༄༅། །ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་རང་སེམས་ལ་ནན་དུ་བརྗོད་ཀྱང་རོ་ཕྲག་ཏུ་ཁུར་ནས་རང་གི་ལམ་ལ་ཞུགས་སོ། །ཁོ་རང་གོམ་པ་བརྒྱ་ཙམ་དུ་འབྱོར་བའི་ཚེ་ན། མི་ཞིག་འཇབ་ནས་ཁོང་ལ་བཅར་དེ་ཛ་རཱ་ཐུགས་གྲོལ་གྱི་རྣ་བར་ཤུབ་ལབ་བྱས། མི་དེ་ནི་ལྕོག་མཁར་ལ་གནས་པའི་ཇོ་ཀོ་ར་དེ་ཡིན་ལ་དེ་ཡིས་སྨྲས་པར། གྲོང་སྡེ་འདི་ལས་བྱོལ་དང་། ཨོ་ཛ་རཱ་ཐུགས་གྲོལ། འདི་ན་མི་མང་པོ་ཞིག་གིས་ཁྱེད་ལ་སྡང་བ་བྱེད་ཀྱིན་འདུག མི་བཟང་བོ་དང་དྲང་པོ་དག་གིས་ཁྱོད་ལ་སྡང་གིན་འདུག དེ་དག་གིས་ཁྱོད་ཉིད་དགྲ་དང་བརྙས་བྱེད་དུ་མཐོང་གིན་འདུག ཆོས་ལ་ཡང་དག་ཏུ་དད་པ་རྣམས་ཀྱིས་ཁྱོད་ལ་སྡང་གིན་ཡོད། དེ་དག་གིས་ཁྱོད་ཉིད་མང་ཚོགས་ཀྱི་ཉེན་ཡ་ཞེས་ནས་འབོད་ཀྱིན་གདའ། ཁོ་ཚོས་ཁྱོད་ལ་འཕྱ་དགོད་བྱས་པ་དེ་ཁྱོད་ཀྱི་བསོད་ནམས་རེད། ཁྱོད་ཀྱི་སྐད་ཆ་ནི་ཇོ་ཀོ་ར་དང་འདྲའོ། །ཁྱོད་ཀྱིས་ད་དུང་ཁྱི་རོ་འདི་ཁུར་ཐུབ་པ་ཁྱོད་ཀྱི་བསོད་ནམས་རེད། རང་གིས་རང་ལ་དམའ་འབེབ་འདི་འདྲ་ཞིག་བྱས་ཚོད་དུ་ཁྱོད་ཉིད་དེ་རིང་མ་ཤི་བ་རེད། འོན་ཀྱང་། ཁྱོད་ཉིད་གྲོང་སྡེ་འདི་ལས་བྱོལ་བར་གྱིས། དེ་མིན་ན་སང་ཉིན་གསོན་པོ་ང་རང་ཤི་བོ་ཁྱོད་ཀྱི་སྟེང་ནས་འཆོང་འགྲོ་བ་ཡིན་ནོ། །ཇོ་ཀོ་ར་དེས་དེ་ལྟར་སྨྲས་ཚར་བ་ན་མཐོང་མེད་དུ་ཡལ། ཛ་རཱ་ཐུགས་གྲོལ་མུ་མཐུད་མུན་ནག་གི་ལམ་ལ་དེད་ནས་བྱོན་པར་བྱས་སོ།  །

