ཆུང་དུས་སུ་རྒྱག་རེས་བརྒྱབ་པའི་ཁ་གྲངས་ཅིག་ཅིག་མང་ནའང་ནར་སོན་གྱི་གོ་རིམ་དང་བསྟུན་ནས་རྒྱག་རེས་རྒྱག་པའི་ཁ་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་དེ་ལོ་འདི་དག་གི་རིང་ལ་རྒྱག་རེས་གཅིག་ཀྱང་བརྒྱབ་མ་མྱངས།  ཡིན་ནའང་། དྲིན་ཆེན་ཕ་མ་ཟུང་གཙོས་པའི་མི་རྣམས་ཀྱིས་ཁ་ཏ་སློབ་གསོ་ལས་བསྐྱེད་པའི་བདག་གི་ཚུལ་འཆོས་ཤིག་ཡིན་པ་ལས་ང་རང་རྒྱག་རེས་རྒྱག་པར་མ་དགའ་བ་གཞི་ནས་མིན་པས་རྒྱག་རེས་རྒྱག་འདོད་ཀྱི་ཟ་འཕྲུག་ཚ་བོ་རེ་མཚམས་མཚམས་སུ་གློ་བུར་གློ་བུར་དུ་སྐྱེས་ཡོང་། ཞིབ་ཏུ་བསམ་བློ་རེ་བཏང་ན་རྒྱག་རེས་རྒྱག་པ་ནི་རིག་གནས་ཤིག་གམ་ཡོན་ཏན་ཞིག་རེད།

བདག་གིས་དུས་ནམ་ཡིན་ཡང་བཟང་ལན་ལ་ཇ་དང་ངན་ལ་གཅེན་ལྡུད་མི་ཕོད་པའི་མི་ནི་ཆེས་ཐབས་རྡུགས་ཀྱི་མི་རུ་རྩི་བཞིན་ཡོད།  ཡིན་ནའང་།  ད་ལྟ་བསམ་ན་ང་རང་ཡང་མི་དེ་ལྟ་བུའི་ཐབས་རྡུགས་ཤིག་ཏུ་གྱུར་དང་འགྱུར་བཞིན་འདུག  མ་ཟད་གཞན་གྱིས་བརྙས་བཅོས་བྱས་པའང་མི་མང་ན་ཉུང་ཉུང་ཡིན།  ང་རང་ཆུང་དུས་སུ་ང་ལ་སུས་ཕོག་ཐུག་བཏང་ཚེ་བདག་གིས་དེ་ལ་རྒྱག་རེས་བརྒྱབ་པ་ཡིན།  དེ་བས་ཆུང་དུས་སུ་བདག་ལ་ཕོག་ཐུག་གཏོང་ཐུབ་མཁན་ཧ་ཅང་ཉུང་།  ཐ་ན་མེད་ཅེས་བཤད་ཀྱང་ཆོག   རྒྱག་རེས་མ་བརྒྱབ་པའི་ལོ་འདི་དག་གི་རིང་ལ་ཕོག་ཐུག་ནི་ཕོག་ཐུག་རང་རེད།  བདག་ལ་བརྙས་བཅོས་བྱེད་མཁན་ཡང་ཧ་ཅང་མང་།  དེ་དག་ནི་རྒྱག་རེས་མ་བརྒྱབ་པས་ལན་པ་རེད།  སྙིང་ཉེ་བའི་ཀློག་པ་པོ་ལགས།  འདི་ལྟར་བཤད་ཚེ་ཁྱེད་རང་དགོད་ཁ་འཆོར་ཡང་སྲིད།  ཡིན་ནའང་ངས་ཁྱེད་ལ་དྲང་མོར་བཤད་པ་ཡིན། རང་གིས་ཞིབ་སོམས།

