐུ་འཚོ་བཞུགས་གནང་སྐབས་སུ། འདི་ལྟར་དུ་རང་སེམས་མཚོན་པའི་སྐད་ཆ་ཞིག་བརྗོད་འདུག་སྟེ། སྙན་ངག་གིས་སེམས་ངལ་གསོས་མྱོང་ལ་སྙན་ངག་གིས་སྡུག་ལ་སྦྱར་མྱོང་། ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་གུས་པོའི་ཕ་དྲིན་ཆེན་ཆུང་དུས་ནས་ང་ལ་མ་དབང་བའི་རྐྱེན་གྱིས་ཡིན། ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་ང་རང་གི་མ་ལགས་ཀྱིས་གཞན་ལ་གཡོག་ལས་བྱས་པའི་ཚེ་སྡུག་གི་འོག་ཏུ། ངེད་མིང་སྲིང་དྲུག་པོ་སེམས་ཀྱིས་གསོས་མྱོང་བའི་དུངས་ཀ་དེའི་རྐྱེན་གྱིས་ཡིན། ངས་སྙན་ངག་ལྟ་བུ་ཞིག་འབྲི་དོན་ནི་ང་རང་ཕོ་བྲང་པོ་ཏཱ་ལའི་སྐས་ཐེམ་རེ་རེ་བརྒྱུད་མྱོང་བའི་རྐྱེན་གྱིས་ཡིན། ཞེས་པ་འདི་ནི་ཁོང་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་ཡང་ཡིན་སྲིད་སྙམ༑

ད་རེབ་གྲོང་ཁྱེར་གྱི་བས་མཐའ་ཞིག་ན་ལས་ཚོགས་ལ་འགྲོ་བཞིན་ཡོད་པས། སྐད་འཕྲིན་དང་པོད་འཕྲིན་འདྲ་བོར་མིག་ཉུལ་བྱེད་ཁོམ་ཆེ་ཆེ་ཞིག་མི་འདུག་ལ། ཁྱོད་ཅག་གི་ཡ་ཡོ་དང་ཟོལ་ཧམ་གྱི་འགྲོ་འདུག་ལ་དངོས་གནས་དོ་སྣང་བྱེད་ཁོམ་མི་འདུག ལྷག་ཏུ་ཁྱོད་ཅག་གི་སྙན་ངག་འདྲ་བོ་ཡིན་ཞེས་ཐ་སྙད་སྐམ་པོ་འགའ་ལ། རྡོ་ཆག་བཙན་ཤེད་ཀྱིས་ཚིག་བསྒྲིགས་བཟོས་པར་ལྟ་གི་མེད་ལ་ལྟ་ཁོམ་ཡང་མི་འདུག དྲང་མོ་བཤད་ན། ངས་སྐད་ཆ་ཐུང་ཐུང་འདི་ཡང་ཁྱོད་ཅག་ལ་སྤྲད་འདང་མེད་མོད། ཞིབ་ཏུ་བསམས་ན་འདི་ནི་ཅིས་ཀྱང་སྤྲོད་དགོས་བྱུང་ཞིང་། རང་ལ་མཚོན་ན་ལྷག་ཏུ་མ་སྤྲད་ཐབས་མེད་ཀྱི་གནས་སུ་བསྐྱལ་སོང་བས་དགོངས་དག

དེ་རིང་། བྲེལ་འཚུབ་འ་འུར་གྱི་ལས་ཚོགས་གྲོལ་ཞིང་ཕྱིར་མལ་ཤག་ཏུ་ལོག་རྗེས། ད་གཟོད་ཁྱོད་ཅག་གིས་༼ཁྱོད་ཅག་ཡང་མིན་ཏེ། དོན་ལ་མི་གཉིས་སོ།།༽ ཁྱོད་གཉིས་ཀྱིས་སྤེལ་བའི་དེབ་འཕྲིན་དེ་མཐོང་ཞིང་། དོ་སྣང་དང་ཡིད་གཟབ་ཆེ་ཆེ་ཞིག་མ་བྱས་པ་ཡིན་ཏེ། ད་བར་ཆུང་ཕྱོགས་ཚོས་དེབ་འདྲ་མིན་ཅི་རིགས་དཔར་སྐྲུན་བྱེད་བཞིན་ཡོད་པས། ཡང་ལོ་ཆུང་ཞིག་ཨེ་ཡིན་བསམས་ནས་བལྟས་ཙང་། ཐོག་མར་མཐོང་བ་ནི་གཉའ་གོང་ལྷ་བྷེ་མཆོག་གི་སྐྱོ་སྣང་དང་དྲན་གདུང་གི་ཁུར་བོ་གཉིས་བརྩེགས་གསུམ་བརྩེགས། བཞི་བརྩེགས་ལྔ་བརྩེགས་བྱས་ཡོད་ཡོད་འདྲ་བའི་འདྲ་པར་དེ་མཐོང་ཞིང་། སེམས་ལ་དགའ་ཚོར་ཆེན་པོ་སྐྱེ་བཞིན་ད་ནི་ཁོང་གི་དེབ་དེ་དཔར་སྐྲུན་བྱས་ཚར་འདུག་ཨང་བསམས། ངའི་སེམས་ནང་ལ་ཡུན་རིང་ཉར་ཡོད་ཅིང་། ངས་བཤད་བཞིན་པའི་དེབ་དེ་ཞེས་པ་ནི་ང་རང་བླ་བྲང་ན་ཡོད་དུས། ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་རེ་ཟུང་དང་ན་མཉམ་རེ་ཟུང་གིས་ཁ་བརྡ་ལས་གོ་ཐོས་ཡིན་ན། འདས་པོ་ཁོང་གི་ཤུལ་བཞག་གི་བརྩམས་ཆོས་ཡོངས་གཞི་གཅིག་ཏུ་བསྡུས་ནས་དེབ་ཅིག་ཏུ་བཟོ་གྲབས་ཡིན་རབས་དང་། ད་དུང་བྲིས་ཚར་ཡོད་པའི་བརྩམས་སྒྲུང་རིང་གྲས་ཤིག་ཀྱང་ལོགས་སུ་དཔར་རྒྱུ་ཡིིན་པའི་སྐོར་དེ་རེད། གང་ལྟར་ངས་བལྟས་ཚོད་ཀྱིས་བརྩམས་སྒྲུང་དང་སྙན་དེབ་གང་ཡིན་མ་གསལ་བར་དེབ་དེ་གཉིས་ལས་གཅིག་ཡིན་པར་འདོད་ནས། དེབ་འཕྲིན་དེའི་ནང་གི་ཡི་གེ་དག་བཀླགས་པར་བྱས་ཙང་། ངའི་སྐད་ཅིག་མར་འཆར་སྣང་དང་རིགས་འདེད། ཚོད་དཔག་གིས་ཁེངས་པའི་བསམ་བྱ་ཡོད་ཚད་ལྡོག་པར་བཏང་ལ། དེ་དང་འབྲེལ་ནས་རང་སེམས་ནས་ཅི་ཡིན་མི་ཤེས་པའི་སེམས་ཚོར་ཞིག་གིས་ཡོངས་སུ་དེེད་དེ། ཅི་ཞིག་གི་དགའ་སྣང་ཡོངས་རྫོགས་ཧད་པར་བཏང་། འཐིམ་པར་བཏང་། མོག་པར་བཏང་།

ཡིན་ངོ་མ་ནི། ཚེ་འདས་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཀྱི་སྙན་དེབ་དེ་ལ། ནག་ནོག་གི་གྲིབ་ཆེན་གཉིས་ཀྱིས་གཡས་སྐྱོར་གཡོན་སྐྱོར་བྱས་ནས། དཀར་ནག་ཉིན་སྲིབ་ཀྱི་སོ་མཚམས་ཤིན་ཏུ་གསལ་བའི་མི་ཡུལ་འདི་ལ་ཐོན་འདུག་ཡོད་པ་དེ་རེད། གསལ་བོར་བཤད་ན། སྔོན་མའི་ཚེ་འདས་སྙན་ངག་པ་ཁོང་གི་དེབ་དེ་ཁོང་རང་གི་ཤེས་འཇོན་ནུས་གསུམ་དང་། མཐོང་ཐོས་མྱོང་གསུམ། ཡང་ན་ཁོང་རང་གི་ཁྱད་ཆོས་ལྟར་དུ་དཔར་སྐྲུན་བྱས་མེད་པར། དེ་ལ་ཀློའུ་ཟེར་བ་འདྲ་བོ་ཞིག་དང་། མ་སསངས་མཁའ་འགྲོ་ཟེར་བ་འདྲ་བོ་གཉིས་ཀྱི་སྙན་ངག་ཀྱང་ཁོང་གི་སྙན་དེབ་ཀྱི་གཞུག་ལ་མཐུད་དེ། “སྙན་ངག་པ་གཉའ་གོང་ལྷ་བྷེ་དང་ཀློའུ། མ་སསངས་མཁའ་འགྲོ་གསུམ་གྱི་སྙན་དེབ་ཐོག་མ《རྔོན་པ་སྤུན་གསུམ།》ཞེས་པ་དེ་པར་དུ་བསྐྲུན་ནས་སྤྱི་ལོ་༢༠༡༦ལོའི་ཟླ་༨ཚེས་༡༠ཉིན་སྒོར་ཐོན་པ་དང་། དེ་རིང་ནས་རྒྱ་ཆེའི་ཀློག་པོ་བོའི་སྤྱན་སྔར་འགྲེལ་སྤེལ་བྱ་རྒྱུ་ཡིན་་་”ཞེས་པ་དེ་རེད། ང་རང་དངོས་གནས་རང་གི་གཅེས་པའི་མིག་ཟུང་འདི་གཉིས་ལའང་ཡིད་ཆེས་མི་ཐུབ་པའི་ཚོད་ལ་བསྐྱལ་མོད། དོན་དངོས་ནི་དོན་དངོས་རེད་ལ། དཔར་ཚར་བ་ནི་དེ་བས་ཀྱང་དེ་ག་ནང་བཞིན་ཡིན་འདུག་པས། ད་ནི་འདི་ཕྱོགས་ནས་སྐད་ཆ་རེ་ཟུང་ཞིག་བཤད་དགོས་ཐུག་སོང་། རྒྱུ་མཚན་ནི། ངས་ནི་ངན་སེམས་དང་འགྲན་སེམས། ཡང་ན་ཕྲག་པ་དོག་པའི་བཟོ་སོགས་ཀྱི་སྟེང་ནས་ཁྱོད་གཉིས་ལ་རྣམ་འགྱུར་ཅི་ཡང་མངོན་གི་མེད་ལ། དེ་དག་གི་སྟེང་ནས་སྐད་ཆ་འཁྱགས་པ་འདི་བསྐྱལ་ཡོང་བ་གཏན་ནས་མིན། ཡིན་ཡང་། ངའི་དང་ཞེན་དང་དང་རྟེན་གྱི་སྙན་ངག་པ་ཁོང་ནི། ང་དང་ན་མཉམ་གྱི་གྲོགས་པོ་རེ་ཟུང་ལ་མཚོན་ན། རྒྱུ་སྐར་ནང་ནས་རྒྱུ་སྐར་བདག་པོ་དང་། པདྨའི་ནང་ནས་པདྨ་དཀར་པོ་བཞིན་ཤིན་ཏུ་རྩིས་ཆེ་ལ། དོ་སྣང་ཟབ་ཤོས་ཀྱི་སྙན་ངག་པ་ཞིག་ཡིན་པས། ཁྱོད་གཉིས་ཀྱི་ཤིན་ཏུ་མི་གཙང་ལ་དམིགས་ཡུལ་དང་ཧམ་སེམས་དང་། འདོད་རྔམ་དང་། ཡང་ན་སྙན་གྲགས་ཀྱི་ཐད་ནས་གཟས་སམ་ཅི་ཡོད་པའི་ཁྱོད་གཉིས་ལ། སྐད་ཆ་འདི་འཁྱེར་ཡོང་དགོས་པ་ཅི་ལ་མིན་ཏེ། ཡིན་ངེས་སོ།།

