གོམས་སྲོལ་དང་སྒྲིག་ཁྲིམ། ལྟ་བ་དང་གྲུབ་མཐའ། སྤྱི་ཚོགས་ཀུན་སྤྱོད་སོགས་གནས་མིན་པའི་ལིང་ཏོག་གིས་ང་ཚོའི་བློ་མིག་རབ་རིབ་ཏུ་བྱས་པའི་རྐྱེན་གྱིས། རང་གི་འཇིག་རྟེན་གྱི་ངོ་གདོད་དངོས་ཏེ་མཐོང་ཐབས་བྲལ། ཁྱེད་ཀྱིས་ཞིབ་ཚགས་ངང་གཟིགས་དང་། རི་མོ་ཁོ་ནས་ད་གཟོད་ཁྱེད་ལ་རེ་བ་གསར་བ་ཞིག་སྟེར་ངེས་ཏེ། དངོས་ཡོད་ཀྱི་གདགས་གཞི་དག་གི་བཞིན་རིས་དངོས་ནི་རི་མོའི་ལམ་ནས་བཞེངས་ཤིང་འགྲེམ་གྱིན་པ་འདྲ།།
2013ལོའི་ཟླ4བའི་ནང་ཞིག་ལ། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ལགས་ཀྱིས་ཁོང་གི་སྣུམ་ཚོན་རི་མོ་དག་རང་ཉིད་ཀྱི་དཔེ་མཛོད་ཁང་དུ་འགྲེམ་སྟོན་བྱས་པའི་གསར་འཕྲིན་པར་རིས་དང་བཅས་བ་མཐོང་བྱུང་ལ། སྲིད་འཛིན་ཟུར་པ་བྷུ་ཤི་ཁོང་ལོ་བརྒྱད་ཀྱི་རིང་ལ་ཨ་རིའི་སྲིད་འཛིན་གྱི་འགན་འཁུར་བའི་དུས་སུ། འཛམ་གླིང་གི་རླབས་ཆེན་མི་སྣ་གང་མང་ཞིག་ལ་ཞལ་མཇལ་ཁྲོད་ཀྱི་སྣང་བརྙན་དེ་ཚོ་གཞན་གྱིས་མཚོན་དུ་མེད་པར། ལམ་བུ་གཅིག་ཡོད་པ་ནི་རི་མོ་ཡིན་ཕྱིར། ཁོང་གིས་དེ་བདམས་པར་སྙམ།

གསལ་བོར་བལྟས་ན་བྷུ་ཤི་ལགས་ཀྱི་རི་མོ་དག་ལ་དེ་འདྲའི་ཞིབ་ཚགས་ཀྱི་རྣམ་པ་མེད་ན་ཡང་། ཐུན་མིན་གྱི་རང་མདངས་རེ་མངོན་འདུག་སྟེ། ཐད་ཀར་བལྟས་ན་མི་སྣ་འདི་དང་འདི་བྲིས་པ་རེད་དོ་སྙམ་མོད། ཅུང་ཞིབ་མོར་བལྟས་ན་རང་གི་སེམས་ངོར་ཡོད་པའི་འདྲ་རྣམ་དག་དང་མི་མཚུངས་པ་མང་ཞིང་། འགྲེལ་བརྗོད་དཀའ་བའི་བཟོ་ལྟ་དུ་མ་ཐོན་འདུག་པ་མཐོང་ངོ།།

