་

དེ་རིང་ཁྱོད་ཀྱིས་གོང་ནས་བཏོན་པའི་དྲི་བ་དེ་ལ་ཁ་ཡིག་འདི་འདྲ་ཞིག་གི་སྟེང་ནས།  ལན་ཙམ་བཏབ་ན་བསམས་སོང་། ཅིའི་ཕྱིར་ཞེ་ན། དེང་སང་ན་མཉམ་སྐོར་ཞིག་གིས་སེང་རྡོར་ཟེར་བའི་སྙན་ངག་པ་ཞིག་རང་གི་དང་རྟེན་ཁོ་ན་རུ་བྱས་འདུག་པ་དེ་རེད། ལར་ཁྱེད་ཅག་གིས་དང་རྟེན་བྱས་དང་མི་བྱས་ང་ལ་འབྲེལ་བ་ཅི་ཡང་མེད་པ་བདེན་མོད། རིགས་མཐུན་སྤུན་ཟླ་དག་གི་ལོག་ལམ་དང་གཡང་སར་ལྷུང་ཉེན་གྱི་སེམས་ཁྲལ་ལ་གཞིགས་ནས། ཕྱིར་རང་གི་མལ་ཤག་ཏུ་སླེབས་རྗེས། ལན་དེ་ལ་དོ་སྣང་ཕྲན་ཙམ་ཞིག་བྱས་དགོས་ཐུག་སོང་།

ཞིབ་ཏུ་བཤད་ན་བཅད་གསར་སྙན་ངག་ནི་གསར་གཏོད་མིན་ལ། འཕེལ་རྒྱས་དེ་བས་ཀྱང་མིན་པར། ད་སྔར་སེང་རྡོར་གཙོ་བྱས་པའི་ཡེ་ཤུ་རྒྱབ་གཏད་བཅོལ་ནས། སྐད་ངན་བོད་ལ་སྒྲོག་མཁན་སྐོར་ཞིག་གིས། བཅད་གསར་ཞེས་ཡིན་མདོག་འགྲིག་མདོག་གི་གསར་དུ་བརྩམས་རབས་དང་། གསར་པ་ཡིན་རབས་མང་པོ་ཞིག་ལབ་གི་ཡོད་པ་རེད། མ་ཟད། སེང་རྡོར་སྒེར་ངོས་ནས་ཀྱང་སྔར་མའི་རྣམ་པའི་ཆ་ནས་བཅད་དང་། ཕྱི་མའི་རྣམ་པའི་ཆ་ནས་གསར། སྙན་ངག་གི་རང་བཞིན་ཤེད་ཆེ་བས་སྙན་ངག་ཅེས། ཆ་ཚང་ལ་བཅད་གསར་སྙན་ངག་གམ་ཡང་ན་བཅད་རྩོམ་གསར་མའི་སྙན་ངག་ཅེས་ལབ་གི་ཡོད་པ་རེད། ཡིན་ཡང་། སེང་རྡོར་གྱིས་འདི་ནི་ཁོས་གསར་དུ་བཏོན་པ་ཡིན་ཞེས་འུར་ལ། དེ་ཡིན་བྱེད་ཀྱི་དཔང་རྟགས་ཙམ་པོ་ནི་གཞུང་ལུགས་སྐམ་པོའི་བརྩམས་དེབ་ཅིག་ཀྱང་བྲིས་ཡོད་པ་དེ་རེད།

