ལྷ་འབྲུག་རྒྱལ།

མོག་མོག་གི་བྱིས་པའི་དུས་སུ་ར་ལུག་གི་རྗེས་སུ་འདེད་རྒྱུ་ཧ་ཅང་དགའ། སློབ་གྲྭའི་གུང་གསེང་བར་དུ་ཨ་མྱེས་ཀྱི་རྫི་གྲོགས་བྱེད་པ་ནི་རང་གི་ལས་འགན་དུ་བསམ་ཡོད། ར་ལུག་གི་བདེ་སྡུག་ལ་དོ་ཁུར་མང་ཙམ་བྱས། ཡིན་ཡང་ཤ་བཟའ་བའི་གོམས་གཤིས་འགྱུར་བ་བཏང་མ་མྱོང་། སྐབས་དེར་ལུག་ཁྱུ་ཁྲོད་ནས་ཚེ་ཐར་མགོ་གཉིས་བཏང་བ་ནི་རྒྱུན་ཤེས་སུ་མཐོང་བ་མ་གཏོགས། རླབས་ཆེན་གྱི་བྱ་བཞག་ཅིག་ཏུ་དྲན་མེད། ནང་མི་ཞིག་ན་ཚོས་མནར་བའི་སྐབས་སུ་ཚེ་ཐར་བཏང་བའི་ལུགས་སྲོལ་ཡོད། འོན་ཀྱང་གྲངས་འབོར་ཉུང་ཉུང་ཡིན། རྗེས་སུ་འབྲོག་ཡུལ་ནས་ཞིང་སར་སྤོར་ཚེ་ར་ལུག་འཚོ་བའི་གོ་སྐབས་མེད་པར་གྱུར་བ་དང་ཚེ་ཐར་བཏང་བའི་ར་ལུག་རྣམས་ཁྱིམ་དུ་གསོས་ནས་ཡུན་རིང་ལུས།  དེ་རྗེས་སུ་ཞིང་ལས་ཀྱི་ལོ་འབྲས་ཧ་ཅང་སྡུག་པོ་ཡིན་ཙ་ཨ་མྱེས་ཡང་བསྐྱར་རུ་ནང་དུ་སོང་ནས་ར་ལུག་འཚོ། ངའི་སློབ་འབྲིང་གི་སློབ་ཡོན་ཕལ་ཆེར་ར་ལུག་བཙོང་ནས་ཐོབ་པ་ཞིག་ཡིན། ཨ་ཕའི་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག་ནས་བཙོན་ཡང་སྡོད་དགོས་བྱུང་སྐབས་ཨ་མྱེས་ར་ལུག་མང་པོ་བཙོང་ནས་ཁོ་རང་སྐྱོབ་ཐུབ་སོང་། སྐབས་དེར་ར་ལུག་ཚོང་རྭར་སྐྱེལ་མེད་པར་ཁྱིམ་མཚེ་ལ་བཅོལ་བས་ཁོང་ཚོའི་འབྱོར་བ་སྔར་ལས་དར་སྤེལ་སོང་། ངེད་ཀྱི་ཁྱིམ་ཚང་ནི་སྐབས་དེ་ནས་བཟུང་དབུལ་ཕོངས་ཀྱི་གྲོས་སུ་ཚུད་པ་རེད།

དཔལ་འབྱོར་དར་ཞིང་རྒྱས་པའི་དེང་གི་དུས་འདིར། བོད་མི་འབྱོར་ཕྱུག་ཅན་མང་པོ་ཆགས། སྟོད་ཉི་མ་ལྷ་སར་མཆོད་མཇལ་འགྲོ་བ་མ་ཟད། ཚེ་ཐར་བཏང་བའི་ཚོང་ལས་ཀྱང་ཤུགས་ནས་རྒྱ་བསྐྱེད་སོང་། གནས་ཚུལ་འདི་ནི་༡༩༥༠་ལོའི་ཡན་ཆོད་ཀྱི་བོད་པའི་སྐུ་དྲག་ལྟར། རང་གི་གླ་ཕོག་དང་འབྱོར་བ་ནི་དཔོན་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པར་དབུལ་ཕོངས་ཀྱི་ཞིང་པ་དང་འབྲོག་པ་ཚོར་མིག་གིས་ཀྱང་ལྟ་རྒྱུ་མ་རེད། གང་ཡིན་ཟེར་ན། མི་ཡི་མཐའ་མ་ནི་ངལ་རྩོལ་བྱེད་མཁན་དང་། ས་ཞིང་སློག་པ་ནི་ཧ་ཅང་སྡིག་པའི་ལས་སུ་བརྩི་བ་དེ་ཡིན། ད་དུང་ཧ་ལས་དགོས་པ་ཞིག་ནི། གནའ་དུས་ཀྱི་སྐུ་དྲག་ཚོས་ཁྲལ་པའི་ངལ་རྩོལ་དང་དཔྱ་ཁྲལ་ལ་བརྟེན་ནས་ཁོང་ཚོའི་འབྱོར་བ་བསྐྲུན་པ་དང་དེ་དག་ནི་ཞིང་པའམ་འབྲོག་པའི་བྱས་རྗེས་རེད་ཟེར་རྒྱུ་མ་རེད། དེ་ནི་རང་གི་ཚོགས་བསག་ཡིན་ཟེར། དེར་མ་ཟད། རིམ་གྲོལ་གྱ་ནོམ་པ་བྱེད་རྒྱུ་དང་ཚེ་ཐར་བཏང་བའི་ལུགས་སྲོལ་ནི་བོད་མི་ཕྱུག་པོ་ཅན་གྱི་མཚོན་རྟགས་སུ་གྱུར།  གང་ཡིན་ཟེར་ན། དབུལ་པོ་ལ་ས་ཐོག་ནས་ཚར་རྒྱུགས་ཕར་རྒྱུགས་བྱེད་པའི་འབྱོར་བ་དེ་མེད་པ་དང་། ཚེ་ཐར་འབོར་ཆེན་བཏང་བའང་ཡོད་མི་སྲིད། དེ་རིང་གི་ཚེ་ཐར་སྟོང་ཕྲག་གཉིས་གསུམ་ནི་དེ་བས་མི་དཔག་པ་ཞིག་གོ

