ཉིན་དེ་ནི་སྤྱི་ལོ༢༠༡༥ལོའི་ཟླ༥ཚེས༡༠ཉིན་ཡིན་ཞིང་རྒྱལ་སྤྱིའི་ཨ་མའི་དུས་ཆེན་རེད། དྲ་གྲོགས་རྣམས་ཀྱིས་པོད་འཕྲིན་དང་ཕྲ་འཕྲིན། ད་དུང་QQལ་སོགས་པའི་དྲ་ངོས་གང་ས་གང་དུ་བརྙན་ཐུང་དང་རོལ་མོ། རི་མོ། འདྲ་པར་སོགས་གང་མང་སྦྱར་ཏེ་བོད་རྒྱ་དབྱིན་གསུམ་གྱིས་ཨ་མའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་འདུག དེའི་ཤུགས་རྐྱེན་གྱིས་སྤྱིར་ཡིན་ན་ངས་ཀྱང་རྟེན་འབྲེལ་གྱི་ཤིས་ཚིག་འགའ་འབྲི་འདོད་མོད། ལ་ལ་ཞིག་ལ་རྒྱུ་རྐྱེན་གང་མང་གི་དབང་གིས་ཆུང་དུས་ནས་ཨ་མ་མེད་པ་དང་ལ་ལའི་ཨ་མ་འཇིག་རྟེན་འདི་དང་གྱེས་ནས་དུས་ཡུན་རིང་བོ་འགོར་མེད་ཅིང་ད་དུང་གདུང་བ་དེ་ལས་སེལ་ཐུབ་མེད་པའང་ཡོད་སྲིད་པས་དེ་ཚོས་མཐོང་ན་ཡིད་སྐྱོ་བར་སྙམ་སྟེ་རེ་ཞིག་ཁ་རོག་གེ་བར་བསྡད། བདག་ནི་དྲན་རྒྱུ་མང་བའི་མི་ཞིག་ཡིན་སྟབས་གློ་བུར་དུ་ཤིས་ཚིག་དེ་དག་བྲིས་པ་ཅི་འདྲ་ཡིན་ཞིང་གཞན་དང་མི་མཐུན་པའི་ལྟ་བ་ཡོད་དམ་སྙམ་སྟེ་ཡང་བསྐྱར་ཕྲ་འཕྲིན་གྱི་སྤེལ་བརྗོད་བྱེད་སའི་དྲ་ངོས(微信朋友圈)ལ་བལྟས། དེར་དྲ་གྲོགས་རྒྱ་མོ་ཞིག་ཡོད་པ་དེས་ཁོ་མོ་དང་ཕན་ཚུན་འཐམ་འདུག་པའི་བརྩེ་དུང་མཚོན་བྱེད་ཀྱི་འདྲ་པར་འགའ་སྤེལ་ཡོད། བལྟས་ཙམ་གྱིས་མོ་དང་འཁྱུད་འདུག་པའི་གསར་བུ་དེ་ནི་ངོ་ཤེས་ཤིག་ཡིན་པ་འདྲ། འདྲ་པར་ཇེ་ཆེར་བཏང་སྟེ་བལྟས་པ་ན་དེ་ནི་བདག་གི་ཆུང་དུས་ནས་མཉམ་དུ་ནར་སོན་པའི་གྲོགས་པོ་རྡོ་བྷ་རེད། ཁོ་ཆུང་དུས་ནས་རྒྱ་ཡི་སློབ་གྲྭར་སོང་ཡང་མི་རིགས་ཀྱི་འདུ་ཤེས་ཅུང་དྲག་པོ་ཡོད་ཅིང་རྒྱུན་དུ་ཡང་བོད་སྐད་དག་མ་བཤད་མཁན་ཞིག་ཡིན། ཁོ་ནི་ལོ་གསུམ་ཙམ་གྱི་སྔོན་ལ་བཟའ་སྒྲིག་བྱས་པ་ཡིན་ཞིང་ཆུང་མ་ཡང་དཔའ་ལུང་གི་བོད་མོ་ཞིག་ཡིན། འོན་ཀྱང་རྒྱུ་རྐྱེན་གང་ཡིན་མ་ཤེས་མོད་ད་ལོའི་ལོ་འགོར་ཁོ་གཉིས་ཐོར་སོང་། ཁོ་གཉིས་ལ་བུ་ཞིག་ཡོད་པས་ངས་ཁོ་དང་ཁ་བརྡ་བྱེད་དུས་ཁྱེད་གཉིས་ཀྱི་བྱིས་པ་ནར་སོན་རྗེས་རྒྱ་ཡིག་འདོན་དུ་འཇུག་གམ་བོད་ཡིག་འདོན་དུ་འཇུག་རྒྱུ་ཞེས་དྲིས་པར་ཁོས་ཐེ་ཚོམ་ཇི་ཡང་མེད་པར་བོད་ཡིག་འདོན་དུ་འཇུག་ངེས། རྒྱ་རུ་ལོག་ཏུ་མི་འཇུག་ཁོ་ཐག་ཡིན་ཟེར། འོན་ཀྱང་ངའི་དྲ་གྲོགས་རྒྱ་མོ་འདི་ད་ལྟ་ཁོའི་མཛའ་གྲོགས་རེད། ཡིན་ན་ཡིན། དེར་སྐྱོན་མི་འདུག