དགེ་བཅུའི་ཁྲིམས་དང་འབྲེལ་བ་ཡོད་མེད་ཅིག

–ཟུར་ངོས་གཞན་ཞིག་གི་གླེང་སློང་ཐོལ་བྱུང་མ།
འུར་ཆ་པ།

སྐུ་ཞབས་ཐེའུ་རང་ལགས་ཀྱིས་གསེར་བྲག་སོགས་ལ།             ཉེ་བའི་ཆར་ལ་ང་རང་ཚོའི་ཕྱི་ནང་གི་ཁོར་ཡུག་གང་ཡིན་ཀྱང་། སྒྲིག་གཞི་དང་བཀས་བཅད་ཅིག་གི་འོག་རིམ་ན་གནས་ཡོད་པ་རེད། མ་ཟད། མིའི་ལྷན་སྐྱེས་ཀྱི་ཀུན་སྤྱོད་མོད་པོ་ཞིག་ལ་ཁྲིམས་ཞེས་པའི་ལུགས་སྲོལ་འདི་ཡིས་ཚད་བཀག་དང་སྒྲོམ་གཞི་ནན་པོ་ཞིག་བཟོ་བཞིན་ཡོད་པ་རེད། དེ་ལྟར་ན་སྐྱེ་འགྲོ་མིའི་གཉུག་གཤིས་ཀྱི་ཀུན་སྤྱོད་ལ་ཚད་ཤིང་དང་སྤྱི་འགྲོས་ཤིག་བཟོས་ཡོད་པ་ནི་ཁ་གསལ་ངེས་གསལ་ལགས།

             འོ་ན་ད་རེབ་ངེད་ཀྱིས་འདི་ལ་ཇི་ལྟར་དུ་བལྟ་བ་ཡིན་ཞེ་ན། སྔུན་ལ་བརྗོད་དགོས་པ་དང་གོ་དགོས་པའི་སྐད་ཆ་ཞིག་ནི་ང་ཚོའི་གང་ཡིན་སར་དེ་བཅའ་མི་ཆོག་པ་དང་། འདི་བསྒྲུབ་མི་ཆོག་པའི་ཁྲིམས་ཞེས་པ་འདི་ལ་རིན་ཐང་བླ་ལྷག་ཅིག་ཡོད་ལེ་སྲིད་མོད། ངོས་ཀྱི་མཐར་ཐུག་གི་འབབ་ས་ནི་དེ་མིན་པས་ན། འདི་ཕྱོགས་ཀྱི་བསམ་ཚུལ་ཁ་རུ་ཁ་ཐུག་མ་རེ་གླེང་རྒྱུ་ནི་འགན་ལ་བབས་པ་ཞིག་རེད། ང་ཚོའི་འགྲོ་བ་མིའི་རིགས་ཐོག་མར་བྱུང་བ་ནས་བཟུང་། རྩུབ་སྤྱོད་དང་དམུ་རྒོད། ཀླ་ཀློ་ཞེས་སྲིན་པོ་ཤ་གཟན་གྱི་ལོ་རྒྱུས་བྱུང་མྱོང་ཡོད་པ་དང་། རྗེས་ནས་སྤྱི་ཚོགས་དང་ཁོར་ཡུག་ལ་སོགས་པའི་འགྱུར་ལྡོག་གི་དབང་གིས། སྔོན་གྱི་མངའ་ཁོངས་རྩོད་ལེན་དང་དབང་ཆ་གཡོ་འཕྲོག་གི་འགྲན་རྩོད་ཀྱི་དམག་འཁྲུག་རེ་ཞིག་མཚམས་བཞག་ནས། དུས་རབས་ཉེར་གཅིག་པའི་ཚན་རྩལ་གྱི་ཀློང་བརྡོལ་བའི་སྤྱི་ཚོགས་འདིར་སླེབས་རྗེས། གོ་ལའི་སྒང་གི་མི་རིགས་དང་མི་རིགས། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲན་རྩོད་ནི་ཤོག་བུ་དང་སྙུ་གུ་ཡི་འགྲན་རྩོད་རེད་པས། ད་ཆའི་མི་དང་མིའི་བར་ལ་དཔལ་ཡོན་རིག་གནས་སོགས་ནང་སེམས་ཀྱི་མཛེས་ཆས་ཤིག་གིས་སྤྲས་ནས་འོང་གིན་འདུག་ཀྱང་། འདི་ལ་ཁྲིམས་ཞེས་པའི་ལོགས་གཞན་པའི་གཉའ་ཆགས་གཏོང་བྱེད་ཀྱི་གཉའ་ཤིང་སྒུར་བོ་རེ་བསྐོན་ཡོང་བ་འདི་ནི་ཨ་ཙ་མ།