ཉི་མ་དང་སའི་གོ་ལ། ཟླ་བ་སོགས་སྐར་ཁྱིམ་གྱི་བར་སྣང་ཁམས་ལས་རྒྱ་བསྐྱེད་ནས། ང་ཚོས་བར་སྣང་ཁམས་སུ་འཚོལ་རྟོགས་བྱེད་ཚེ། གྲངས་ལས་འདས་པའི་སྐར་ཁྱིམ་ནི་བར་སྣང་ཁམས་སུ་བཀྲམས་ཡོད། མུ་མཐའ་མེད་པའི་བར་སྣང་ཁམས་སུ་སའི་གོ་ལ་ནི་སྐྱེ་ཁམས་ཀྱི་ཁྱིམ་ཞིག་སྟེ། ད་ལྟའི་བར་དུ་སེམས་ཅན་སྦྲུམ་ནུས་པའི་གོ་ལ་ནི་ང་ཚོ་འཚོལ་ཞིང་གནས་པའི་སའི་གོ་ལ་འདི་མ་གཏོགས་ཨང་གཉིས་པ་ད་དུང་རྙེད་མེད། སའི་གོ་ལའི་སྟེང་གི་སྐྱེ་དངོས་དང་སེམས་ཅན་ཡོད་ཚད་གཅིག་ལ་གཅིག་རྟེན་གྱིས་ངང་ནས་གནས་ཡོད་ཚུལ་ནང་བསྟན་གྱི་བསམ་བློ་བླ་མེད་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ནས་དར་བའི་སྐྱེ་དངོས་རིག་པས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་གཅིག་ལ་གཅིག་རྟེན་གྱི་སྡོམ་ཚིག་ཅིག་ངང་ངམ་ཤུགས་གྱིས་ཐོབ་ཡོད་པ་རྟེན་འབྲེལ་གྱི་ལྟ་བ་དང་ལེན་བྱེད་པ་ལྟ་བུ་རེད།

སྐྱེ་ཁམས་ཡོད་ཚད་དོ་སྙོམས་མ་ཐོབ་ན་གཅིག་གི་ཚེ་སྲོག་ཤོར་ཚར་དུས། གཞན་དག་ཀྱང་ཡུན་རིང་གནས་པར་མི་ནུས་སོ། འོན་ཀྱང་སའི་གོ་ལའི་འཇིག་རྟེན་འདི་དོ་སྙོམས་ཐོབ་དགོས་ན་ཡིན་གཅིག་མིན་ནས་མིའི་རིགས་འདི་མཁོ་བའི་གནས་ལུགས་མེད། ང་ཚོ་མི་འདི་དངོས་ནས་སྡིག་པོ་རེད། རང་གི་ལྟོ་བའི་ཆེད་དུ་ལུག་རྭ་ནང་གི་སེམས་ཅན་ལ་སྒོ་ཕྱུགས་ཞེས་བཏགས་ནས་ཤི་གསོན་གང་ཡིན་མི་ཡིས་ཐེ་གཏོགས་བྱས། རི་སྐྱེས་རི་དྭགས་ལ་མོས་ཤིང་བཀུར་ནས་བླ་སྲོག་ཏུའང་ངོས་འཛིན་བྱས་པ་ལྟར། དེ་རིང་ང་ཚོས་སྲོག་སྐྱོབ་པའི་ཆེད་དུ་ལུག་ཚོགས་ཚེ་ཐར་བཏང་བ་དང་། སྲོག་བླའི་སྐྱོང་བའི་ཚོང་རྭ་ཞིག་ཀྱང་རྟིང་སྐུལ་བྱས་ཚར། མཐའ་ན་ཀླུ་ཡི་རྒྱལ་ཁམས་སྐྱོང་བའི་ཆེད་དུ་རྒྱ་ནག་གི་ཉ་ཕྲུག་ཁྱེར་ཡོང་ནས། བོད་ཀྱི་མཚོ་མཚེའུ་དང་རྨ་ཆུ་ནང་དུ་གཡུག རང་གིས་དགེ་ལས་བསྒྲུབ་པའི་ཆེད་དུ་ད་དུང་ཚེ་ཐར་གྱི་ཆེད་ལས་ཤིག་ཀྱང་གཉེར་བཞིན་མཆིས། གལ་སྲིད་བོད་ཡུལ་ནས་བཤས་རའི་ཚོང་རྭ་ཉམས་སོང་ན། ལུག་ཚོང་རྒྱག་པའི་གཤེད་མ་ཚོ་རང་གི་ཁྱིམ་དུ་ལོག་ངེས་སམ།   ཕལ་ཆེར་ལོག་རྒྱུ་མ་རེད། གང་ཡིན་ཟེར་ན། ང་ཚོས་བོད་པའི་ཁྱད་ཆོས་ལྡན་པའི་སྲོག་བླའི་ཉོ་ཚོང་ཞིག་བཙུགས་ཚར་བའོ།