༄། གྲོང་སྡེ་ཡི་སྒོ་ཆེན་ལ་སླེབས་དུས་ན། ཁོང་ཉིད་དུར་དོང་རྐོ་མཁན་འགའ་ལ་འཕྲད། དེ་ཚོས་གློག་གཞུ་བཏོན་ནས་ཁོང་གི་ཞལ་ལ་བལྟས་པས། ཛ་རཱ་ཐུགས་གྲོལ་ཡིན་པ་ངོས་ཟིན་ནས་ཁོང་ལ་འཕྱ་སྨོད་དྲག་པོ་བྱས་པར། ཛ་རཱ་ཐུགས་གྲོལ་གྱིས་ཁྱི་རོ་འདི་ཁུར་ནས་འགྲོ་གྲབས་འདུག ཛ་རཱ་ཐུགས་གྲོལ་དུར་དོང་རྐོ་མཁན་ཞིག་ཏུ་འགྱུར་བ་དོན་བཟང་རེད། ང་ཅག་གི་ལག་པ་ནི་གཙང་དྲག་པས་ཁྱི་རོ་འདིར་རེག་པར་མི་འོས་སོ། །ཛ་རཱ་ཐུགས་གྲོལ་གྱིས་བདུད་རྒྱལ་གྱི་ཁ་ཟས་རྐུ་འདོད་པ་ཡིན་ནམ། དེ་ན་ཁྱོད་ཀྱིས་ཟས་འདི་བདེ་མོར་རོལ། བདུད་རྒྱལ་ནི་ཛ་རཱ་ཐུགས་གྲོལ་ལས་སྤྱང་བའི་རྐུན་མ་ཞིག་མིན་པར་སྨོན། དེ་མིན་ན། དེ་ཡིས་ཁྱེད་གཉིས་ལྷན་ཏུ་རྐུས་ཀྱང་ལྷན་ཏུ་བཟའ་བར་བྱེད་འགྲོའོ། །ཁོ་ཚོས་དེ་ལྟར་དུ་མགོ་བོ་གཅིག་ཏུ་བཏུགས་ནས་འཕྱ་དགོད་བྱས།

༄། ཛ་རཱ་ཐུགས་གྲོལ་གྱིས་ཅི་ཡང་མ་ལབ་པར་མུ་མཐུད་ལམ་ལ་ཞུགས་སོང་། ཁོང་ཉིད་ནགས་ཚལ་དང་ན་འདམ་བརྒལ་ནས་དུས་ཚོད་གཉིས་ལྷག་ཏུ་སོང་ཚེ་ན།  ཁོང་གིས་སྤྱང་ཀི་ལྟོགས་ནས་སྐད་ངན་སྒྲོག་པ་མང་པོ་ཐོས་པས། རང་ཉིད་ཀྱང་ལྟོགས་པར་གྱུར་ཏོ། །དེ་བས་ཁོང་ཉིད་གློག་སྒྲོན་གསལ་བའི་ཁང་མིག་ཁེར་པོ་ཞིག་གི་མདུན་དུ་ཀྲོང་ངོ་། །

༄། བདག་ནི་བཀྲེས་སྐོམ་གྱིས་བརྙས་བཞིན་ནོ། །ཛ་རཱ་ཐུགས་གྲོལ་གྱིས་སྨྲས་པར། བདག་ནི་ཇག་ལ་འགྲོ་བ་ཞིག་དང་ཀུན་ནས་མཚུངས་པར། མཚན་དབུས་ནས་ནགས་ཚལ་དང་ན་འདམ་བརྒལ་ལ་བཀྲེས་སྐོམ་གྱིས་ལུས་ཡོངས་སུ་བརྙས་སོ། །

༄། བདག་གི་བཀྲེས་སྐོམ་ལ་གཤིས་ལུགས་མཚར་པོ་ཞིག་ཡོད་དེ། རྒྱུན་པར་བདག་གིས་ཟས་ཇ་ཚིམ་པོ་རོལ་རྗེས་དེ་ཧོར་གྱིས་ཐོན་རྒྱུ་ཡོད་ནའང་།[13]དེ་རིང་ཉིན་གཅིག་པོར་དེ་མ་ཡོང་བས། དེ་གང་དུ་སོང་བ་ཡིན་ནམ།

༄། དེ་ནས་ཛ་རཱ་ཐུགས་གྲོལ་གྱིས་ཁང་བ་དེའི་སྒོ་རྡུང་བ་དང་། རྒད་པོ་ཞིག་གིས་ལག་ཏུ་གློག་ཐོགས་ཏེ་ཐོན་ཀྱང་དྲིས་པར། བདག་གིས་གཉིད་ངན་རོལ་བའི་དུས་འདི་སུ་ཡིས་དཀྲོག་པ་ཡིན་ནམ།

༄། གསོན་པོ་གཅིག་དང་ཤི་བོ་གཅིག་གོ །ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་ལན་བཏབ་པ་དང་སླར་སྨྲས་པར། བདག་ལ་བཟའ་བ་དང་འཐུང་ཆུ་ཞིག་སྟེར་དང་། ཇི་སྐད་དུ་བཀྲེས་པའི་མི་ལ་ཟས་སྦྱིན་ན། རང་གི་རྣམ་ཤེས་དག་པར་འགྱུར་ཞེས་ལེགས་བཤད་དུ་གསུང་ཡོད་དོ། །