             ལར་ཁྲིམས་ཞེས་པ་འདི་གཟུག་དགོས་པའི་རྒྱུ་མཚན་ནི་སྤྱོད་ལམ་དང་སྒྲིག་གཞི་སོགས་མི་འཆོལ་བའི་དོན་ཡིན་མོད། ང་ཚོ་ཤེས་ཡོན་དང་བསམ་བློ་ལྡན་པ། ནང་སྒོས་མི་གཞིའི་ཀུན་སྤྱོད་ལྡན་པ་ཞིག་ཡིན་ན། དེར་གཞན་ཞིག་གི་སྒྲིག་འཛུགས་འོག་ནས་འདུག་དགོས་དོན་རྩད་ནས་མེད་པ་དང་། གཞན་སོགས་ཀྱིས་ཀྱང་འདི་ཁྲིམས་ཡིན་ཞེས་དེབ་རྒན་དམར་ལྡང་མ་རེ་བརྩམས་དང་བཅས་དགོས་དོན་ཡེ་ནས་མེད་དེ། རྒྱལ་ཁབ་ཅིག་ལ་མཚོན་ནའང་རྒྱལ་དམངས་ཀྱི་བསམ་བློའི་རྟོགས་སད་ཤིན་ཏུ་རབ་ཏུ་མཐོ་གྲས་སུ་སླེབས་ཡོད་པ་དང་། མ་ཟད། མི་སོ་སོའི་ངོས་ནས་སོ་སོའི་ཀུན་སྤྱོད་ཀྱི་རྣམ་གཞག་སྲུང་གཙི་བྱས་ཐུབ་པ་ཡིན་ན། སྔོན་མར་བཅས་ཟིན་དང་བཅའ་འཆར་གྱི་ཁྲིམས་སོགས་ཀྱང་ལྷག་མའི་ལྷན་པ་བརྩེགས་མ་ཞིག་མིན་ནམ་ཅི།

             ང་ཚོའི་ཉེ་འཁོར་གྱི་དགོན་སྡེ་རེ་ཟུང་གི་ནང་ལ་ཡང་དེ་བཞིན་ཁྲིམས་ཞེས་པའི་ལུགས་སྲོལ་འདི་འདྲ་ལེ་བཙུགས་ཡོད་པ་རེད། དེ་ལ་ང་ཚོས་ཆོས་ཁྲིམས་ཞེས་བསྙད་ཀྱང་རུང་སྟེ། དཔེར་ན་བུད་མེད་རྣམས་རྒོངས་ཀར་གྲྭ་པའི་གྲྭ་ཤག་ནས་ཞག་སྡོད་བྱས་མི་ཆོག་པ་ནི་མང་མང་ཁྲོད་ཀྱི་དཔེ་མཚོན་གཅིག་རེད། བར་སྐབས་ང་ཚོས་ལོ་རྒྱུས་ཀྱི་རྟ་ཁ་ཕྱིར་ཅུང་ཙམ་གཅུས་ན། བདག་ཅག་གི་སྟོན་པ་གང་དེས་དགེ་སློང་གི་འདུལ་ཁྲིམས་མང་བོ་ཞིག་འཛུགས་དགོས་པའི་རྒྱུ་མཚན་དེ་ནི། སྟོན་པ་དགེ་སློང་དེ་ཚོར་བརྒྱ་ཁ་གཅིག་ཆོད་ཀྱི་ཡིད་ཆེས་ཤིག་ཏན་ཏན་ཡོད་ཚོད་མིན་པས་རེད་ལ། སངས་རྒྱས་ཀྱི་བསྟན་པ་མུ་མཐུད་ནས་རྒྱུན་བསྐྱངས་ཤིང་དར་སྤེལ་མཛད་འདོད་ན། འདི་དོན་གཉེར་མཁན་ཅག་ལ་ངེས་པར་སྒྲིག་གཞི་དང