ཉེ་སྔོན་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོའི་སྟེང་བོད་ཡིག་གི་བཀའ་དྲིན་ཆེ་ཞེས་པའི་ཡིག་འབྲུ་གསུམ་གྱིས་བོད་པ་མང་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག དྲང་མོར་བཤད་ན་ང་ཡང་ཕྲ་ཞིང་ཕྲ་བའི་སེམས་བྱུང་གང་ཞིག་གི་དབང་དུ་གྱུར་ནས་དགའ་བ་སྐྱེས་བྱུང་། མགྲིན་པ་བརྣངས་བྱུང་།
སྐད་ཅིག་མ་དེའི་རྗེས་སུ། དཔྱོད་པའི་ཤེས་རབ་འབར་བའི་སྐྱེ་བོ་འགའ་ཞིག་གིས། དེ་ནི་བློ་ཆུང་དག་གི་སེམས་བྱུང་ཡ་མ་བརླ་ཞིག་རེད་ཟེར། དེ་ཡང་བདེན་ནོ་སྙམ། ཡང་འགའ་ཞིག་གིས། དགའ་བ་བག་བྲོ་དེས་བཟི་བ་ལས་རང་གིས་འཇོན་པའི་ལས་གང་ཞིག་ལ་འཇུག་པར་བྱའོ་ཟེར། དེ་ཡང་མད་དོ་སེམས། ཡང་རེ་འགས། དེ་ནི་བོད་ཀྱི་མ་ཡིན་པར་རྫོང་ཁའི་རེད་ཟེར། དེ་ལ་ཡང་རྒྱུ་མཚན་ལོས་རེ་ཡོད། ཡང་ལ་ལས། དེ་ནི་མཚང་དུ་འགྲོ་བ་ལས་རྒྱན་དུ་མ་རློམ་ཟེར། དེ་ལ་ཡང་ཤིན་ཏུ་འཐད་དོ།།
དེས་ན། ང་རང་ནོར་སོང་བས་ཨེ་ཡིན། དགའ་བ་དེ་གང་ནས་བྱུང་ངམ། སེམས་པ་སྒུལ་བྱེད་ཀྱི་མགྲིན་པ་བརྣངས་བྱེད་ཀྱི་གཟུགས་མེད་ཀྱི་མཐུ་དེ་ཡང་སྙིང་ཅི་ཞིག་ཡིན་ནམ། ངས་རང་སེམས་ལ་ཅི་ལྟར་དྲིས་ཀྱང་། དཔྱོད་ལྡན་པ་དེ་ཚོར་འདི་དང་འདིའོ་ཞེས་པའི་ལྡོན་ལན་ཞིག་ཡེ་ནས་རྙེད་མ་བྱུང་།
དེ་ནས་ངས་རང་གི་ཕ་ཡུལ་དྲན་པར་བྱས། ཕ་ཡུལ་ན་འཚོ་ཞིང་གཞེས་པའི་ཡུལ་མི་དང་ཡུལ་མི་མ་ཡིན་པ་དེ་དག་ཡོད་ཚད་དྲན་པར་བྱས། ལོ་དྲུག་ཅུར་ལོན་པའི་བགྲེས་པོ་དག་དྲན་པར་བྱས། ཁོ་ཚོས་ང་ལ་ཕྲུ་གུ་ཚོ་སློབ་གྲྭར་སྐྱེལ་བ་ནི་ལས་བྱེད་པར་འགྱུར་རྒྱུ་དེ་ཡིན་ཟེར། ལས་བྱེད་ཉན་དགོས་ན་ངེས་པར་དུ་རྒྱ་ཡིག་སྦྱང་དགོས་ཟེར། ཁྱོད་ཀྱིས་ལྟོས་དང་། རྒྱ་ཡིག་རྒྱ་སྐད་