ཡིན་ཡང་ཚེ་སྲོག་རླབས་ཆེན་ཡིན་པའི་དོན་སྙིང་གི་མདུན་དུ་ཁོར་ཡུག་དོ་སྙོམས་དགོས་པའི་སྐུལ་སློང་དེ་ནུས་མེད་ཉམ་ཆུང་ཡིན། གནའ་སྔ་མོ་ནས་འབྲོག་པ་ཚོས་རྩ་ཕྱུགས་དོ་སྙོམས་ཡོང་བའི་ཆེད་དུ། དབྱར་ས་དང་སྟོན་ས། དགུན་ས་བཅས་བར་དུ་གནས་སྤོར་བྱས་ནས་བསྡད་ཡོད། ཁ་སང་དེ་རིང་ཁོར་ཡུག་དོ་སྙོམས་བཟོ་དགོས་པའི་ཆེད་དུ་རྩ་མེད་སར་རྩ་འདེམས། ལུག་ཡོད་སར་ནོར་འཚོས་ནས་སྔ་མའི་གོམས་སྲོལ་འགྱུར་ལྡོག་བཏང་། རྫས་དུག་སྤྱད་ནས་ཨ་བྲ་གསོད་དགོས་པ་ཡང་བྱུང་། ལུག་མེད་སར་ལུག་མང་པོ་འཚོས་ནས་གཞི་ནས་མཐོ་སྒང་གི་རྩྭ་ཐང་བྱེ་ཐང་ལ་འགྱུར། ད་དུང་དེ་ལས་མི་ཚད་པར། ཉ་མེད་སར་རྒྱ་ནག་གི་ཉ་ཕྲུག་ཁྲི་ཁྲི་འབུམ་འབུམ་བཏང་ནས་མཐར་ཚང་མ་ཤི་སོང་བའི་གནས་ལ་ཐུག་ཀྱང་དེ་ལ་དགེ་བ་ཟེར།

ང་ཚོའི་མེས་པོ་ཚོས་ཚེ་ཐར་གྱི་དགེ་བ་སྣང་མེད་བཞག་མེད། ཡིན་ཡང་ཚད་ཡོད། གྲངས་ཡོད། འཚོ་གནས་དང་རྩ་ཕྱུགས་དོ་སྙོམས་བཟོས་པ་དེ་ནི་ད་གཟོད་བོད་པའི་བླ་སྲོག་རེད། དེ་རིང་གོམས་སྲོལ་ཚང་མ་འགྲེལ་བ་གསར་སྒྲིག་བྱས་ཚར།  འབྲོག་པ་ཚོའི་རྩྭ་ཐང་མང་ཆེ་བ་ནི་རི་དྭགས་ཀྱི་ལུང་པ་རེད། དེ་ན་ང་ཚོས་ཁོང་ཚོའི་ཕ་ས་ཕ་ཡུལ་ལ་བཙན་འཛུལ་བྱེད་དགོས་དོན་ཡོད་དམ། ཚང་མ་གྲོང་ཁྱེར་དུ་སྤོར་ན་ཅི་མ་རུང་། གྲོང་ཁྱེར་གྱི་འཚོ་རྟེན་སུ་ཡིས་སྐྱོང་། ན་གཞོན་ཚོའི་ལས་ཀ་སུ་ཡིས་བསྩལ། མཐར་རང་གི་རྩྭ་ཐང་གཞན་གྱི་ལག་ཏུ་ཤོར་ཚེ་ང་ཚོས་དགེ་བ་ཡིན་པར་འདོད་དམ།  མི་ནི་གཤེད་མའི་གཞི་ཡིན་པ་གདོན་མ་ཟ། དེ་ན་མི་རིགས་འདི་རི་དྭགས་ལུང་ནས་ཕར་སྤྱུགས་ན་ཇི་འདྲ་འདུག