 ཡིན་ཡང་། ཞིབ་ཏུ་བཀླགས་ན་དེ་ནི་གཞུང་ལུགས་མིན་ལ་བཅད་གསར་གྱི་རང་ལུགས་འཛིན་པའི་གྲུབ་མཐའ་དེ་བས་ཀྱང་མིན། རྒྱུ་མཚན་དེར་བརྗོད་གི་ཡོད་པའི་སྐད་ཆ་དག་བཅད་གསར་དང་འབྲེལ་མེད་དོན་གཞན་གྱི་ཤོབ་ཉོག་དང་། དེར་བྲིས་ཡོད་པ་ཐམས་ཅད་ཀྱང་གཞུང་ལུགས་གང་དེ་ཡི་དེབ་ཀྱི་ཤོག་གྲངས་མཐུག་པོ་གཏོང་བྱེད་ཙམ་ལས་ཅི་ཡང་མིན་པ་རེད། དཔེར་ན་རྗེས་ཀྱི་ཁ་བརྡ་རེ་ཟུང་ལས་མི་ལ་རས་པ་དང་མྱང་ཚ་དཀར་རྒྱན་ཟེར་བའི་དཔེ་འདྲེན་ལས་ཁོས་ཀྱང་དེ་གསར་དུ་བཏོན་ཚུལ་སྒྲུབ་གི་ཡོད་ཀྱང་། སྒྲུབ་མ་ཐུབ་པ་ནི་དཔེ་འདྲེན་འདིས་ཀྱང་གསལ་པོ་རེད། དེ་བས་ངས་ནི་འདི་ལྟར་བརྗོད་འདོད་དེ། བཅད་གསར་ནི་གཉའ་ཆག་ཅིང་ཉམ་རྒུད་ཀྱི་ཡེ་ཤུ་རྩོམ་རིག་གྲུབ་མཐའ་ཞིག་རེད། སེང་རྡོར་གྱིས་བཤད་པའི་སྔར་དང་མི་འདྲ་བ་སོགས་ཀྱི་ཁྱད་ཆོས་ཅི་ཡང་མེད་པར། ཐད་ཀར་མཁས་པ་སྔོན་མ་དག་གི་བཤད་སྟངས་ལ་ལད་ཟློས་བྱས་ཡོད་ཀྱང་ལད་ཟློས་བྱས་མ་ཤེས་པར། ཡེ་ཤུ་ཆོས་ལུགས་ཀྱི་ལྟ་བ་བསྲེས་ཞོར་འདྲེས་ཞོར། ཉ་ཉོག་མཉམ་བསྲེས་ཀྱི་སྒོ་ནས་བོད་ནང་ལ་སྤེལ་བ་ནི་བཅད་གསར་གྱི་ནག་ཉེས་གནམ་གྱིས་མི་ཤོང་བ་དེ་རེད།

ད་དུང་ཁྱོད་ཚོས་གོང་ནས་བཤད་གི་ཡོད་པའི་རྒྱན་སོགས་མེ་ལོང་མ་དང་མ་འདྲ་བ་ཡིན་ཞེས་བཤད་པ་ནི་སེང་རྡོར་བཤད་ཚུལ་ཤོབ་ཙམ་ལས། སྔ་མའི་མི་ལ་དང་ཞབས་ཚོགས་དང་། ཤར་སྐལ་དང་། དགེ་ཆོས་ཚང་མའི་ཚིགས་བཅད་གསེར་རྡོག་འདྲ་བོ་སེང་རྡོར་གྱིས་སྐྱུགས་རོ་ལྕེ་ཐོག་ནས་ལྕེ་ལྡག་བྱས་པ་མངོན་གསལ་རེད། འདི་ནས་ཕྱིར་ཁ་ཡིག་གི་སྟེང་ནས་གླེང་ཙམ་བསླངས་ན། རིག་གསར་སྐབས་ལ་རིག་གསར་གྱི་ལྟ་བ་དྲིལ་སྒྲོག་བྱས་པ་གཙོ་བོ་ནི་སྐབས་དེའི་རྩོམ་རིག་གི་གསོན་ཤུགས་དང་། ཡང་ན་སྐབས་དེའི་རྩོམ་རིག་གི་འོས་འགན་ཉག་ཅིག་རེད་པས། སེང་རྡོར་གྱིས་ཡེ་ལྟ་བོད་ལ་སྒྲོག་ཞོར་སངས་ཆོས་སྨ་ཕབ་བྱེད་ཚུལ་ནི་བཅད་གསར་གྱི་འགན་ཁོ་ན་ལས་གཞན་ཅི་ཡང་མིན་པ་རེད།