སྤྱིར་ན་དེང་གི་དུས་འདིར་རྒྱག་རེས་རྒྱག་པ་ནི་ཁྲིམས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་གནོད་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་རྨོངས་གཤིས་ཤིག་དང་དུས་འགྲོའི་བྱ་སྤྱོད་འབའ་ཞིག་ཡིན་པ་ཀུན་ཀྱིས་བཤད།ཚང་མས་རྒྱག་རེས་རྒྱག་པ་ལ་དགག་མོད། སྤྱི་ཚོགས་ཧྲིལ་བོ་ཡ་རབས་ཚུལ་མཐུན་ཞིག་ཏུ་མ་འཕེལ་བར་དུ་རང་གཅིག་པུས་ཡ་རབས་རབས་དང་གཉོམ་ཆུང་ཆུང་བྱེད་པ་ནི་རང་གིས་རང་གི་མགོ་ལ་རྡོ་བས་རྒྱག་པ་དང་མཚུངས། ད་ཡིན་ནའང་སྔོན་ཀྱི་སྐད་ཆ་དེ་ཡིན།  བཟང་ལན་ལ་ཇ་ངན་ལན་གཅེན་ལྡུད་མི་ཕོད་པ་ནི་མི་ཐབས་རྡུགས་དང་མི་རིགས་ཐབས་རྡུགས་ཤིག་གི་རང་གཤིས་རང་རེད།  དེ་ལ་དཔྱད་འཇོག་ཅིག་བྱེད་དགོས་ན་བདག་གིས་འཇིག་རྟེན་དུ་གསོན་པའི་ཐོབ་ཐང་མེད་པའི་མི་དང་མི་རིགས་ཞེས་བརྗོད་འདོད། མིའི་རིགས་ཀྱི་ལོ་རྒྱུས་འདི་འདྲ་ཞིག་རེད།  གནའ་ཡིན་ནའང་འདི་འདྲ་ཞིག་རེད།  ད་ཡིན་ནའང་འདི་འདྲ་ཞིག་རེད། བཙན་པོ་རྣམས་ཀྱིས་གཉོམ་ཆུང་རྣམས་ཀྱི་ངལ་རྩོལ་གྱི་འབྲས་བུ་འཕྲོག། ཤ་ཁྲག་འཐུང་། གཡོག་ཏུ་བསྐོས། མི་ལས་ལྷག་པའི་གདུག་རྩུབ་ཅན་ཞིག་མེད་པ་ལྟ་བུར་ཆགས་ཡོད།  དེ་བས་བཙན་པོས་རྣམས་ཀྱིས་གཉོམ་ཆུང་ཟ་བའི་གདུག་རྩུབ་ཀྱི་འཇིག་རྟེན་འདིའི་འགྲོ་ལུགས་མི་རྩི་བར་ད་དུང་གཉོམ་ཆུང་།ཚུལ་མཐུན།བབ་ཆགས་པ་སོགས་གླེང་ཞིང་དེ་བྱེད་པ་ནི་རང་ཉིད་གཞན་གྱི་ཁ་ནང་ལ་གསོན་པོར་བཞག་ལས་གཞན་ཅང་མ་རེད།

བདག་གིས་རྒྱག་རེས་རྒྱོབ་ཟེར་བའང་སྨྱོན་པ་བཞིན་ལག་སྣེར་གར་ཐུག་ཚང་མར་རྒྱོབ་ཟེར་བ་མིན་ལ་ཅིག་ཅིག་མི་བཙན་པོ་འདྲ་ཞིག་བྱེད་དགོས་ཟེར་བ་ཡིན།  མི་བཙན་པོ་ཞིག་བྱེད་ན་རྒྱག་རེས་ངེས་པར་རྒྱག་ཕོད་པ་ཞིག་ཡིན་དགོས་པས་ཡིན།  བཙན་པོ་སྟག་ལྟ་བུ་ཞིག་མིན་པར་གཉོམ་ཆུང་ལུག་ལྟ་བུ་ཞིག་ཡིན་ན་ནམ་ཞིག་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དོན་བཞིན་རང་ཉིད་འཕུང་བར་འགྱུར་བ་ནི་ཆོས་ཉིད་ཅིག་རེད་ཅེས་ཟེར་བ་ཡིན།

བདག་ཅག་གི་མེས་པོ་བཀའ་དྲིན་ཅན་རྣམས་ལ་སྔོན་དཔའ་བོར་བསྟོད་གླུ་ལེན་པ་དང་དཔའ་བོར་དཔའ་དར་འདོགས་པའི་སྲོལ་ཞིག་ཡོད་ལ་དེ་ནི་རིག་གནས་ཤིག་ཡིན་འདུག  མེས་པོ་རྣམས་ཀྱིས་ཡོན་ཏན་ཞིག་འདུག ལྟས་ངན་པ་དེ་སུ་ཞིག་གི་ཁ་ནས་བུད་ཅིང་གང་ཞིག་ནས་དར་མི་ཤེས་མོད།  དཔའ་བོ་དུད་འགྲོ་ལའང་ཡོད།། ཕྱུག་པོ་ཀླ་ཀློ་ལའང་ཡོད།། ཅེས་དཔའ་པོ་དང་ཕྱུག་པོ་རྣམས་ལ་བཟང་བོར་མི་རྩི་བའི་དུས་དེ་ནས་བཟུང་བདག་ཅག་གི་མེས་པོའི་བཞག་པའི་རིག་གནས་འོད་སྟོང་ལྡན་པ་ཞིག་གི་མདོག་ཇེ་ངན་དུ་བུད་སོང་།  དེ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་།

དངོས་གནས་བདེན་པ་རེད།  རིག་པའི་དཔའ་བོའང་མི་རིགས་ཤིག་འཕེལ་རྒྱས་ལ་ཧ་ཅང་མཁོ་ལ།  མིའི་རིགས་འཕེལ་རྒྱས་དང་མིའི་རིགས་ལ་བདེ་སྐྱིད་ཅིག་ལྡན་དགོས་པ་ལ་དེ་ལས་ཀྱང་མཁོ་མོད། རྩལ་གྱི་དཔའ་བོའང་འཇིག་རྟེན་འདིར་གསོན་དགོས་ཚེ་ངེས་པར་དགོས་པ་ཞིག་ག་ལ་མིན། གང་ལྟར་དེ་ནི་དེ་ལྟ་རང་རེད།  རྗེས་མ་གཉོམ་ཆུང་མ་བྱེད་བཙན་པོ་བྱོས། རྒྱག་རེས་རྒྱོབ།