དེ་རིང་སྐད་འཕྲིན་དུ་མོས་ལུས་རྩལ་སྦྱོང་གི་ཡོད་པའི་སྐོར་སྤེལ་འདུག་པས་ངས་ཁྱོད་ཀྱིས་ཧ་རོ་ཁེ་མུའུ་ར་ཁ་མེ་ལ་(村上春树 ཞེས་པའི་ཉི་ཧོང་གི་རྩོམ་པ་གྲགས་ཅན་ཞིག ཁོ་ནི་མ་ར་སོན་(marathon)རྒྱང་རྒྱུག་པ་ཞིག་ཀྱང་ཡིན།) སློབ་སྦྱོང་བྱེད་ཀྱིན་པ་མིན་ནམ། ཁྱེད་ཅག་སྒྲུང་གཏམ་པ་ཚང་མ་མ་ར་སོན་རྒྱང་རྒྱུག་པ་ཡིན་པ་མིན་ནམ་ཞེས་ཀུ་རེ་བརྩེས་པ་ན་མོས་མོ་རང་མལ་(mile)གཉིས་དང་ཕྱེད་ཀ་ཙམ་ལ་མ་གཏོགས་རྒྱུག་ཐུབ་ཀྱི་མེད་ཅེས་ལབ་སོང་།

ངས་མོ་རང་ལོ་ངོ་དྲུག་ལྷག་གི་ཡར་སྔོན་ལ་ངོ་ཤེས་པ་ཡིན་ཏེ། ངེད་གཉིས་བྱང་ཨ་རིའི་སློབ་ཆེན་ཞིག་ཏུ་རྒྱ་ནག་གི་གྲོང་ཁྱེར་གྱི་ཞིང་བ་ལས་བཟོ་བའི་ཐོབ་ཐང་དང་གནས་བབ་སྐོར་གྱི་སློབ་ཁྲིད་ཅིག་ཏུ་ཐོག་མར་འཕྲད་པ་ཡིན། མོ་རང་སྐབས་དེར་སློབ་གླིང་དེ་གར་སྐབས་ཐོག་འཚམས་འདྲི་བའི་མིང་ཐོག་ནས་སླེབས་འདུག་ཅིང་ང་ཡང་དེ་གར་སློབ་ཁྲིད་རེ་གཉིས་ལ་ཟུར་ཞུགས་བྱེད་ཀྱི་ཡོད། ངེད་གཉིས་ཞུགས་པའི་སློབ་ཁྲིད་དེར་རྒྱའི་མི་རྒྱུད་ཡིན་པའི་ཨ་རི་བ་ཧ་ཅང་མང་ལ་དེ་མིན་མི་དཀར་ཡང་ཁ་ཤས་འདུག ཡིན་ནའང་ངེད་གཉིས་ཀ་གསར་འབྱོར་ཡིན་པས་སློབ་ཁྲིད་ཀྱི་བགྲོ་གླེང་ལ་ཞུགས་རྒྱུར་དེ་འདྲ་གོམས་མེད་ཅིང་སློབ་ཁྲིད་སྐབས་སུ་ཁ་གྲགས་པ་གཞན་དང་བསྡུར་ན་ཉུང་། ཨ་རི་བ་རྣམས་ནི་ཆུང་དུས་ནས་བགྲོ་གླེང་དང་གཏམ་བཤད་ཕྱོགས་ནས་སྐྱེད་སྲིང་ཡག་པོ་བྱས་འདུག་པས་སློབ་ཁྲིད་སྐབས་བསམ་ཚུལ་བརྗོད་པར་སྣང་དོགས་སྤུ་ཙམ་ཡང་མི་འདུག ང་རང་ཆུང་དུས་ནས་སྨྲ་བ་ཅུང་ཟད་ཉུང་བའི་གྲས་སུ་གཏོགས་པས་ན་སློབ་ཁྲིད་སྐབས་སུ་བགྲོ་གླེང་ལ་ཞུགས་རྒྱུ་དེ་གནས་སྐབས་ཙམ་ལ་ཁག་པོ་བྱུང་ཞིང་མོ་ཡང་བལྟས་ཚོད་ཀྱིས་སྨྲ་བ་ཅུང་ཟད་ཉུང་བར་སྣང་།