འདི་ནས་ཞར་ལ་གླེང་དགོས་ཆགས་འདུག་པ་གཉིས་སྟེ། གཅིག་ནི་སྔར་མའི་ཚིགས་བཅད་སྙན་ངག་དང་ཕྱི་མའི་བཅད་གསར་གཉིས་བར་ལ་རྣམ་པ་དང་ནང་དོན་སོགས་རེ་ཟུང་གི་ཐད་ནས་འགྱུར་བ་ཐེབས་ཡོད་པ་མངོན་གསལ་རེད། མ་གཞི་ནས་བྱ་དངོས་གང་དེ་ལ་སྔ་མ་ལས་ལྷག་པའི་དགེ་མཚན་དང་ཡོན་ཏན་སོགས་ཀྱི་འཕེལ་རྒྱས་མེད་ཀྱང་། སྤྱི་མཐུན་གྱི་འགྱུར་ལྡོག་ཕྲན་བུ་ཕྲན་བུ་རེ་ཡོད་སྲིད་པ་རེད། འོ་ན་ང་ཚོས་འགྱུར་ལྡོག་ཕྲན་བུ་ཕྲན་བུ་དེ་ལ་བཅད་གསར་སྙན་ངག་གི་འཕེལ་རྒྱས་དང་དགེ་མཚན་ནོ་ཞེས་ཁ་ཚོན་བཅད་ན་ད་དུང་འཁྲུན་ཐག་ནན་པོ་ཞིག་གཅོད་དཀའ། སྔ་མའི་ཚིགས་བཅད་སྙན་ངག་དག་གི་བརྗོད་བྱ་ཆོས་ཕྱོགས་ཀྱི་བྱམས་སྙིང་རྗེ། ལས་རྒྱུ་འབྲས་ཁྱབ་སྒྲོག་གི་ཞོར་ལ་གཏན་གྱི་འདུན་མ་བཅོལ་ཆོག་ས་ཁོ་ན་ནི་བློ་ཁ་ཆོས་ལ་ཕྱོགས་པ་དེ་ཡིན་ཞིང་། ཕྱི་མའི་བཅད་གསར་སྙན་ངག་གིས་འཇིག་རྟེན་འདི་དང་ཚེ་འདི་ཡི་དགའ་སྐྱོ་ཆགས་སྡང་གཙོ་བོ་བྱས་པའི་ཆ་ནས་ཁྱད་པར་འདུག་ལ། དེ་འབྲི་མཁན་གྱི་ཆ་ནས་ཀྱང་ཧ་ལམ་སྐྱ་སེར་གྱི་ཁྱད་པར་ཙམ་ཡོད་འདུག་པ་རེད།

གླེང་དགོས་པ་གཞན་ཞིག་ནི་མི་སྒེར་གྱི་དད་མོས་སྐོར་ནས་རེད། སྤྱིར་བཏང་དད་མོས་ཀྱི་རང་དབང་དེ་སུ་དང་གང་གིས་ཀྱང་རྡོག་རོལ་དང་རྡོག་རྫིས་གཏོང་ཆོག་པ་གཞར་ཡང་མིན་ལ། འཛམ་གླིང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་རེ་རེ་ཡང་། གཙོ་བོ་མི་སྒེར་གྱི་ཁེ་དབང་། དད་མོས། རྩིས་ཐང་། མི་གཞི་སོགས་ལ་རྒྱབ་དཔུང་གི་ཚུལ་གྱི་དོན་ཚན་འདྲ་མིན་རེ་རེ་བཟོས་ཡོད་པ་རེད། ཡིན་ཡང་། ང་ཅག་ལྟ་བུའི་གྲངས་ཀ་ཉུང་ཞིང་ཉམས་རྒུད་ཀྱི་སོ་མཚམས་གང་དེར་ལྷུང་ལ་ཁད་ཀྱི་མི་རིགས་འདི་ལ་མཚོན་ན། མི་སྒེར་རིང་ལུགས་འདི་བཤད་རྒྱུ་ཐད་ཆེ་དྲག་ན་མི་རིགས་ཞེས་ཚོགས་པ་དང་ཤོག་ཁག་རྡོག་རྡོག་འདི་འབོར་ཉེན་ཆེ་ལ། འདིའི་ལྟག་རྒྱབ་དང་ལོ་རྒྱུས་ཀྱི་ཆུ་ཀླུང་ཁྲོད་ཀྱི་རིག་གཞུང་། རིག་གནས། ཡུལ་སྲོལ་སོགས་མང་པོ་མང་པོ་ཞིག་ལ་དོ་བདག་རྒྱག་མཁན་མེད་པར་ཚང་མ་བོར་བརླག་ཏུ་ཐེབས་སྲིད་གི་རེད། རྒྱུ་མཚན་ངས་མི་རིགས་འདིའི་བདེ་སྡུག་ལ་བློས་གཏོང་ག་ཙམ་ཐུབ་མིན་དང་། འདིའི་ཆེད་དུ་དཀའ་ལས་ག་ཙམ་རྒྱག་མིན་སོགས་མི་རིགས་རིང་ལུགས་པ་ཞིག་ལ་མཚོན་ན་ཤིན་ཏུ་གལ་ཆེ་མོད། མི་སྒེར་རིང་ལུགས་པ་ཞིག་ལ་མཚོན་ན་དེ་དང་ལྡོག་པ་ཡིན་ཏེ། དེ་བློས་གཏོང་ཐུབ་མིན་དང་མི་རིགས་དེའི་མདུན་ལམ་གྱི་ཆེད་དུ་ལས་ཀར་བརྩོན་མིན་ནི་མི་སྒེར་ལས་གཞན་པའི་དོན་ཞིག་ཡིན་པས་རེད། སྤྱིར་ན་མི་རིགས་རིང་ལུགས་འདི་ཡང་གཞན་པས་བཙོག་ལྟ་བྱས་ས་ཞིག་ཡིན་ཡང་། ང་ཅག་འདྲ་བའི་མི་རིགས་ཤིག་ལ་མཚོན་ན་རིགས་ཀྱི་འདུ་ཤེས་མེད་ཅིང་། ཐུན་མོང་གི་ལམ་ཕྱོགས་ཀྱང་མེད་སོང་བ་ཡིན་ན། ང་ཅག་ཚར་སོང་བ་རེད། ང་ཅག་གི་མགོན་དང་སྐྱབས་སུ་བཀུར་མཁན་དག་གིས་ལོ་ངོ་ཟླ་ངོ་མང་པོ་ཞིག་ལ། དཀའ་ལས་དང་བྲོས་བྱོལ་གྱི་ལས་ཡོངས་རྫོགས་ལ་སྙིང་པོ་དང་དོན་འབྲས་སྐར་མ་གང་ཡང་མ་ཡོད་པ་རེད།