འཛམ་གླིང་གི་ཨང་རིམ་དང་པོའི་ཆོས་ལུགས་ཀྱི་བསྟོན་པ་ཡེ་ཤུ་མཆོག་རང་ཉིད་ཀྱིས་གཅེས་བར་བསྐྱངས་བའི་བུ་སློབ་ཡུ་དཱ་ཡིས་རོ་མའི་ཆོས་ཚོགས་ཀྱི་མཆོད་དཔོན་རྣམས་ལ་གཡོ་བཙོང་བྱས་ཤིང་། ཡུ་དཱ་ནང་དུ་ཚུད་པའི་ཐུགས་སྲས་བཅུ་གཉིས་དང་ལྷན་དུ་པེ་སག་དུས་ཆེན་ཀྱི་དགོང་དྲོའི་གསོལ་སྟོན་གསོལ་ནས་ཅང་མ་འགོར་བར་ཕྱི་རོལ་གྱི་སྐྱེད་ཚལ་ནས་འཛིན་བཟུང་ཐེབས་པ་རེད་ལ། ཡེ་ཤུ་དགེ་སློབ་དག་གི་དགོང་དྲོའི་གསོལ་སྟོན་རོལ་བའི་རྣམ་པ་དེ་ཏ་ཧྥིན་ཆི་ལགས་ཀྱིས་རི་མོའི་ལམ་དུ་བཞེངས་པར”མཐའ་མཇུག་གི་དགོང་ཟས”སུ་འབོད།

མཐའ་མཇུག་དགོང་ཟས་ངོས་ན། སྐབས་དེའི་ཡེ་ཤུ་དགེ་སློབ་དག་གི་འགལ་འདུའི་སེམས་ཁམས་མཚོན་པའི་གསོན་ཉམས་ཡོད་སྐད་ལ། དེ་ལྟར་ཡིན་ཡང་འོས་ཏེ། ཤེས་བྱ་ཀུན་མཁས་ཀྱི་མཁས་མཆོག་ཏ་ཧྥིན་ཆི་ལགས་ཀྱིས་ཡུ་དཱ་ཡི་ཧམས་སེམས་དང་དོགས་འཚེར། དགེ་ཕྲུག་གཞན་དག་གི་ཁྲོ་བ་དང་སྡང་བའི་སེམས་པ། “ལྷ་ཁང་མེ་ཡིས་ཚིག་ཀྱང་འཛུམ་དམུལ་དམུལ། གཏོར་མ་ཁྱི་ཡིས་ཟས་ཀྱང་འཛུམ་དམུལ་དམུལ”བྱེད་པའི་ཡེ་ཤུ་ལགས་ཀྱི་གུ་ཡངས་བའི་བསམ་བློ་སོགས་མདུན་ཅོག་དེའི་མཐའ་འཁོར་གྱི་སྐྱེ་བོ་དག་གི་ཡིད་བརྙན་རི་མོར་ཕབས་ཡོད་པས་རེད།

རྒྱ་ནག་སུང་རྒྱལ་རབས་ཀྱི་སྐབས་སུ་རི་མོ་པར་རྒྱུགས་ལེན་པའི་ལམ་ལུགས་ཡོད་ཅིང་། རི་མོའི་རྒྱུགས་ཨང་དང་པོ་འཕྲོད་ན་ཆེ་མཐོང་གཟི་བརྗིད་ཆེ། ཐེངས་ཤིག་གི་རྒྱུགས་ལེན་སྐབས་རྒྱུགས་ཞིབ་དཔོན་པོས་གནའ་བོའི་དགོན་པ་རི་བོའི་ཕག་ན་ཡིབ་ཅེས་བའི་དྲི་ཚིག་ཅིག་བཏོན་པར། ལ་ལས་རི་རྐེད་དུ་དགོན་རྙིང་ཡོད་པ། ཁ་ཤས་ནས་ནགས་ཚལ་དུ་གནས་པའི་དགོན་པ། ཡང་རེ་ཟུང་གིས་དགོན་རྙིང་ཁ་ཚང་། གཞན་པས་གྱང་ཆག་འགའ་སོགས་བྲིས་མོད། རྒྱུགས་ཞིབ་དཔོན་པོའི་བློར་རི་མོ་དེ་དག་གཏན་ནས་མ་བབས། དེ་ནས་རི་མོ་གཅིག་གིས་ཁོའི་ཡིད་དབང་ཅིག་ཅར་དུ་བཀུག་བྱུང་། རི་མོ་དེ་ནི་རི་བོའི་མཐོན་པོའི་ཁྲོད་གསེང་ན་དྭངས་བསིལ་གྱི་རྦབ་ཆུ་ཆལ་ཆིལ་དུ་འབབ་ཤིང་། རྦབ་ཆུའི་འགྲམ་ན་གྲྭ་རྒན་རྒས་འཁོགས་ཅིག་གིས་ཟོ་བའི་ནང་ལ་ཆུ་འཆུ་བ་ཞིག་ཏུ་བྲིས་ཡོད་སྐད།།