དྲར་ཉུལ་མཚམས་དེ་ནས་ཆ་མེད་ཀྱི་དྲ་གྲོགས་རེ་ཟུང་གིས་རྟེན་འབྲེལ་ཞུ་ཟེར་ཞིང་། ལ་ཤས་ཀྱིས་ད་དུང་མཐོང་མེད་པས་ཡིན་ནམ་ཅི། གང་ལྟར་མི་སྨྲའི་ཚུལ་དུ་མང་པོ་ཞིག་ལུས་འདུག་ཡོད་པས། ངས་ཁྱོད་གཉིས་ལ་ཐོག་མར་སྐད་ཆ་རེ་ཟུང་འདྲི་ན་འདོད་བྱུང་། གལ་ཏེ་འདི་ནི་འདས་པོ་ཁོང་རང་འཚོ་བཞུགས་སྐབས་སུ། གསུམ་ཁོ་གྲོས་ཐོག་ལ་ཡོང་ཞིང་། དེ་ལྟར་དཔར་གྲབས་ཀྱི་བཟོ་བྱས་པ་ཡིན་ན། ང་ལ་སྐད་ཆ་མེད་མོད་དེ་ནི་དེ་ལྟའི་སྟབས་བདེ་སྟབས་བདེ་ཞིག་ཁྱོན་ནས་མིན་པར་སྙམ། གཉིས་ནི་འཛམ་གླིང་གི་ཚེ་འདས་ཟིན་པའི་རྩོམ་མཁན་སོ་སོར་མི་ལོ་མང་པོ་ཞིག་ཕར་བསྐྱལ་ཚར་རྗེས་མ་གཏོགས། འདས་པོ་ཁོང་གི་བརྩམས་ཆོས་ཀྱི་བདག་དབང་ཁོའམ་ཁོ་མོའི་ཁྱིམ་མི་དག་ལ་ཡོད་པས། གང་བྱུང་དུ་དཔར་སྐྲུན་བྱས་ནས་འདས་པོའི་བརྩམས་ཆོས་ཚོང་རྫས་བྱས་པ་ཡིན་ན་འདྲ། ཡང་ན་གང་བྱུང་གི་དུས་དེབ་དང་ཚགས་ཤོག་སོགས་ཀྱི་སྟེང་ནས་འགྱུར་ཡིག་བྱུང་མིན་གྱི་ཐད་ལ་དབང་ཆ་ངེས་ཅན་ཞིག་ཡོད་པ་རེད། དེ་བས་ཁྱོད་གཉིས་ཀྱི་ཐོག་མར་ཁོང་གི་ནང་མི་དག་ལ་འདི་ཕྱོགས་ཀྱི་ལས་དག་ཞིབ་བརྗོད་དང་། བློ་འདྲི་བྱས་ཡོད་དམ་མེད། གསུམ། དེབ་ཀྱི་ཁ་བྱང་ནི་ཚེ་འདས་ཁོང་རང་འཚོ་བཞུགས་དུས་སུ་བཏགས་པའི་མིང་ཞིག་ཡིན་ནམ། ཡང་ན་ཁོང་གི་སྙན་ངག་ཅིག་གི་ཁ་ཡིག་ཡིན་ནམ། ཡང་ན་ཁྱོད་གཉིས་ཀྱིས་ཡིན་ཡིན་འདྲ་བྱས་ནས་བཏགས་པ་ཡིན་ནམ། ད་དུང་དེབ་དཔར་སྐྲུན་གྱི་མ་དངུལ་སོགས་ཁྱིམ་མི་དག་དང་མཉམ་སྦྲེལ་སྒོས་བཏང་བ་ཡིན་ནམ། ཡང་ན་ཁྱོད་གཉིས་ཀས་བཏང་བ་ཡིན།

ངས་བསམས་ན། ཚེ་འདས་ཁོང་རང་གིས་ཁྱོད་གསུམ་ཁོ་དང་མཉམ་སྦྲེལ་སྒོས་དེབ་ཅིག་སྒོར་ཕུད་གྲབས་ཀྱི་གྲོས་ཁ་བསྡུར་མྱོང་མེད་སྙམ་ལ། ལྷག་ཏུ་ཁོང་དང་འབྲེལ་ཡོད་ཀྱི་ན་མཉམ་དག་གིས་བཤད་སྟངས་ཤོད་སྟངས་ལ་བལྟས་ན། དོན་དེ་འདྲ་ཞིག་གཏན་ནས་མེད་པ་ཁོ་ཐག་ཡིན། གཉིས་ནས་བརྩམས་ཆོས་ཀྱི་བདག་དབང་ཐད་ནས་ཀྱང་། ཧ་ལམ་ཁྱོད་ཀྱིས་ཁྱིམ་མི་དག་ལ་ཞིབ་འདྲི་སོགས་ཅི་ཡང་བྱས