དེ་བས་ངས་ནི་བཅད་གསར་ནི་ན་མཉམ་དག་གིས་ཨ་གསར་སྒོས་འབྲི་རྐྱང་གླེང་རྐྱང་བྱས་པ་ཙམ་དང་། དེ་ཡི་རྣམ་པ་མཐར་གཏུགས་ན་རིག་གསར་སྐབས་ཀྱི་དམར་ལྟ་དྲིལ་སྒྲོག་བྱས་པ་ནང་བཞིན། བཅད་གསར་གྱིས་ཀྱང་ཡེ་ལྟ་མངོན་ལྐོག་གང་རུང་ནས་སྒྲོག་ཅིང་། དེ་ཡི་རྗེས་འཇུག་བྷོད་རྡོ་འཆང་སོགས་མང་པོ་ཞིག་ལག་མགོར་དང་རྒྱབ་དཔུང་དུ་འཁྲིད་གི་ཡོད་པ་རེད། སྤྱིར་ན་སྙན་ངག་པ་ཤ་སྟག་ཅིག་ལ་མཚོན་ན་མི་རིགས་ཀྱི་ཆགས་སྡང་། བྲིས་རྩོམ་གྱི་ལྐོག་འབེན། ཁེ་ཕན་དང་སྙན་གྲགས། གདན་ཐོབ་སོགས་ཁོ་ནའི་ཆེད་དུ་སྙན་ངག་བྲིས་པ་ཁྱོན་ནས་ཡིན་མི་འོས་པས། མ་གཞི་སྙན་ངག་གི་སེམས་ཁམས་དང་སྙན་ངག་ལ་བཅངས་པའི་ལྟ་སྟངས། སྙན་ངག་ལ་བཟུང་བའི་རྣམ་འགྱུར་སོགས་ཚང་མ་ལྷད་མེད་གཙང་རྐྱང་གི་ཤེད་ཆེ་དགོས་པ་ཡིན་མོད། བཅད་གསར་འགོ་པ་དག་གི་རྣམ་འགྱུར་དང་ལྟ་སྟངས་བཙོག་པ་ནས་བཙོག་པོར་གྱུར་ཞིང་འགྱུར་བཞིན་པས། ང་ཅག་གིས་ད་ནས་སེང་རྡོར་སྙན་ངག་པ་གཤའ་མ་ཞིག་ཡིན་མིན་དང་། དེ་དོན་ངོ་མ་བོད་དམ་ཡེ་ཤུ་ཡིན་མིན། ཞིབ་ཏུ་བསམས་ན་བཅད་གསར་ཡང་སྙན་ངག་ཡིན་མིན་སོགས་ཞིབ་ཏུ་བསྐྱར་དུ་ཆེད་དུ་དཔྱད་དགོས་སོ། །        

  —ཞེས་པ་འདི་ཡང་ལ་དྲ་ལམ་ནས་བཏང་བའི་དྲི་བ་གང་དེར། གྲོས་འདེབས་ཀྱི་ཚུལ་དུ་ལན་ཐུང་ཙམ་བཏབ་པ་ཡིན།