རང་དབང་ནི་མིའི་རིགས་ཀྱིས་ལོ་ངོ་སྟོང་ཁྲག་མང་པོར་འཚོལ་སྙེག་བྱས་པའི་རེ་འདུན་ཡིན་མོད་དེ་ནི་ཅི་འདྲའི་དཀའ་ལས་ཤིག་རེད་ཨང་། མི་མང་པོ་ཞིག་གིསརང་དབང་མེད་པ་ལས་ཤི་ན་དགའ།ཟེར་ཞིང་། ཐ་ན་རང་དབང་གི་ཆེད་དུ་ཚེ་སྲོག་ཀྱང་གཏོང་བར་ཕོད། དེས་ན་རང་དབང་གལ་ཆེ་བ་དང་རང་དབང་ཐོབ་དཀའ་བའི་རྒྱུ་མཚན་གང་ཡིན་ནམ། ཇི་ལྟར་བྱས་ཏེ་རང་དབང་ཐོབ་པ་ནི་མིའི་རིགས་ཡོངས་ཀྱི་མིག་མདུན་དུ་ལྷག་པའི་བརྗོད་གཞི་ཆེན་པོ་ཞིག་རེད།

རང་དབང་ནི་མིའི་རང་གཤིས་ཡིན་པས་ན། སུ་ཡང་བཙོན་ཁང་དུ་འགྲོ་མི་འདོད་པ་ནི་མིས་རང་དབང་ལ་སྙེག་པའི་བདེན་དཔང་སྟེ། རང་བྱུང་གི་གནས་སྟངས་འོག་ཏུ་མི་ནི་མ་གཞི་ནས་རང་དབང་ཅན་ཞིག་ཡིན། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མིའི་རང་དབང་གཞན་གྱིས་འཕྲོག་པ་དང་། དེའི་རྒྱུ་མཚན་ཡང་མི་རེ་འགའ་ཞིག་གི་རང་དབང་གཞན་གྱི་རང་དབང་ལས་ཀྱང་གལ་ཆེ་བས་ཏེ། སྤྱིར་བཏང་གི་མིའི་རང་དབང་ཁྱད་དབང་ཅན་གྱི་མི་ལ་སྤྲོད་དགོས། དེ་བས་ལོ་རྒྱུས་སྟེང་དུ་རང་དབང་ལ་འཚོལ་སྙེག་བྱེད་པའི་ལས་འགུལ་བྱུང་བ་རེད།

རང་དབང་ནི་གང་འདོད་འདོད་བྱས་ཆོག་པ་དེ་མ་ཡིན་པར། རང་གི་རང་དབང་ལ་གཞན་གྱི་ཐེ་གཏོགས་མེད་པའི་ཁོར་ཡུག་ནས་འཚོ་ཐུབ་པ་དེའོ།། དེ་ལས་ལྡོག་སྟེ། རང་དབང་རིང་ལུགས་ངོ་མ་ནིམི་རེ་རེས་གཞན་གྱི་རང་དབང་ལ་ཐེ་གཏོགས་མི་བྱེད་པ་དེ་ཡིན།བརྒྱ་ལ་མི་རེ་རེ་རང་གི་རང་དབང་ལ་གཞན་གྱི་ཐེ་གཏོགས་མེད་པའི་ཁོར་ཡུག་ནས་འཚོ་ཐུབ་པ་ནི་ཆེས་ཆེ་བའི་རང་དབང་ཡིན། ཁུང་ཙིས་གསུངས་པའིརང་གིས་སྒྲུབ་ན་མི་འདོད་པ།། གཞན་ལ་བཙན་ཚུགས་མ་བྱེད་ཅིག།ཅེས་པ་དེ་དང་ཁྱད་ཆེན་པོ་མེད་དེ། སྔ་ཕྱི་གང་ཡིན་ཡང་རང་གི་རང་དབང་ལ་གཞན་གྱི་བར་ཆད་མེད་པའི་ཁོར་ཡུག་ནས་རྨང་འཛུགས་དགོས་ཤིང་། དེའང་ཀུན་སྤྱོད་ཀྱི་ཚད་ཐིག་ཏུ་གྱུར་ཡོད། རང་དབང་ལ་རྒོལ་མཁན་གྱི་ལྟ་བ་ནི།མི་རེ་རེ་ལ་རང་དབང་ཡོད་ན་འཇིག་རྟེན་འདི་ཉོག་པར་འགྱུར་བས། རང་དབང་མེད་ན་བཟང་།ཞེས་ཟེར་ལ། དོན་འདིས་རང་དབང་རང་ལུགས་ཀྱི་སྙིང་སྟོབས་ངོ་མ་འཁྱོག་པོར་བསྒྱུར་ཡོད།