་མཚམས་ཚིགས་ཤིག་འཇོག་དགོས་སོང་བ་རེད། གལ་ཏེ་དགེ་སློང་དེ་ཚོ་སླད་མར་འཆལ་སྤྱོད་ཀྱི་ལམ་དུ་ཞུགས་པ་ཡིན་ན། ཐུབ་བསྟན་རིག་གནས་འདིའི་འཛིན་སྐྱོང་སྤེལ་གསུམ་གྱི་ཆ་ལ་གནོད་ངེས་པས། གོ་བདེ་མོར་བཤད་ན་དགེ་སློང་གི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སོགས་བཙུགས་ཡོད་པའང་དེ་ཡིས་ཆེད་དུ་མ་ཡིན་ནམ། གལ་ཏེ་དགེ་སློང་ཚོ་ལ་ཀུན་སྤྱོད་ཀྱི་ངོས་ནས་རང་གཅུན་རང་ཚུགས་བཏུབ་པ། ཁས་ལེན་ཁས་འཆེས་ཐུབ་པ་ཞིག་སྟེ། སྔར་བཅས་པའི་དམ་ཚིག་སྲུང་མཁས་ཤིང་། དེ་ཡི་ཐོག་ལ་རང་གི་བློ་སྟོབས་བརྟན་ཞིང་བརླིང་བ་སོགས་ཡིན་ན། ཁྲིམས་ནི་རང་བཞིན་གྱིས་བཟོས་ཤིང་གྲུབ་ཡོད་པ་ཞིག་རེད་འདོད། དེ་མ་གཏོགས་ངས་ནི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག གསར་དར་དགེ་བཅུའི་ཁྲིམས་ནག་སོགས་བཙན་བཀས་ལག་ཏུ་བསྟར་ཞིང་། ཆོས་སྒོ་རྒྱག་པའི་སྣང་ཚུལ་སོགས་ལས་སྡུག་རྩུབ་སྒོས་འཛུགས་དགོས་པའི་རྒྱུ་མཚན་ཡེ་ནས་རྟོགས་མ་བྱུང་ལ། གྲྭ་པ་ཚོས་རང་རྒྱུད་ཀྱི་སྡོམ་པ་སྲུང་མཁས་པོ་ཞིག་ལ་མཚོན་ན། གོང་ནས་དཔེར་མཚོན་ཙམ་བཤད་པའི་བུད་མེད་རྣམས་གྲྭ་ཤག་ནས་ཞག་སྡོད་བྱས་མི་ཆོག་པའི་རྒྱུ་མཚན་ཡང་ཁྱོན་ནས་རྙེད་རྒྱུ་མ་བྱུང་།

             ང་ཚོའི་བོད་མི་བྱིངས་ལ་ཁ་བྱང་རྣ་བྱང་དུ་སོང་ཡོད་པའི་བཤད་རྒྱུན་ཞིག་སྟེ། མི་སྒྲིག་འོག་ནས་སྐྱིད། །རྟ་རྒྱགས་འོག་ནས་སྐྱིད། །ཅེས་ཆེ་ཕྱོགས་ནས་མི་རིགས་དང་རྒྱལ་ཁབ་བཤད་མ་དགོས། ཆུང་ཕྱོགས་ནས་སྒེར་གཉེར་གྱི་ཚོགས་པ་དང་ཚན་ཆུང་ཙམ་ལའང་སྒྲིག་ཁྲིམས་རི་འདྲ་བ་བཅའ་དགོས་ཞེས་པའི་བསམ་ཚུལ་ཡོད་དོན་ག་རེ་འམ། ང་ཚོའི་ཉེ་འཁོར་དུ་འང་གང་དུ་འགྲོ་མི་ཆོག་པ་དང་བཤད་མི་ཆོག་པ། ཡང་ན་ལས་མི་ཆོག་པ་སོགས་ཁྲིམས་ལུགས་ཀྱི་བཀའ་རྒྱས་བཙིར་ཞིང་རྡེག་གིན་པ་ནི། དོན་ལ་ང་ཚོའི་རྒྱུད་ཀྱི་ཀུན་སྤྱོད་ཤིན་ཏུ་རབ་ཏུ་དམའ་སོང་བས་མ་ཡིན་ནམ། དེ་མ་གཏོགས་དངོས་གནས་བཅས་ཁྲིམས་མེད་ས་ན་སྐྱག་ཁྲིམས་ཀྱི་ཁ་ཤོམ་དག་ལའང་བདེན་ཁ་མི་སྤྲོད་ཐབས་མེད་རེད་འདུག