ངེད་གཉིས་གཟའ་འཁོར་རེར་ཐེངས་རེ་ཡོད་པའི་སློབ་ཁྲིད་སྐབས་སུ་ཐུག་པ་ལས་གཞན་ངས་མོ་རང་དཔེ་མཛོད་ཁང་གི་སྒོ་ཁར་ཡང་ཐེངས་ཁ་ཤས་ལ་མཐོང་མྱོང་ཡོད་དེ། ངས་མོ་རང་དེ་གར་འགྲེང་ནས་ཐ་མག་འཐེན་བཞིན་པ་ཐེངས་ཁ་ཤས་ཤིག་ལ་མཐོང་སོང་། སྐབས་དེར་ངེད་གཉིས་གང་དུ་ཐུག་ན་དེར་བདེ་འཚམས་སྟབས་བདེ་རེ་ཞུ་བ་ལས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་མྱོང་མེད། ཕལ་ཆེར་བདུན་ཕྲག་རེ་གཉིས་ཀྱི་རྗེས་སུ་སློབ་ཁྲིད་དེར་ཞུགས་པའི་སློབ་ཕྲུག་ཚོས་བཙུགས་པའི་ངོ་དེབ་(Facebook)ཚོགས་པ་ཞིག་བརྒྱུད་ངེད་གཉིས་གྲོགས་པོ་ཆགས་སོང་། དེར་བརྟེན་ངེད་གཉིས་ཀྱིས་མཚམས་ལན་རེར་ཡི་གེ་བསྐུར་ནས་ཁ་བརྡ་རེ་བྱས་པ་ཡིན་ཞིང་། མོས་ང་ལ་མོ་རང་དཀར་ཟས་རིང་ལུགས་པ་ཞིག་ཡིན་ཚུལ་དང་སྐབས་ཐོག་དེར་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་རྡལ་ཆུང་ཆུང་ཞིག་བརྗོད་གཞིར་བྱས་པའི་སྒྲུང་རིང་ཞིག་འབྲི་གིན་ཡོད་ཚུལ་སོགས་ཀྱང་ལབ་སོང་།

ཡང་སྐབས་དེ་དུས་ཤིག་ལ་ངས་དྲ་རྒྱའི་ལམ་ནས་མོ་རང་སུ་ཡིན་འཚོལ་ཞིབ་ཅིག་བྱས་དུས་ད་གཟོད་མོ་རང་རྒྱ་ནང་སྐད་གྲགས་ཧ་ཅང་ཆེ་བའི་སྒྲུང་གཏམ་པ་ཞིག་ཡིན་པ་ཤེས་ཤིང་ཁྱད་པར་དུ་ཀློག་པ་པོ་མང་པོས་མོར་མཛེས་མ་རྩོམ་པ་པོའི་ཆོ་ལོ་ཡང་བསྩལ་ཡོད་འདུག མོ་རང་དངོས་གནས་མཛེས་མ་ཞིག་འདུག་སྟེ། དེ་ནི་ཁས་མི་ལེན་རང་ལེན་བྱེད་དགོས་པའི་དོན་དག་ཅིག་རེད། ཁྱད་པར་མིག་གཉིས་སྒོར་ལ་ཆེ་བ་དེས་ནི་ལྷག་ཏུ་བརྒྱན་འདུག ཡང་སྐབས་དེར་མོས་ངོ་དེབ་ཏུ་སྤེལ་བའི་འདྲ་པར་དག་ལས་མོར་ང་ཚོ་ཡོད་སའི་སློབ་གྲྭ་དེ་གར་དགའ་རོགས་ཤིག་ཡོད་པ་ཤེས་ཐུབ་སྟེ། ཁོ་གཉིས་ཀྱིས་འཇར་མན་གྱི་སྦུར་བ་(Volkswagen Beetle ཞེས་པའི་རླངས་འཁོར་ཆུང་བ་ཞིག)ཞིག་བཏང་ནས་ཆུ་ཚོད་གཉིས་ཙམ་གྱིས་སླེབས་ཐུབ་པའི་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འགྲམ་དུ་བསྐྱོན་པའི་པར་མང་པོ་མཐོང་ཐུབ་ཀྱི་འདུག  ཡིན་ནའང་ཡུན་རིང་མ་ཕྱིན་པར་མོ་རང་ཕྱིར་མོའི་ཕ་ཡུལ་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་དེར་ལོག་སོང་།