་མྱོང་མེད་སྙམ། ཅིའི་ཕྱིར་ཞེ་ན། ཁོང་གི་ཁྱིམ་མི་དག་དགྱ་ནང་བཞིན་མི་གཤིས་བཙོག་པོ་དང་བསམ་ངན་ཁོག་ངན་མིན་པས་ཁྲིམས་ཐོག་ནས་གཏུག་བཤེར་སོགས་བྱེད་མི་སྲིད་ལ། ཁྱིམ་མི་དག་གིས་འདི་ལྟའི་བརྩམས་ཆོས་ཀྱི་བདག་དབང་སོགས་ཅི་ཡང་ཤེས་མེད་ཚོར་མེད་ཀྱི་གནས་སུ་ལུས་འདུག་ཡོད་པས། དེའི་ཐད་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད་སྙམ། གསུམ་ནས་དེབ་ཀྱི་ཁ་བྱང་དེ་ཚེ་འདས་ཁོང་གི་སྙན་ངག་གི་ཁ་ཡིག་ཅིག་དང་། ཁོང་གིས་དངོས་སུ་བཏགས་པའི་ཁ་ཡིག་ཅིག ཡང་ན་གསུམ་ཁོས་གྲོས་ཁ་བསྡུར་བའི་ཁ་ཡིག་ཅིག་ཡིན་ན་མཐོལ་ལོ་བཤགས་མོད། དངོས་གནས་དེ་འདྲ་ཞིག་མིན་དུས་ཁྱོད་གཉིས་ལ་ཧང་སང་སང་འདྲ་མི་བྱེད་ཐུ་མེད་ཆགས་འགྲོ། ཅིའི་ཕྱིར་ཞེ་ན། དེབ་ཀྱི་ཁ་ཡིག་ལ་རྔོན་པ་སྤུན་གསུམ་ཞེས་པས་སོ།། ཁྱོད་གཉིས་ཀྱིས་དགུ་སྤུན་ནང་བཞིན་སྐུ་ཞབས་རང་གྲོལ་གྱི་བཀའ་དྲིན་སྐུ་དྲིན་གྱི་ཐུ་འོག་ནས་ནར་སོན་ན་འདོད་དམ། ཁྱོད་གཉིས་ཀྱིས་ཀྱང་ཚེ་འདས་ལྷ་བྷེ་ལགས་ཀྱི་བཀའ་དྲིན་སྐུ་དྲིན་འོག་མཚན་སྙན་རྒྱས་འདོད་དམ། ངས་ངོ་མ་ཡིན། སྤུན་ཞེས་པ་དང་། ཡང་ན་སྤུན་གསུམ་ཞེས་པ་འདྲ་བོ་ཤིན་ཏུ་མིག་ལ་ཚ་བ་ཞིག་གོ།  ཅིག་ཐང་ན། ཁྱོད་ཅག་གྲོགས་པོ། ཤག་པོ། ཟ་རོགས། འཐུང་རོགས། ཁྱོས་མི་ཟ་ན་ངས་མི་འཐུང་འདྲ་བོ་ཡིན་ཡང་། ད་བར་ཚེ་འདས་དག་གི་རྗེས་ནས་སྤུན་ཡིན་ཡིན་འདྲ་བའི་གྲོགས་པོ་དག་གི་ལས་ནི་འདི་ཙམ་ཞིག་ག་ལ་ཡིན་ཨང་། ད་དུང་། དེབ་ཀྱི་མ་དངུལ་དེ་འདས་པོ་ཁོང་གི་ཁྱིམ་མིའི་ཕྱོགས་ནས་བཏང་མེད་ཚོད་ཡིན་ལ། ལྷག་ཏུ་དེའི་ཐད་ནས་ཤོག་དངུལ་སོགས་ཁྱོད་གཉིས་ལ་མཁོ་རབས་ཀྱི་སྐད་ཆའང་གླེང་ཡོད་མི་སྲིད། འོ་ན། དེབ་དེ་མགོ་འཐིམ་པའི་ཀློག་པོ་ཁ་ཤས་ཀྱི་ཉོས་ཚར་བའི་རིན་དེ་ཅི་བྱ་འམ། ཁྱོད་གཉིས་ཀའི་བྱའམ། ཡང་ན་འདས་པོ་ཁོང་གི་ཁྱིམ་མི་དག་དང་ཕྱེད་ཀ་ཕྱེད