བརྒྱ་ལ་ཁྲིམས་ཞེས་པ་འདི་ལ་དམིགས་བསལ་གྱི་ཕན་ནུས་ཤིག་ཡོད་ཚོད་མོད། དེའང་གཤིས་གྱོང་དང་མཁྲེགས་འཛིན། མུན་ནག་གི་ཁོར་ཡུག་དང་རུལ་སུང་གི་སྤྱི་ཚོགས་ལས་ཐར་གིན་མེད་པའི་མི་རབས་ཤིག་ལ་ལྷག་ཏུ་སྨན་ནུས་རྒྱ་ཆེ་ཞིང་། དགེ་མཚན་ཀྱང་བླ་ལྷག་ཅིག་མཆིས་སྲིད་མོད། ངོས་ནི་དེ་དུས་ཀྱི་གནས་བབ་ལས་རིང་དུ་བརྒལ་ཏེ། ཡོད་ཚད་རང་ཉིད་ནས་འགོ་རྩོམ་སྟངས་དང་ལས་བགྱི་སྟངས་དེ་ལ་གཞིག་ན། གཙོ་བོ་གྲུ་བཞི་དང་ཟུར་གསུམ་གང་རུང་གི་བཅས་ཁྲིམས་ཤིག་གི་ཐུ་འོག་ནས་འདུག་དགོས་དོན་མེད་པར། ཡོད་ཚད་རང་ཉིད་ལ་རེག་ལས་པ་དང་། རང་ཉིད་ཀྱིས་འདི་བྱས་དེ་ཉེས་སོགས་ཐལ་མཐའི་སྤྱོད་ལམ་དག་རིང་དུ་དོར་ནས། རང་གཅུན་རང་སྡོམ་དང་གསལ་བོ་བཤད་ན་རང་གིས་ལས་སྣ་གང་ཞིག་རྩོམ་བཞིན་པའི་སྐབས་སུ་གཞན་གྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་མི་རུང་བའི་རྩ་དོན་རྒྱུད་ལ་འབྱོར་བ་ཡིན་ན། དེ་ནི་ཀུན་སྤྱོད་ཡིན་ལ་ཁྲིམས་ཀྱང་ཡིན། ང་ཚོས་ང་ཚོ་རང་ཉིད་དང་བཅས་པ་ཁྲིམས་ཞེས་པའི་རྭ་བ་ཀོར་ཀོར་ཞིག་ཏུ་འཇུག་དགོས་པའི་རྩ་བ་ཡང་དེ་ཡིན་ངེས་སོ།།

             དེ་བས་ངས་རང་གི་ཟུར་ངོས་གཞན་ཞིག་གི་ལྟ་ཚུལ་འདི་ཙམ་བཟུང་ནས། ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་ནི་རྟོགས་སད་དམའ་བའི་མི་རིགས་ཤིག་ལ་མཚོན་ན་ཏན་ཏན་འབྲེལ་བ་ངེས་ཅན་ལྡན་ལ། ཤེས་འཇོན་མཐོ་བའི་མི་རིགས་ཤིག་ལ་མཚོན་ན་ཁྲིམས་ཀྱི་རྨང་གཞི་དང་རྨང་རྟེན་བཀན་མོ་ཞིག་ལས་འཕེལ་རྒྱས་ཡོང་བ་ནི་གཞིར་བཞག་ཡིན་མོད། འདི་གཉིས་མཐའ་གཅིག་ཏུ་ལྡོག་འདུག་ཅེས་ཟེར་ཡང་མི་ཆོག་པ་ནི་མེད་དེ། རྒྱུ་མཚན་ཁྲིམས་ལུགས