མདོར་ན། རང་དབང་རིང་ལུགས་ནི་མི་སྒེར་གྱི་བྱང་ཚད་ཅིག་དང་གཞན་ལ་ཡོད་འོས་པའི་རང་དབང་ལ་ཐེ་གཏོགས་མི་བྱེད་པའི་རང་ཚོད་རང་འཛིན་ལ་ཟེར། གལ་ཏེ་མི་རེ་རེ་ལ་བྱང་ཚད་འདི་འདྲ་ཡོད་ན་ང་ཚོ་རང་དབང་གི་འཇིག་རྟེན་ཞིག་ན་འཚོས་ཡོད། འོན་ཏེ་ཆུང་བྱིས་པ་ནས་ཆེ་རྒན་པའི་བར་དུ་རང་ཉིད་ལྟེ་བར་བཟུང་ཞིང་། རིམ་བཞིན་གཞན་ལ་གུས་བརྩི་དང་རང་ལ་ཚོད་འཛིན་རྟོགས་པས། མིང་ལ<<རང་ཉིད་དགའ་བའི་མི་ལ་རང་དབང་བྱིན།>>ཞེས་པའི་དེབ་ཅིག་ཆེད་དུ་བྲིས་པ་ཡིན། ངས་ད་དུང་རང་ཉིད་སྡང་བའི་མི་ལའང་རང་དབང་སྟེར་དགོས་པར་འདོད་ཡོད། རྒྱུ་མཚན་ནི་གཞན་གྱི་རང་དབང་ནི་ཁོའི་ཐོབ་ཐང་ཡིན་ལ་དེ་འཕྲོག་པའི་དབང་ཆ་སུ་ལའང་མི་འདུག  སྐབས་ལན་རེར་དགྲ་བོ་ལའང་རང་དབང་སྟེར་དགོས་ཏེ། ཁྱོད་ཀྱིས་ཁོའི་རང་དབང་ལ་ཐེ་གཏོགས་བྱས་པས་ད་གཟོད་དགྲ་རུ་གྱུར་བ་དང་། གལ་ཏེ་ཁོ་ལ་རང་དབང་བྱིན་ན་ཁྱོད་ཚོ་གྲོགས་པོར་འགྱུར་ཡང་སྲིད། ད་ལྟའི་གནད་དོན་ནི་ལམ་ལུགས་ཀྱིས་མི་རེ་འགའ་ཞིག་ལ་གཞན་གྱི་རང་དབང་ལ་ཐེ་གཏོགས་བྱེད་པའི་དབང་ཆ་ཡོད་ལ་བཀག་སྡོམ་མེད་པར་བྱས་ཡོད་པ་དང་། འདི་ནི་གནད་དོན་གྱི་གནད་རྩའང་ཡིན།

བརྒྱ་ལ་མི་ཞིག་གིས་རང་དབང་གི་བདེན་ལུགས་ངོ་མ་དེ་རྟོགས་ཤིང་དེ་ལྟར་དུ་ལས་ཀ་བྱེད་ཚེ། གཞན་གྱི་དགའ་བསུ་ཐོབ་ངེས་ཏེ། ཁོ་ལ་འབྲེལ་བ་བྱེད་པའི་མི་ཚང་མ་ཁོ་ལ་དགའ་བ་དང་། དེ་བཞིན་ཁོའི་མི་ཚེ་ལམ་ལྷུང་དུ་སོང་ནས་སྐྱོ་སྡུག་ཅི་ཡང་མེད་པ་ཡིན། གལ་ཏེ་ཁོ་ནི་དཔོན་པོ་ཞིག་སྟེ། ཁོས་གནས་ལུགས་འདི་འདྲ་ཞིག་གིས་གཞུང་དོན་བསྒྲུབས་ན་མང་ཚོགས་ཀྱི་དགའ་བསུ་ཐོབ་ངེས་ཡིན། ཡང་གལ་ཏེ་ཁོ་ནི་ཕྱི་འབྲེལ་དཔོན་པོ་ཞིག་ཡིན་ན། འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཅན་དུ་གྱུར་ནས་འགལ་བ་མང་པོ་ཞིག་མེད་པར་འགྲོ་བ་དང་། ཐ་ན་དམག་འཁྲུག་ཀྱང་མི་འབྱུང་ངོ་།།