་ཀ་བཅའ། དེ་མིན་ཡོད་ཚད་ཐམས་ཅད་ཀྱི་མ་དངུལ་ཁྱོད་གཉིས་ཀྱིས་བཏང་བ་ཡིན་པས། བཙོངས་ཚར་རྗེས་ཀྱི་ཤོག་དངུལ་ཡོད་ཚད་ཀྱང་ཁྱོད་གཉིས་ཀྱིས་བདག་པོ་རྒྱག་རྒྱུ་ཡིན་ལགས། ངས་ནི་ཚོད་དཔག་ནོར་མེད་འཆུག་མེད་ན་ཁོ་ཐག་ལ་ཕྱི་མ་དེའོ།། ཅིག་ཐང་ན་དེ་ལྟར་ཡིན་ཡང་སྲིད་དེ། མ་དངུལ་ཁྱོད་གཉིས་ཁོ་ནས་བཏང་བས་ཁྱོད་གཉིས་ལ་ཐོབ་ཆོག་ཆོག་མོད། འོན་ཀྱང་། ཁྱོད་གཉིས་ཀྱི་དེབ་དེ་བྲིན་པོ་འདུག་པའི་རྒྱུ་མཚན་ནི་འདས་པོ་ཁོང་གི་སྙན་ངག་གི་བཀའ་དྲིན་ལས་གཞན་པའི་གདེང་ཚོད་རང་ལ་མེད་པ་ཤེས་ན་འགྲིག

དངོས་གནས་འགའ་རེས་གྲོགས་པོ་ན་བ་དེ།། བསྐྱུར་ནས་འགྲོ་བ་མཐོང་བའི་ཚེ།། ཁྲེལ་མེད་གྲོགས་པོ་ཟེར་བ་དེ།། འདི་འདྲ་ལོས་ཡིན་སྙམ་པ་བྱུང་།།ཞེས་དང་། ཡང་ན་འགའ་རེས་གྲོགས་པོ་ན་བ་དེ།། ཁུར་ནས་འགྲོ་བ་མཐོང་བའི་ཚེ།། ཁྲེལ་ཡོད་གྲོགས་པོ་ཟེར་བ་དེ།། འདི་འདྲ་ལོས་ཡིན་སྙམ་པ་བྱུང་།།ཞེས་པ་བཞིན། ཚེ་འདས་ཁོང་གི་རྗེས་ལ་མ་ཎི་ཡིག་དྲུག་རེ་དང་། དགེ་སྒྲུབ་ཀྱི་མཆོད་འབུལ་རེ་མི་ཐུབ་ཀྱང་། ཁྱོད་གཉིས་ལ་མཚོན་ན་འདི་ཕྱོགས་ཀྱི་ལས་འདི་གཉེར་བ་ཡིན་ན། གཙང་དག་ཡང་དག་ཅིག་ཨེ་འཁྱོངས་ལ་དངོས་གནས་དྲང་གནས་འབད་དགོས་ཨང་། དངོས་གནས་ལྷག་བསམ་གཙང་མས་ཁོང་གི་བྲིས་རྩོམ་དག་ཕྱོགས་གཅིག་ཏུ་བསྡུས་ནས་བསྒྲིགས་སྟེ། རྒྱུ་སྤུས་དང་དཔེ་རྟགས། དེབ་གྲངས། འགྲེལ་སྤེལ་སོགས་མང་པོ་ཞིག་ལ་གཞིགས་ནས། འདི་ཀོ་ནི་ཚེ་འདས་ཁོང་གིས་མི་ཡུལ་ལ་བཞག་པའི་བརྩམས་ཆོས་སོ།།ཞེས་པ་ཞིག་བྱས་དགོས་པ་ལས། ཁྱོད་གཉིས་ནང་བཞིན་རང་དོན་སྦུག་འདྲེན་དང་། དེབ་བྲིན་དང་མཚན་སྙན་སོགས་ཞ་ཞོར་གྱི་བསམ་ཚུལ་དང་དྲན་སྣང་དེ་དག  ཤུགས་ཀྱིས་འཚངས་ཡོང་ཏེ་བཙན་གྱིས་སྦྱར་དགོས་དོན་ཅི་ལ་ཡོད་དམ། དེ་སྔོན་ཚེ་འདས་སྙིང་ལྕགས་ཀྱི་བརྩམས་ཆོས་ཡོད་ཚད་མགྱོགས་མྱུར་གང་མྱུར་སྒོས་འཚོལ་ཞིབ་དང་འཚོལ་སྡུད་བྱས་ནས་དེབ་གཉིས་དཔར་སྐྲུན་བྱས་ཚར་འདུག