རེ་མ་ཤེས་ན་ང་ཚོ་དང་ཅི་ཁྱད་ཟེར། ནོར་དང་ལུག་དང་ཅི་ཁྱད་ཟེར། དེ་ནས་ངས་ཕ་ཡུལ་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་ཨ་ཅེ་དེ་དྲན་པར་བྱས། ཨ་ཅེས་ང་ལ། བོད་ཡིག་སྦྱང་ན་ཕན་པ་ཏིལ་འབྲུ་ཙམ་ཡང་མི་འདུག་ཟེར། ཁོ་མོས་ཤ་ཚ་བའི་ངང་དེ་ལས་རང་གི་ཕྲུ་གུ་རྒྱའི་སློབ་གྲྭ་གང་རུང་དུ་འགྲོ་རུ་ཆུག་ཟེར། གྲོང་ཁྱེར་ནང་ལ་འགྲོ་རུ་ཆུག་ཟེར། དེ་རུ་ད་གཟོད་འོད་སྟོང་འབར་བའི་ལམ་བུ་དེ་ཡོད་ཟེར། དེ་ནས་ངས་རང་གི་ཚ་བོ་དང་ཚ་མོ་དག་དྲན་པར་བྱས། ཁོ་ཚོས་མགྲིན་གཅིག་ཏུ། བོད་ཡིག་ལ་དགོས་མཁོ་ཅི་ཞིག་ཡོད་ཟེར། དེ་ནི་མེད་ཀྱང་ཆོག་ལ་ཡོད་ཀྱང་ཆོག་པ་མ་མཐོང་ངམ་ཟེར། དེ་ནིགཞུང་ཡིག་ཁྲོད་ཀྱི་དབུ་ཡིག་དམར་པོ་དེ་ཁོ་ན་ཡིན་པ་མ་ཤེས་སམ་ཟེར། དེ་ནི་ཟ་ཁང་དང་ཇ་ཁང་དང་ནང་མ་ཁང་གི་སྒོ་བྱང་འབྲི་བྱེད་དེ་ཁོ་ན་རེད་ཟེར། དེ་ནི་ཡིག་ནོར་བྲིས་ཆོག་པའི་ཡི་གེ་དེ་ཁོ་ན་རེད་ཟེར། ཁྱོད་ཀྱིས་ཤོད་དང་། དེ་ཡིས་ཅི་ལ་ཕན། ཅི་ལ་ཕན། ཅི་ལ་ཕན་ཟེར།
ངས་གློ་བུར་དུ་ཧ་གོ་སོང་། ཛམ་བུ་གླིང་གི་ཡི་གེའི་ནགས་ཀློང་སྟུག་པོའི་དབུས་ནས། ཁྱེད་རང་སྐད་ཅིག་དེ་ཉིད་ལ་ལྷང་ནེ་ལྷང་ངེར་ངའི་མིག་ལ་ཐོགས་དོན་དེ་ཧ་གོ་སོང་། ངའི་མགྲིན་པ་བརྣངས་པའི་རྒྱུ་མཚན་ཡང་ཧ་གོ་སོང་། ངའི་སེམས་པ་འགུལ་བའི་གནས་ལུགས་ཀྱང་ཧ་གོ་སོང་། དེ་ནས། ངས་ཡིག་འབྲུ་གསུམ་གྱིས་དགའ་བ་བསྐྱེད་པའི་གྲོགས་པོ་གྲོགས་མོ་ཚོ་དྲན་ཡོང་། གཡའ་དག་པའི་སེམས་པ་དེ་དག་དྲན་ཡོང་། ངས་རང་ཉིད་ཀྱང་དྲན་ཡོང་། དེའི་རྗེས་སུ། ང་ཡིག་འབྲུ་དེ་གསུམ་གྱིས་སྡུག་ལ་སྦྱར་པ་འདྲ། ངའི་སེམས་པ་རབ་ཏུ་གཡོས་བྱུང་། ངའི་མགྲིན་པ་བསྐྱར་དུ་བརྣངས་སོང་།

2016/8/23