འོན་ཀྱང་གཞན་གྱི་རང་དབང་ལ་ཐེ་གཏོགས་བྱེད་མཁན་ནི་དཔོན་པོ་སྟེ། དམིགས་བསལ་གྱི་དབང་ཆ་ལྡན་པའི་དོ་དམ་པ་ཡིན། སྤྱི་ཚོགས་ཤིག་ལ་ནུས་ལྡན་གྱི་དོ་དམ་ལ་ངེས་པར་དོ་དམ་པར་ཁྱད་དབང་རེ་འགའ་སྟེར་དགོས་ནའང་། དོ་དམ་པས་ཁྱད་དབང་དེ་དག་གམ་དྲག་ཤུགས་ལ་བསྟེན་ཏེ་བླངས་པའི་ཁྱད་དབང་རྣམས་རང་དང་སྒེར་གྱི་ཆེད་དུ་སྤྱད་པ་ནི། གཞན་གྱི་རང་དབང་ལ་རྡོག་རོལ་དང་རང་གི་རང་དབང་རྒྱ་བསྐྱེད་པར་མ་ཟད། ཐ་ན་ཁོ་ཚོས་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་རྡོག་རོལ་དུ་གཏོང་བའང་ཡོད། བྱས་ཙང་ལོ་རྒྱུས་ཀྱི་སྟེང་དུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་དབང་དང་དམིགས་བསལ་དབང་ཆའི་བར་དུ་འགལ་བ་བྱུང་བ་རེད། ད་ལྟ་གནས་བབ་ལ་འཕེལ་འགྱུར་བྱུང་སྟེ་རང་དབང་གི་ཚ་རླབས་འཛམ་གླིང་སྤྱི་ལ་ཁྱབ་ནས་འགོག་ཐབས་མེད་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ད་ནི་མིའི་རིགས་ཀྱིས་ལོ་ངོ་བརྒྱ་ཕྲག་མང་པོར་གོ་རིམ་འདི་བརྒྱུད་མི་སྲིད་ལ། ད་དུང་མི་རབས་གཉིས་གསུམ་ཞིག་འདས་ན་བགྲང་བྱ་སྟོང་ཕྲག་གི་འགལ་འདུ་མཇུག་རྫོགས་ནས། འགྲོ་བ་མིའི་རིགས་ཡོངས་ཁྱབ་དང་མི་རེ་རེ་འདྲ་མཉམ་གྱིས་རང་དབང་ལོངས་སུ་སྤྱོད་པའི་གནས་སྟངས་ཤིག་ཏུ་ཐོན་སྲིད། ད་ལྟ་ད་དུང་ཡང་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་པའི་དམིགས་བསལ་དབང་ཆ་ཅན་རྣམས་པས་ཀྱང་དོན་གྱི་ནང་སྙིང་རྟོགས་ནས་འཛམ་གླིང་གི་འགྲོ་ལམ་ལ་ཞུགས་རན་རེད།

དེས་ན་ཀྲུང་གོ་རུ།འདས་པའི་མི་ལོ་སུམ་ཅུའི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱིས་འདྲ་མཉམ་རང་དབང་ལ་འཕེལ་རྒྱས་ཆེན་པོ་ལྡན། ད་ལྟ་ད་དུང་ཡང་དབུལ་ཕྱུག་གི་བར་ཁྱད་ཆེ་ནའང་། དཔལ་འབྱོར་ཕྱོགས་ནས་མིའི་ཆ་སྙོམས་ཡོང་འབབ་ལྡབ༡༢ཀྱིས་འཕར་ཡོད།དབུལ་བོ་རྣམས་ཀྱི་ཡོང་འབབ་ཀྱང་ཡར་ཐོན་ཡོད་ངེས་ཏེ། ཀྲུང་གོ་རུ་མི་གྲངས་དུང་ཕྱུར་གསུམ་ཙམ་དབུལ་བོའི་འཚོ་བ་ལས་ཐར་ཡོད་ལ། ཀྲུང་གོས་དབུལ་བོ་ཉུང་དུ་བཏང་བ་འདིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུལ་བོ་ཉུང་དུ་གཏོང་བའི་འཆར་གཞི་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཡོང་འབབ་མཐོར་འདེགས་ནི་མི་ཞིག་ཚོང་རའི་ནང་དུ་རང་དབང་ཡོད་པའི་མཁོ་ངེས་ཆ་རྐྱེན་ཏེ། དབུལ་བོ་ཞིག་ཡིན་ན་ཚོང་རའི་ཁྲོད་དུ་རང་དབང་ཡོད་པ་མ་རེད། ཡོང་འབབ་མཐོར་འདེགས་གཏོང་བ་ནི་རང་དབང་ཐོབ་པའི་ཕྱོགས་གལ་ཆེ་བ་དེ་ཡིན།

མི་ཇུས་དཔལ་འབྱོར་རིག་པ་ཞེས་པའི་དེབ་ཀྱི་སྔོན་འགྲོ།

རྩོམ་པ་པོ། ཀྲུང་གོའི་དཔལ་འབྱོར་རིག་པ་བ་མའོ་ཡེ་ཧྲི།(茅于轼)