ཚང་མ་ན་གཞོན་རེད། རྩེད་འདོད་པ་དེ་རེད། ཡིན་ཡང་ངས་རྒྱ་མོ་དེར་ཁ་བརྡ་ཞིག་བྱས་པའི་རྗེས་ནས་ང་རང་འདང་རྒྱག་ཞིག་གི་ནང་དུ་ལྷུང་སོང་། བཤད་པ་ལྟར་ན་ཁོ་མོས་ང་སྔོན་ནས་ངོ་ཤེས་ཤིང་དེ་ཡང་གྲོགས་པོ་རྡོ་བྷ་བརྒྱུད་དེ་ཤེས་པ་ཡིན་ཞིང་རྡོ་བྷ་ཡིས་རྒྱུན་དུ་མོ་ལ་ང་རང་གླེང་གི་འདུག་ཟེར། ཁོ་གཉིས་ནི་ལོ་གཉིས་ཙམ་གྱི་སྔོན་ནས་མཛའ་གྲོགས་ཡིན་ཞིང་གྲོགས་རྡོ་བྷ་བཟའ་སྒྲིག་བྱས་པ་ནས་ཐོར་བའི་བར་ཏུ་ཕན་ཚུན་ལ་འབྲེལ་གཏུགས་བྱེད་ཀྱི་ཡོད་ཟེར། ངའི་སེམས་སུ་ཕན་ཚུན་རྩེད་ན་དོན་ཆུང་ཡིན་མོད་བཟའ་ཚང་ཐོར་བ་ནི་རྒྱ་མོ་འདིའི་ཆེད་དུ་འེ་ཡིན་ན་སྙམ་སྟེ་གར་འོང་མི་ཤེས་པའི་དངངས་སྐྲག་ཅིག་དབང་མེད་དུ་སྐྱེས། གལ་ཏེ་ཁོ་མོ་ནི་བོད་མོ་ཞིག་ཡིན་ཚེ་དངངས་སྐྲག་འདི་ཡང་ཕལ་ཆེར་སྐྱེས་མི་སྲིད་མོད། མི་རིགས་དང་ཡང་ན་རིག་གནས་སོགས་རྒྱུ་རྐྱེན་གང་མང་ཞིག་ལ་བསམ་གཞིགས་བཏང་ན་ང་རང་གི་སྙིང་རླུང་ཡང་ཅུང་ཙམ་སྟོད་ལ་འཚང་འོང་། འདང་རྒྱག་གིན་རྒྱག་གིན་མདང་དགོང་མཉམ་དུ་ཟ་མ་ཟས་པའི་གྲོགས་དེ་ཚོས་བཤད་པའི་སྐད་ཆ་དེ་དག་ཡིད་ལ་ཤར་འོང་། ཁ་སང་ང་སྒོ་ནས་ཕྱིར་ཡུལ་ལ་ལོག་སྐབས་རྒྱ་མོ་ངོ་ཤེས་གཉིས་དང་འཕྲལ། ཁོ་གཉིས་ནི་ཟ་མ་ཟ་རུ་འགྲོ་བ་ཡིན་ལ་གླ་གཏོང་རླངས་འཁོར་ཡང་མི་འདུག་པས་ང་ལ(先巴烤肉)ཟ་ཁང་དུ་བསྐྱལ་རོགས་ཟེར། ང་རང་གང་ལྟར་ཁོ་གཉིས་ཟ་མ་བཟའ་སའི་ས་ཆ་དེར་འགྲོ་དགོས་པས་ངས་ཡ་ཟེར་ནས་རླངས་འཁོར་ནང་འབུད་དུ་བཅུག ཟ་ཁང་སྒོ་ཁར་ཐོན་དུས་རྒྱ་མོ་གཉིས་ཀྱིས་འུ་ཅག་ཡུན་རིང་ལ་མ་འཕྲལ་པར་ད་ནི་ལས་ཀྱིས་འཕྲལ་སོང་བས་མཉམ་དུ་ཟ་མ་བཟའ་རུ་འགྲོ་ཟེར། ངས་མི་འགྲོ་ཞེས་ཅི་ལྟར་བཤད་ཀྱང་ཁོ་མོ་གཉིས་ཀྱིས་མི་འགྲོ་ན་རླངས་འཁོར་ལས་མི་འབབ་ཅེས་བདག་ལ་ཏན་ཏན་གྱིས་བཤད་པས་ང་ཡང་ཁོ་གཉིས་དང་མཉམ་དུ་སོང་བ་ཡིན། ཅུང་ཙམ་ནས་ཁོ་གཉིས་ཀྱི་གྲོགས་པོ་ཞིག་འོང་གི་འདུག་ཟེར་ཞིང་ཚང་མ་གྲོགས་པོ་ཡིན་པས་ངོ་གནོངས་མི་དགོས་ཟེར། དེ་ནི་གསར་བུ་གདོང་ལ་མིག་ཤེལ་གྱོན་ཞིང་བདག་དང་འདྲ་བར་ཤ་ཅུང་ཙམ་རྒྱག་པོ་འདུག