གྲོགས་པོ་ཟེར་ན་ངོ་མ་དེབ་དེའི་མགོ་མཇུག་བར་གསུམ་ལ་དཀའ་ལས་རྔུལ་ཆུ་ཕུད་མཁན་དང་། དཀོན་མོའི་རྒྱུ་དང་དཀའ་མོའི་ཚེགས་ཕུད་ཐུབ་མཁན་དག་ལ་ཡིན་པ་ལས། ཁྱོད་གཉིས་འདྲ་བོ་ག་ལ་ཡིན་ཨང་།

ངས་ཚེ་འདས་ལྷ་བྷེ་ལགས་ཀྱི་དེབ་དེ༼སྙན་དེབ་དང་བརྩམས་སྒྲུང་གང་རུང་།༽དཔར་རྒྱུ་རེད་ཅེས་ལོ་ངོ་འདི་དག་གི་རིང་ལ་བསྒུགས་ནས་བསྡད་ཡོད། ཡིན་ཡང་། ངའི་རེ་སྒུག་དང་ངང་སྒུག་གི་དུས་ཚོད་འདིའི་ནང་། མཐའ་མར་བཀླག་དགོས་པའི་དེབ་ནི་འདི་ལྟའི་ཉ་ཉོག་མཉམ་བསྲེས་ཀྱི་དེབ་ཅིག་ཡིན་པ་ཡིད་ཀྱི་རྒྱ་ལའང་མ་དྲན། དངོས་གནས་བཤད་ན། དེབ་དེ་བྲེལ་མྱུར་སྒོས་དཔར་དགོས་དོན་ཡང་རྩ་བ་ནས་མི་འདུག གཙོ་བོ་ཁོང་གི་བརྩམས་ཆོས་མ་ལུས་ཡོངས་རྫོགས་ལག་སོན་ཅི་ཐུབ་སྒོས་དེབ་དེ་རུ་བཅད་བཟོ་གཏུབ་གསུམ། ཡང་ན་གསབ་གསུབ་སྣོག་གསུམ་མེད་པར་འགོད་དགོས་པ་དང་། ལྷག་ཏུ་རྒྱུ་སྤུས་དང་དེབ་གྲངས། ད་དུང་འགྲེམ་སྤེལ་སོགས་ཀྱང་མ་མཐའ་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ལ་ཁེབས་པ་ཞིག་ཅིས་ཀྱང་ཡོང་དགོས། དེ་མིན་ན། དེའི་རིགས་ལ་འཚངས་གི་མ་འདུག སྒྲུབ་གི་མ་འདུག་ཡཱ། ངས་ངོ་མ་ཡིན།

ད་དུང་ཀློའུ་ཟེར་བ་འདྲ་བོ། མིང་འདི་ཚེ་འདས་ལྷ་བྷེ་ལགས་ཀྱི་བརྩམས་སྒྲུང་རིང་གྲས་གང་དེའི་ཁ་ཡིག་མ་ཡིན་ནམ། བརྩམས་སྒྲུང་དེ་སྒོར་མ་ཐོན་གོང་ནས་ཁྱོད་ཀྱིས་མིང་འདི་སྤྱད་ནས་མིང་གྲགས་འདོད་པ་ཨེ་ཡིན། སྤྱིར་ན་མིང་འདི་ཁོང་གི་བརྩམས་སྒྲུང་དང་འབྲེལ་མེད་པ་དང་། ཡང་ན་ཁྱོད་ཀྱིས་ཁོང་གི་བརྩམས་སྒྲུང་གི་མིང་འདི་མ་གོ་སྔོན་ལ་ཀློའུ་ཟེར་བ་འདྲ་བོའི་མིང་འདི་སྤྱོད་གི་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་མོད། ངས་བལྟས་ན་ཁྱོད་ལ་དེའི་ཤན་ཞུགས་དང་དེའི་གོ་ལོ་ཐོས་ལོ་ཞིག་ལོས་ཡོད་འདོད་ཡོད། ངོ་མ་ཁྱོད་གཉིས་ཀྱི་ད་རེབ་ཀྱི་སྣོག་ལས་རྫོབ་ལས་འདི་ལ། མངོན་གསལ་དོད་པོས་ཁ་རྡུང་གཏོང་མཁན་མེད་ཀྱང་། སོ་སོའི་ནང་སེམས་ནས་འདི་ཕྱོགས་ཀྱི་སྐད་ཆ་དང་མི་འཐད་པའི་བསམ་ཚུལ་གང་མང་ཞིག་ཡོད་ངེས་པ་ཁོ་ཐག་ཡིན་ཨང་།