༄། རྒད་པོ་དེ་ཁ་འཁོར་ནས་ནང་དུ་ལོག་པ་དང་བག་ལེབ་དང་རྒུན་ཆང་ཁྱེར་ནས་ཕྱིར་ཐོན་ཏེ་ཛ་རཱ་ཐུགས་གྲོལ་ལ་གནང་ངོ།  །འདི་ནི་བཀྲེས་ལྟོགས་ཀྱིས་བརྙས་མཁན་དག་ལ་མི་དགེ་བའི་རྒྱལ་ཁམས་ཤིག་སྟེ། བདག་ནི་དེ་ལ་མ་རངས་བར་འདིར་འཚོ་བ་ཡིན། མི་དང་དུད་འགྲོ་གང་ཡིན་རུང་བདག་ལ་བཅར་བ་ཡིན།  ཁྱོད་ཀྱི་གྲོགས་པོ་ལའང་བཟའ་བཏུང་སྤྲོད་དང་། ཁོང་ཉིད་ཁྱོད་ལས་སྐྱོ་བོ་འདུག རྒད་པོས་དེ་ལྟར་སྨྲས་པ་ན། ཛ་རཱ་ཐུགས་གྲོལ་གྱིས། བདག་གི་འབྲང་རོགས་ནི་འཆི་ཟིན་ནོ། །བདག་གིས་ཁོང་ལ་ཟས་ནི་སྦྱིན་དཀའ་སོང་། ཞེས་སྨྲས། རྒད་པོས་གདོང་ནག་པོ་བྱས་ནས་ན་རེ། དེ་ལ་བདག་གིས་སེམས་ཁྲལ་མི་བྱེད་དོ། །གང་གིས་བདག་གི་སྒོ་རྡུང་ན་དེ་ཡིས་བདག་གི་སྦྱིན་པ་དང་དུ་ལེན་དགོས་སོ། །ཟོས་ནས་བདེ་མོར་ལམ་ལ་ཆས་ཤིག

༄།   དེ་རྗེས་ཛ་རཱ་ཐུགས་གྲོལ་ཡང་བསྐྱར་དུས་ཚོད་གཉིས་ཙམ་ལ་སོང་བ་དང་། ལམ་དང་སྐར་མས་གང་ཁྱེར་ལྟར་ཡིད་ཆེས་ཏེ་སོང་ངོ་། །ཁོང་ཉིད་ནི་མཚན་ལམ་འགྲོ་བར་བྱང་བ་དང་གཉིད་དུ་ཡུར་བ་དག་གི་ངོ་གདོང་ལ་གཟིགས་པར་སྤྲོའོ[14]། །ཞོགས་པ་ཚེས་པའི་སྐབས་སུ། ཛ་རཱ་ཐུགས་གྲོལ་གྱིས་རང་ཉིད་ད་དུང་ནགས་ཚལ་སྟུག་པོ་ཞིག་ཏུ་ལུས་ནས་མདུན་ལམ་མེད་པ་ཤེས། དེ་བས། ཁོང་གིས་མི་རོ་དེ་ཁོག་རུལ་སྡོང་བོ་ཞིག་ལ་བརྫངས་བ་དང་། ཁོང་གིས་དེ་སྤྱང་ཀིས་མི་ཁྱེར་བར་རྒྱབ་སྲུང་བྱེད་དགོས་པས། ཁོང་ཉིད་སྡོང་འོག་གི་སྔོ་དྲེག་སྟུག་པའི་ས་ལ་གཟིམས་ཏེ། དེ་མ་ཐག་གཉིད་དུ་ཡུར་སོང་ངོ་། །ཁོང་གིས་ལུས་ཤིན་ཏུ་ཆད་ནའང་། རྣམ་ཤེས་ནི་ཤིན་ཏུ་བག་ཕེབས་སོ། །    ། །

མཆན།

[13] ཟོས་ཀྱང་ད་དུང་བཀྲེས་པ་ནི་ལུས་ཀྱི་བཀྲེས་ལྟོགས་མ་ཡིན་པར་བསམ་བློའི་བཀྲེས་ལྟོགས་སོ། །

[14]  མཚན་མོ་གཉིད་དུ་ཡུར་་སྐབས་དངོས་པོ་ཐམས་ཅད་ཀྱི་མ་སྤྲོས་པའི་ངོ་བོ་དེ་རྗེན་པར་གནས་པ་ཡིན།

གསལ་བཤད། 

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།