ཁོ་ནི་རྩེ་ཁོག་རྫོང་སློབ་གྲྭ་ག་གེ་མོའི་རྒྱ་ཡིག་དགེ་རྒན་ཡིན་པ་དང་མིང་ལ་ཅཱ་ཅཱ་ཞེས་ཏེ་འབོད། སྐད་ཆ་ཡང་མཚོ་སྔོན་གྱི་རྒྱ་སྐད་བཤད་ལ་བོད་སྐད་ཏིལ་འབྲུ་ཙམ་ཡང་གོ་བ་མ་རེད། ང་ཚོས་ཟ་མ་བཟའ་ཞོར་དུ་རྒྱ་བོད་ཀྱི་སློབ་གསོའི་སྐོར་ནས་ལབ་གླེང་བྱས་པ་ཡིན་ཞིང་ལྷག་པར་ཏུ་རེབ་གོང་ས་ཁུལ་གྱི་བོད་པའི་སློབ་མ་དག་གི་རྒྱ་ཡིག་གི་ཆུ་ཚད་ས་ཁུལ་གཞན་ལས་ཅུང་ཞན་པ་དང་རྒྱུ་རྐྱེན་གང་གང་ཡོད་པ་སོགས་ནས་ལབ་གླེང་འདྲ་བྱས། དང་ཐོག་ཁོ་ཚོས་བཤད་རྒྱུར་མ་འོངས་པ་ན་རང་གི་བྱིས་པ་ཡིན་གཅིག་མིན་གཉིས་ཀྱིས་རྒྱ་ཡི་སློབ་གྲྭར་སྐྱེལ་དགོས་པ་དང་དེང་སྐབས་ལས་བྱེད་ཀྱི་རྒྱུགས་དང་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བ་སོགས་ཚང་མ་རྒྱ་ཡིག་ཡིན་པ་སོགས་མང་པོ་བཤད། དེ་ནས་ང་དགོད་ཞོར་དུ་ངས་རང་གི་བྱིས་པ་མ་འོངས་པ་ན་བོད་ཡིག་འདོན་དུ་འཇུག་ངེས་ལ་དེ་ཡང་བྱ་བ་ཁོ་ན་ཞིག་གི་ཆེད་དུ་མིན་པ་དང་ལོ་གང་མང་གི་རྗེས་ནས་རང་གི་ཚ་བོས“我爷爷是藏族”ཟེར་དུས་མི་རིགས་ཤིག་མཇུག་རྫོགས་པ་དང་ད་དུང་མི་རིགས་རིག་གནས་ཀྱི་གལ་ཆེན་རང་བཞིན་འགའ་རང་གི་ལྟ་ཚུལ་གྱིས་བརྗོད་པ་ན། ཅཱ་ཅཱ་ཟེར་བའི་དགེ་རྒན་དེས་ཀྱང་༼ཁོའི་ཕ་མ་ཡང་བོད་ཡིན་ལ་ཁོ་ཡང་བོད་ཡིན༽ཅེས་རྒྱ་སྐད་ཀྱིས་ཡིད་ཆེས་དང་ཅེས་པས་ལབ། མུ་མཐད་ནས་ངའི་ངོ་ཤེས་རྒྱ་མོ་དེས་ཀྱང༼མོའི་ཨ་མྱེས་ཀྱང་བོད་ཡིན་ཡང་ཁོ་མོས་བོད་སྐད་བཤད་མི་ཤེས༽ཞེས་ངོ་ཚ་མདོག་ཅིག་གིས་བཤད། སྐབས་དེར་ས་ཡང་ཅུང་རུབ་འདུག་ལ་ང་ཚོའི་ཟ་མ་ཡང་ཟས་ཚར་བས་ང་ཚོ་གྲོལ་འགོ་བརྩམས། ཁོ་ཚོའི་བསམ་པར་ཅི་ཞིག་ཤར་བཞིན་པ་ངོ་མ་རྟོགས་དཀའ་ལ་བོད་པ་ཞིག་གིས་རང་གི་བྱིས་པ་དང་འབྲེལ་འདྲིས་བྱེད་སྐབས་རྒྱ་སྐད་ཀྱིས་ལབ་དགོས་པའི་ཁྱིམ་ཚང་དེ་དག་གི་བསམ་བློ་དེ་བས་ཀྱང་རྟོགས་དཀའ་བས་ལམ་སྐབས་སུ་བདག་ལ་ངུ་མ་དགོད་ཀྱི་སྣང་བ་ཞིག་རང་ཤུགས་སུ་ཤར།