རེད་ཡ། རི་མོའི་ཁྲོད་ཀྱི་དངོས་ཡོད་རྗེན་པ་ནི། མིག་ལམ་དུ་མངོན་པའི་ཚོན་རིས་གཅིག་པོའི་ངོས་ན་མེད་དེ། མཚོན་ཐབས་དང་། ཤུགས་བསྟན་སོགས་ལས་ཀྱང་འཚོལ་དགོས་ཕྱིར། རི་མོ་དེས་ལས་རི་བོའི་ཕག་ན་ཡིབ་པའི་གནའ་དགོན་ཞིག་འཚོལ་ཐུབ་སྟེ། གྲྭ་བ་ཆུ་ལེན་ཞིག་ཡོད་པ་ལས་ཉེ་འདབས་ན་དགོན་པ་ཞིག་ཡོད་པ་དཔོག་ལ། གྲྭ་བ་དེ་ལོ་ན་རྒས་པ་ལས་དགོན་པ་དེ་རྙིང་བ་ཞིག་ཡིན་པ་ཡང་བློ་ཡུལ་ལ་ཤར་ཐུབ་ན། རི་བོ་དེའི་སྒྲིབ་ནས་ཡོད་པ་གདོན་མི་ཟ།

ལར་སྐྱེས་བུ་སྒེར་རེ་རེའི་སེམས་ངོས་སུ་བཀྲ་ཝལ་ལེར་འཆར་བའི་ཐུན་མིན་གྱི་སྣང་བརྙན་དག་ནི། བརྗོད་འདས་མཛེས་སྡུག་གི་གསང་བ་ཞིག་རེད་ལ། མཐའ་མཇུག་གི་དགོང་ཟས་སོགས་ཀྱི་མཚར་སྡུག་འང་འདིས་ནང་དུ་འདུ། དེ་དག་རི་མོ་ཞེས་པའི་སྒྱུ་རྩལ་གྱི་རྣམ་པའི་ངོས་ནས་འགྲེལ་བཤད་ཆོག་པ་ཡང་འགྲོ་བ་མིའི་ལས་སྐལ་བཟང་བ་ལ།

རི་མོའི་སྒྱུ་རྩལ་ཟེར་བ་དེ་ནི། བརྗོད་མེད་མྱོང་རོལ་གྱི་ཡིད་དུ་གྱུར་བའི་གཤིས་རྣམ་ཞིག་ལ་གོ་དགོས་པ་འདྲ་སྟེ། དཔེར་ན། མིག་གིས་མཐའ་མཇུག་གི་དགོང་ཟས་ལྟ་བུ་ཞིག་ལ་བལྟས་ཚེ། གཞན་དང་ཐུན་མིན་གྱི་རང་མདངས་དང་གསོན་ཉམས་དོད་པ་ཞིག་མཐོང་དུ་ཡོད་མོད། བཤད་དགོས་ན། དེ་བཞིན་འདུག་ཟེར་བ་ཙམ་ལས་མྱོང་བ་དངོས་བཤད་རྒྱུ་མི་རྙེད་ཅིང་། ཐུན་མིན་གྱི་རང་མདངས་དེ་ཡང་ཐུན་མོང་བ་ཞིག་ལས་འཆད་མི་ཤེས་པས་སོ།།