་ནི་གཞན་བརྟེན་གྱི་བཀའ་རྒྱ་ཞིག་གིས་བཙིར་ནས་འོངས་པ་དང་། ཀུན་སྤྱོད་ནི་རང་རྟོགས་ཀྱི་འདུ་ཤེས་ཤིག་གིས་བསྐྱང་ནས་འོང་རྐྱེན། ང་ཚོ་ད་ལྟ་དང་ད་དུང་ཡིན་ཡང་། ཁྲིམས་ལུགས་ལ་རིན་ཐང་ཡོད་མེད་དང་། ཁྲིམས་ལུགས་ལ་བརྟེན་ནས་རང་གི་སྤྱོད་ལམ་ཚོད་འཛིན་དང་འགན་ལེན་གྱི་འདུ་ཤེས་མཐོར་འདེགས་གཏོང་དགོས་ཚུལ་ལབ་པ་ནི་ང་ཚོའི་གནས་བབ་ག་འདྲ་ཞིག་ཏུ་ལྷུང་ཡོད་མེད་ཀྱི་རྟགས་ཤིག་རེད་འདོད། དེ་ག་རང་དུ་འདུག་པས། ངོས་ཀྱིས་མི་རིགས་ལ་གལ་ཞིང་འགངས་པའམ། ཡང་ན་མི་རིགས་ཀྱི་མཐར་གཏུག་གི་དམིགས་ཡུལ་ལམ་འབབ་ས་ཕྱི་མ་༼སུ་དང་གང་ཞིག་གིས་བཙན་དང་ཚོད་ཀྱིས་སྒེར་པས་བཅས་པ་ཞིག་མིན་པར། ཐུན་མོང་བའི་འདོད་མོས་དང་རང་བཞིན་གྱི་བྱུང་བའི་དམངས་གཙོའི་ཁྲིམས་སྲོལ།༽དེར་གདམ་ཀ་དང་འཚོལ་སྙེག་བྱས་ན་ནི། གོ་ལའི་སྒང་གི་མི་དང་མིའི་བར་གྱི་འབྲེལ་བ་སོགས་ཀྱང་སྔར་ལས་རང་བཞིན་གྱི་མཛེས་སྡུག་དང་གཟི་མདངས་ལྡན་པ་ཞིག་ཏུ་འགྱུར་ཡང་སྲིད་དོ།། མ་གཏོགས་འུ་ཚོའི་ས་ནས་ལས་སྣ་གང་ཡང་ཆོག་མཆན་ཞིག་གི་ཡིག་ངོ་མི་ངོ་བརྒྱུད་ནས་འགྲོ་དགོས་ལ། བརྒྱ་ལ་དེ་ག་གཏོར་ཞིང་བཤིག་པའི་སྣང་ཚུལ་ཡ་ཡོ་ཞིག་མངོན་པ་ཡིན་ན། ཁྲིམས་པར་བརྩི་བའི་ཁྲིམས་སྲོལ་ནི་ཤིན་ཏུ་ཚ་གཅུན་བེར་བེར་དང་འཇིགས་སྣང་ཡེར་ཡེར་ཞིག་འདུག་མོད། ཡིན་ཡང་། ནམ་རྒྱུན་ཟས་ལྷག་བཏུང་འཕྲོ་མཁན་ལ་ཤས་ཀྱིས་བརྡལ་བཤིག་གི་དོན་འདི་ག་སྣང་ལ་ཇི་ལྟར་ངེས་ཏེ། ནམ་ཡང་ངེས་སྲིད་མི་སྲིད། དེ་ནི་ཁོ་པ་ཚོའི་མཆན་འོག་གི་བཅས་ཁྲིམས་ཞེས་དེབ་རྒན་གང་དེའི་ཚིག་རིས་ནི། དམངས་ཕྱོགས་དང་བྱིངས་ཕྱོགས་ཀྱི་མཐུན་ཁར་མི་སྦྱོར་པར། དེ་ནི་སྒེར་པས་བཅད་ནས་སྒེར་པར་འོས་པའི་ལས་སྣ་དག་ལ་འཇུག་སྟངས་ཁོ་ན་ལས། གཞན་ཞིག་ནི་གང་གི་གང་ཨང་།

–ཞེས་པ་འདི་ཡང་སྔོན་མའི་རྩོམ་ཡིག་ཅིག་གི་ཁ་གསབ་ཏུ་དེ་མྱུར་བྲིས་པའོ།།