གསལ་བཤད། སྒྲུང་གཏམ་གྱི་བྱུང་རིམ་འདིའི་རིགས་ལ་སྐར་མ་གཅིག་རིང་གི་དོགས་གཞི་ཟེར་ཞིང་། གློག་བརྙན་འཁྲབ་གཞུང་འབྲི་སྐབས་བེད་སྤྱོད་པ་མང་། — རིག་རྒྱམ་གྱིས་རྒྱ་ཡིག་ནས་བསྒྱུར།


འདི་འཇར་པན་གྱི་རྗེས་དཔག་སྒྲུང་གཏམ་པ་ཐུན་ཡུ་ཙུག་ཐའེ་ལིང་གི་སྒྲུང་གཏམ་ཁྲོད་ཀྱི་ཚན་པ་ཞིག་ཡིན།

མཚན་མོ་ཞིག་ལ། སྤྱི་བདེ་པ་དང་ནག་ཚོགས་གཉིས་ཀར་ཆེད་དུ་འགྲན་འཛུགས་པའི་ཇག་རྒོད་དཔའ་མོ་མའེ་ཀུའུ་ཟེར་བ་ནག་ཚོགས་ཀྱི་གནས་གཞིར་འཛུལ་ཏེ། དཀའ་ཚེགས་ཕྲན་ཙམ་ཡང་མེད་པར་གསེར་གྱི་གྱོ་མོ་བཞི་བརྐུས་ཤིང་། རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ10རེ་ཡོད། མོས་གསེར་གྱི་གྱོ་མོ་རླངས་འཁོར་ལ་བཞག་ནས་འབྲོ་སྐབས་ནག་ཚོགས་ཀྱིས་ཤེས་རྟོགས་བྱུང་། ནག་ཚོགས་ཀྱི་རྒྱུག་ཤན་པ་དག་གིས་འཕྲལ་དུ་རླངས་འཁོར་གཉིས་བསྐོར་ནས་ར་མདར་ཆས། མའེ་ཀུའུས་ནུས་རྩལ་ཡོད་རྒུ་བཏོན་ནས་རླངས་འཁོར་ལ་ཁ་ལོ་བསྒྱུར་ཏེ་མཚོ་འགྲམ་གཞུང་ལམ་སྟེང་འཕུར་བ་ལྟར་རྒྱུག ར་མདའ་བ་ཚོས་ཀྱང་ལྷོད་ཙམ་མི་བྱེད་པར་རླངས་འཁོར་གྱི་སྣུམ་སྒོ་ཆེས་ཆེར་ཕྱེས་ནས་རྗེས་སུ་དམ་པོར་འབྲངས། བལྟས་བལྟས་རིག་རིག་ལ་ཁོ་ཚོའི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། སྐབས་དེར་མའེ་ཀུའུའི་རླངས་འཁོར་དཀྱོགས་ལམ་ཟབ་མོ་ཞིག་ཏུ་སླེབས་པར། རླངས་འཁོར་གྱི་ཁ་བསྒྱུར་མ་ལག་ལ་སྐྱོན་ཤོར་བའམ། ཡང་ན་ལྷུ་ལག་ཅིག་ཆག་སྐྱོན་བྱུང་བ་གང་ཡིན་མི་ཤེས་མོད། མའེ་ཀུའུའི་རླངས་འཁོར་ནི་སྲབ་སྐྱོགས་ལྷོད་པའི་རྟ་མཆོག་ཅིག་དང་འདྲ་བར་ལམ་འགྲམ་གྱི་ལན་ཀན་བཅག་སྟེ། བར་སྣང་ནས་འགྱུ་ལོག་ཅིག་བརྒྱབ་མཐར་སྨི15ཟབ་པའི་མཚོ་ནང་དུ་ལྷུང་སོང་། “ཨ་ཙི། གཡང་ལ་མཆོངས་སོང་།” ར་མདའ་པ་རྣམས་ཀྱིས་ལན་ཀན་འགྲམ་ནས་གཅོང་རོང་ཟབ་མོར་བལྟས་པ་ན། མཚོ་རླབས་དྲག་པོས་བྲག་རྡོར་བརྡབས་པ་མཐོང་བ་ལས་རླངས་འཁོར་མཚོ་ཞབས་སུ་ནུབ་ནས་གར་སོང་ཆ་མེད་དུ་གྱུར།