རྗེས་སུ་ང་རང་མོར་ཐེངས་གཅིག་ལ་ཐུག་མྱོང་སྟེ། ང་རང་དབྱར་གཞུང་ཞིག་ལ་ལས་ཀའི་ཕྱིར་མོ་རང་ཡོད་སའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེར་སོང་བ་ཡིན་ཞིང་། དགོང་མོ་དེར་ང་རང་གྲོང་ཁྱེར་དེའི་ཆང་ཁང་མིང་མཚར་བོ་ཅན་ཞིག་ཏུ་མོས་བོས་པ་བཞིན་སོང་བ་ཡིན། ང་རང་སྡོད་སའི་མགྲོན་ཁང་གི་སྒོ་ཁར་གླ་གཏོང་ཞིག་ལ་བསྡད་དེ་ཆང་ཁང་ལ་སླེབས་དུས་ཕལ་ཆེར་མཚན་མོའི་ཆུ་ཚོད་དགུ་བ་ཡས་མས་ཤིག་ཡིན་ཞིང་། དེར་མོ་དང་རྗེས་སུ་མོའི་ཁྱོ་གར་གྱུར་བའི་དབྱིན་ཇི་བ་དེ། ད་དུང་རྒྱ་མི་རྒན་པོ་ལོ་ལྔ་བཅུར་ཉེ་བ་ཞིག་བཅས་འདུག་ཅིང་མོས་ཁོ་གཉིས་རེ་རེ་བཞིན་ང་ལ་ངོ་སྤྲོད་བྱས་ཤིང་ངས་ཀྱང་ལག་འཇུ་བྱེད་ཞོར་དུ་ང་རང་ངོ་སྤྲོད་བྱས་པ་ཡིན། ཁོ་ཚོས་ཕྱི་གླིང་གི་ཆང་རག་ཝེ་སི་ཀེ་(whiskey)དང་རམ་(rum)སོགས་བཏུང་གིན་འདུག་པས་ངས་ཀྱང་ཝེ་སི་ཀི་ཡི་རིགས་པིར་བྷིན་(bourbon)ཕོར་བ་གང་མངགས་རྩིས་བྱས་པར་ཤེལ་ཕོར་དང་པོ་དེ་མོས་མགྲོན་བྱེད་དགོས་ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱས་པས་ངས་ཀྱང་དང་ལེན་བྱས་པ་ཡིན། ཆང་ཁང་དེ་ནི་ནུབ་ཕྱོགས་ལུགས་ལྟར་བཟོས་པ་ཞིག་རེད་འདུག་ཅིང་ཆུ་ཚོད་བཅུ་གཅིག་མ་ཟིན་བར་དུ་གྷེ་ཐར་དཀྲོལ་བཞིན་གཞས་གཏོང་མཁན་ཞིག་ཀྱང་འདུག་པས་ཁ་བརྡ་བྱེད་དུས་ཕན་ཚུན་གྱི་རྣ་ཁར་གཏད་ནས་མ་ལབ་ན་ཕ་རོལ་པོས་གོ་ཐུབ་ཀྱིན་མི་འདུག

ཆུ་ཚོད་བཅུ་གཅིག་པའི་རྗེས་ལ་གཞས་གཏོང་མཚམས་བཞག་པས་ང་ཚོ་ཁ་བརྡར་ཞུགས་པ་ཡིན། རྒྱ་མི་རྒན་པ་དེ་ཚོང་བ་ཞིག་ཡིན་རབས་བཤད་ཅིང་མོས་ལབ་ན་ཁོ་ལ་ཁ་མཚར་མང་པོ་ལབ་རྒྱུ་ཡོད་པ་དང་ཁོ་ནི་མོའི་བརྩམས་ཆོས་ཀྱི་རྒྱུ་ཆའི་ཁུངས་གཙོ་བོ་ཞིག་ཡིན་ཚུལ་ཡང་ལབ་སོང་། དབྱིན་ཇི་བ་དེ་ནི་རྒྱའི་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་འདུག་ཅིང་ཁ་བརྡ་བྱས་པ་བརྒྱུད་ཁོ་རང་ཐེངས་ཤིག་བོད་པ་འགའ་དང་འཛིང་མོ་བཀྱེས་ཏེ་རྨས་སྐྱོན་ཐེབས་ནས་སྨན་ཁང་ལ་འགྲོ་མྱོང་བ་ཡང་ཤེས་ཤིང་། མོས་དེ་ནི་ཕྱོགས་གཉིས་ཀར་སྐྱོན་ཡོད་པ་རེད་ཟེར་ནས་ཁོའི་ཁ་བཀག་སྟེ་དེའི་སྐོར་ཞིབ་ཕྲ་གླེང་དུ་བཅུག་མ་སོང་། ཆུ་ཚོད་བཅུ་གཉིས་ལོན་ཙམ་ལ་ང་ཚོས་ཕན་ཚུན་ལ་གྱེས་བརྡ་ཞུས་ནས་ཕྱིར་རང་མལ་དུ་ལོག་རྩིས་བྱས་ཤིང་། ང་དང་རྒྱ་མི་རྒན་པ་གཉིས་འགྲོ་ཕྱོགས་མཐུན་པས་གླ་གཏོང་རླངས་འཁོར་གཅིག་ལ་འདུག་རྒྱུ་བྱས། རླངས་འཁོར་དུ་རྒྱ་མི་དེས་ང་ལ་ “མོ་རང་སྔོན་མ་ངའི་དགའ་རོགས་ཡིན་མོད་ད་ལྟ་ཕྱི་རྒྱལ་བ་གན་ལ་འགྲོག་གིན་འདུག མོའི་རྣམ་འགྱུར་ལ་བལྟས་ན་མོ་རང་ཁྱོད་ལ་སྤྲོ་བ་འདུག་པས་མོས་དོ་ནུབ་ཅིའི་ཕྱིར་སྤུ་སེར་གན་ཁྲིད་འོངས་པ་ཡིན་ནམ།” ཟེར།  ངས་ཁོ་རང་ལ་ “ཧེ་ཧེ།” ཞེས་པ་ལས་ལན་ཅི་ཡང་མ་བཏབ་ལ་འདེབས་ཀྱང་ཤེས་མ་སོང་།