ཕྲན་བྱིས་པའི་དུས་སུ་རྗེ་མི་ལའི་རྣམ་ཐར་འགོ་ཙེམ་ཅན་དེ་ལ་མཇལ་མྱོང་ཞིང་། རྣམ་ཐར་ནང་དུ་རྩོམ་པ་པོས་རྗེ་མི་ལའི་རྣམ་པ་གསོན་ཉམས་ཅན་ཞིག་བྲིས་ཡོད་མོད། མི་ལ་རས་པ་ཟེར་འོང་དུས་བར་བཅུག་རི་མོའི་སྟེང་གི་མི་སྣ་སྐམ་པོ་དེ་རང་ཡིད་དུ་འཁོར་འོང་གིན་འདུག གཅིག་ཏུ་ན་བྱིས་པའི་བློ་ཡིས་ཡི་གེའི་ངོས་སུ་ཡོད་པའི་རྣམ་པ་དེ་མ་འཆུན་པ་ཡིན་ལ། གཞན་དུ་ན་རྗེ་མི་ལར་འཕྲད་མ་མྱོང་བའི་མི་ཞིག་ཡིན་ཕྱིར། ཁྱེད་ཀྱིས་རྗེ་མི་ལའི་བྱད་གཟུགས་ངོ་མ་ཞིག་མྱོང་འདོད་ཡོད་ཚེ་ཁོང་གི་འདྲ་རུས་ཀྱི་རི་མོ་ཁོ་ནར་རེ་བ་འཛིན་དགོས་པས་ཀྱང་ཡིན་སྲིད།

གཅིག་ཏུ་ན་ཁོ་བོ་རི་མོར་མོས་པ་ཆེ་བས་ཀྱང་ཡིན་སྲིད་དེ། ཆུང་དུས་རང་གིས་མཐོང་བ་མང་མོ་དཔེ་བལྟས་གྱིས་རི་མོར་འབྲི་རྒྱུར་སྤྲོ། ཐོས་བ་རེ་ཟུང་རྟོགས་པས་བཟོས་ཏེ་རི་མོ་བྲིས་ཤིང་། སུན་སྣང་སྐྱེ་བ་དང་དུས་ཚོད་མི་འགྲོ་བའི་སྐབས་དག་ཏུ་ལྷག་པར་རི་མོ་བྲིས་མྱོང་། རི་མོ་དེ་དག་གི་ཁྲོད་ན་ཡུལ་ལྷ་གཞི་བདག་དང་། རྒྱལ་བློན་བཙུན་མོ། གླིང་གི་དཔའ་རྟུལ། བླ་མ་གྲྭ་བ། རི་ཆུ་ཡུལ་ལྗོངས། རྟ་དང་ནོར་ལུག མཁར་དང་གཙུག་ལག་ཁང་། ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་སྒྲུང་གི་རི་མོ་སོགས་ཡོད།

རྗེས་སུ་མི་ཚེའི་གདམས་ཀའི་དབང་གིས་རི་མོ་དང་ཐག་ཇེ་རིང་དུ་བཏང་ཞིང་། རི་མོ་ལ་དགའ་བཞིན་དུ་མི་དགའ་བའི་རྟུལ་ཞུགས་ལ་ཞུགས། རི་མོ་འབྲི་རྒྱུ་བཅམ་འཇོག་བྱས། བློས་བཏང་ཆུང་ངུ་ཞིག་བྱེད་དགོས་ཐུག་ནས་བགྲང་བྱ་མང་པོ་འདས་མོད། ད་དུང་ཡང་སེམས་ཁོང་ན་དངོས་ཡོད་རྗེན་པ་རི་མོའི་ཁྲོད་ན་ཡོད་པའི་སྐད་སྒྲ་གསལ་ལ་མི་གསལ་བ་ཞིག་རྣམ་ཀུན་ཐོས་རྒྱུ་ཡོད་པའི་སྣང་བ་འབྱུང་བ་ནི་ཅི་ཞིག་ཡིན་མིན་འགྲེལ་བརྗོད་འཀའ་བའི་གནས་ཤིག་གོ།

2016/8/23སྤྱན་གྱིས།