ཡ་ད་ཆོག་གི ང་ཆད་བྱུང་། མཐར་མར་ཞུ་འདོད་པ་ནི་ཁྱོད་གཉིས་ཀྱི་དངོས་གནས་འདས་པོའི་སྙན་ངག་མང་པོ་ཞིག་དང་། ད་དུང་དཔར་སྐྲུན་བྱས་ཐུབ་མེད་པའི་བརྩམས་སྒྲུང་ཡིན་ནམ་ཅི། གང་ལྟར་ལས་དཀའ་དཀའ་ལ། ཤ་ཐང་ཐང་གིས་འབད་པ་ཧུར་ཐོག་བྱས་ནས་ཡི་གེ་རེ་རེ་གློག་ཀླད་ནང་བཅུག་ཅིང་། སྒྲིག་སྦྱོར། ཇུས་འགོད། དཔར་སྐྲུན་སོགས་ཀྱི་དཀའ་ཚེགས་ཀྱི་གོ་རིམ་མང་པོ་ཞིག་བརྒྱུད་པར་སྙིང་ནས་ཐུགས་རྗེ་ཆེ་མོད། ཡིན་ཡང་། དངོས་གནས་བཤད་ན། ཁྱོད་གཉིས་ཀྱི་རྟ་རྒན་གྱི་དྲིན་ལ་གླང་རྒན་གྱི་བཟོ་འདྲ་བོ་བསྟན་ནས། ཚེ་འདས་ལྷ་བྷེའི་སྙན་ངག་ལ་བརྟེན་ནས་སྙན་དེབ་འདི་བྲིན་པོ་འབྱུང་དགོས་པ་དང་། ད་དུང་ལས་དང་པོ་བའི་ཀློག་པོ་ཞིག་གིས་ཐོག་མར་ཀློག་པའི་ཚེ། ཁྱོད་གཉིས་ཀྱང་ཚེ་འདས་ལྷ་བྷེ་དང་ལྷ་བྷེ་འདྲ་བའི་སྙན་ངག་པའོ་ཞེས། ཁྱོད་གསུམ་ཁོ་ཚད་ཐིག་གཅིག་གི་སྟེང་ལ་འཇོག་དགོས་འདྲ་བོའི་གྲགས་སྐམ་ཞིག་ལ་རེ་བཞིན་པ་ཨེ་ཡིན་ནམ། དེ་ཡིན་དུས་ཁྱོད་གཉིས་ཀྱི་འདོད་འདུན་ལར་ནས་འགྲུབ་མི་སྲིད་དེ། ང་ཅག་མང་པོ་ཞིག་གིས་ཉ་ཉོག་མཉམ་བསྲེས་ཀྱི་དེབ་དེའི་ཕྱོགས་ནས་བརྡ་རྟགས་རྩ་བ་རྒུ་ནས་བཅད་སོང་བ་ཡིན། ཡ་ད་ཁོམ་མ་སོང་། བདེ་མོ། མཐར་མར་སྐད་ཆ་ཚིག་གཅིག་འཇོག གཅེར་བུར་རྒྱུ་བ་ངོ་ཚ་མིན།། ཁྲེལ་མེད་འདི་ཀོ་ངོ་ཚ་ཆེ།། ཞེས་པའོ།།

—ཞེས་པ་འདི་ཡང་ཁྲི་འདུ་ནས་འུར་ཆ་པས།

(དྲ་ལམ་ནས་མཐོང་བའི་དེབ་འཕྲིན་གྱི་ཟུར་དེ་མཐོང་རྗེས། གོང་གི་ཐོལ་བྱུང་གི་སྐད་ཆ་དག་ཁྱོད་གཉིས་ལ་གང་མྱུར་སྒོས་ཕུལ་དགོས་བྱུང་སོང་། གོ་ལོག་ཐོས་ལོག་མཐོལ་ལོ་བཤག)