“ཇག་མོ་དེ་རླངས་འཁོར་ལས་ཕྱིར་འབུད་པར་ངེས། ཁྱོད་ཚོས་ཤ་སྒྲིམ་ནས་ལྟོས། གལ་སྲིད་མོ་མཚོ་ཁར་བུད་པ་ན། མེ་མདས་བརྒྱབ་ནས་སོད་ཅིག”ནག་ཚོགས་གྱི་མགོ་བས་དེ་ལྟར་ཁོང་ཁྲོ་ཆེན་པོས་བཀའ་ཕབས། ཡུན་རིང་འགོར་ནའང་། མཚོ་ངོས་སུ་མའེ་ཀུའུའི་གྲིབ་མ་ཙམ་ཡང་མ་མཐོང་། “མགོ་བ་ལགས། མའེ་ཀུའུ་ཀླུའི་རྒྱལ་པོར་མཇལ་དུ་ཆས་ཟིན་པ་གདོན་མི་ཟ།”ར་མདའ་པ་ཞིག་གིས་དེ་སྐད་སྨྲས་པར། མགོ་བས། “མོ་ཤི་གསོན་གྱི་ཅི་བྱ། མགྱོགས་པོར་གསེར་གྱི་གྱོ་མོ་ལོན་ཐབས་བྱ་དགོས། ཁྱོད་ཚོས་འདི་གར་སྲུངས། ཁྱོད་ང་དང་མཉམ་དུ་ཆུ་འཛུལ་ལྭ་བ་ལེན་དུ་འགྲོ།”ཞེས་སྨྲས། དུས་ཚོད་གཅིག་གི་རྗེས་སུ། ནག་ཚོགས་ཀྱི་ཕོ་གསར་འགས་ཆུ་འཛུལ་ལྭ་བ་གྱོན་ནས་མཚོ་ནང་དུ་འཛུལ་ཞིང་། ཅུང་མ་འགོར་བར་མཚོ་ཞབས་ཀྱི་རླངས་འཁོར་རྙེད། ཡིན་ཡང་། བློ་ཡུལ་ལས་འདས་པ་ཞིག་ནི་རླབས་འཁོར་གྱི་ནང་སྟོང་བ་རེད། མའེ་ཀུའུའི་བེམ་པོ་དང་གསེར་གྱི་གྱོ་མོ་མཐོང་རྒྱུ་མི་འདུག “འདི་ཇི་འདྲའི་ཡ་མཚན་ཆེ་བ་ལ།”གནས་ཚུལ་ཐོས་འཕྲལ་ནག་ཚོགས་ཀྱི་མགོ་བས་སོམ་ཉིའི་ངང་། “མའེ་ཀུའུའི་བེམ་པོ་མཚོ་རླབས་ཀྱི་ཁུར་ཟིན་པ་འདྲ་ཡང་། གསེར་གྱི་གྱོ་མོ་ཁུར་ཐུབ་རྒྱུ་མ་རེད། ཕལ་ཆེར་རླངས་འཁོར་མཚོ་ནང་དུ་ལྷུང་སྐབས་སྒེའུ་ཁུང་ལས་ཡེར་སོང་བ་འདྲ་བས། རླངས་འཁོར་གྱི་ཉེ་ཁོར་ལ་ཞིབ་ཏུ་འཚོལ་ཅིག”ཟེར།

ནག་ཚོགས་མགོ་བས་བཤད་པ་ལྟར། ཁོ་ཚོས་མཚོ་ཞབས་སུ་ཐེངས་དུ་མར་སྔོག་བཤེར་བྱས་ཀྱང་ཅི་ཡང་མ་རྙེད།དེས་ན། མཚོ་ཞབས་སུ་ལྷུང་བའི་མའེ་ཀུའུ་དང་གསེར་གྱི་གྱོ་མོ་གང་དུ་བུད་སོང་ངམ།

———————————
མའེ་ཀུའུས་སྔོན་ལ་ཆུ་འཛུལ་ལྭ་བ་གྲ་སྒྲིག་བྱས་ཤིང་། གསེར་ཁུག་སྲོག་སྐྱོབ་ཨ་ལུང་གི་སྣེར་བཏགས་ཡོད། ནག་ཚོགས་ར་མདར་རྒྱུག་སྐབས་མོས་ཆུ་འཛུལ་ལྭ་བ་གྱོན་པར་མ་ཟད། བསམ་གཟས་ནས་རླངས་འཁོར་མཚོ་ནང་དུ་མཆོངས། མཚོ་ཞབས་སུ་མོ་མགྱོགས་མྱུར་ངང་རླངས་འཁོར་ལས་ཕྱིར་བུད་དེ་གསེར་ཁྱེར་ནས་ཐག་རིང་ལ་བྲོས་པ་རེད།