(གཤམ་གསལ་ནི་གུས་པས་ ༡༩༩༣ ལོར་ཟིན་ཐོར་བཀོད་པ་ཞིག་ ༢༠༠༩ ལོར་ཁ་བརྡ་དྲ་བར་བཀོད་འདུག  དེ་རིང་འདིར་བཙན་པོའི་དྲ་བར་བཀོད་པ་ཡིན། ཡིག་གཟུགས་གསར་རྙིང་བསྒྱུར་སྐབས་དག་ཆའི་ནོར་བ་རེ་འགའ་བྱུང་ཡོད་ཚོད་ཀྱང་མིག་གིས་གང་མཐོང་རིགས་བཅོས་ནས་འདིར་བཏང་བ་ཡིན།)

དང་པོ།

རྩོམ་པ་པོ། ས་སྐྱ་པ་བསོད་ནམས་རྒྱལ་མཚན།
བསྟན་བཅོས། རྒྱལ་རབས་གསལ་བའི་མེ་ལོང༌།
བརྩམས་དུས། དུས་རབས་བཅུ་བཞི་པ། རབ་བྱུང་བཅུ་དྲུག་པའི་ས་འབྲུག ཕྱི་ལོ་ ༡༣༢༨ པར་བརྩམས་ཞེས་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཤོག་གྲངས ༡༩༩ པར་གསལ
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས་ ༦༨ པར་དེར་བློན་པོ་ཐོན་མིས་རིག་པའི་རྩལ་ཕྱེས། ཤེས་རབ་ཀྱི་སྒྲོན་མེ་བཏེག་ནས་ཡི་གེ་བསླབས་པས། ན་ག་རའི་སྡེ་ཚན། ག་ཏའི་སྡེ་ཚན་རྣམས་མང་དུ་ཡོད་པ། བོད་ལ་མི་འགྱུར་བས་དབྱངས་ཡིག་ལ་བཀོད། ལཱཎཚ་ལྷ་ཡི་ཡི་གེ། ཝ་རྟུ་ཀླུའི་ཡི་གེ ལྷུན་འགྲུབ་ཚང་མ་བོད་ཀྱི་ཡི་གེ་བཀོད། ཅེས་འབྱུང༌།
ཡེ་གེའི་ཕྱི་མོ་གང་ཡིན་སྐོར། ལཎཚ་ལྷ་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་དབུ་ཅན་དང༌། ཝ་རྟུ་ཀླུ་ཡི་ཡི་གེ་འདྲ། དེ་ལ་དཔེ་བྱས་ནས་ཡི་གེ་ཟུར་ཅན་དུ་བྱས་སོ་ཞེས་ཤོག་གྲངས་ ༧༠ པར་གསལ། རྒྱ་ཡི་ཡི་གེ་ལྔ་བཅུ་ནི། །ཡི་གེ་གཙོ་བོ་སུམ་ཅུ་ལ། །འཕུལ་ཡིག་བཅུ་དང་མཐའ་རྟེན་བཅུ། །རྒྱ་ཡི་ཡི་གེ་རེ་རེ་བཞིན། །རང་གང་སྤྱོད་པ་མ་གཏོགས་པ། །ཀུན་ལ་ཁྱབ་པ་གཅིག་ཀྱང་མེད། །དེ་དག་ཐམས་ཅད་ཁོངས་སུུ་བསྡུས། །དེ་ལ་དཔེ་བྱས་བསྡུས་པ་ནི། །བོད་ཡིག་སུམ་ཅུ་གཏན་ལ་ཕབ། །ཡི་གེའི་འབྲུ་ནི་རེ་རེ་བཞིན། །བཟོའི་རྣམ་འགྱུར་ལེགས་པར་བཅོས། །ཅེས་ཤོག་གྲངས་ ༦༨ པར་གསལ།
གསར་བསྣན་ཡི་གེ རྒྱ་ལ་མེད་པའི་ཡི་གེ་དྲུག ཅ་ཆ་ཇ་ཞ་ཟ་འ། ཅེས་འབྱུང༌།
དེ་སྔོན་ཡི་གེ་ཡོད་མེད་སྐོར། ཤོག་གྲངས། ༦༦ པར། ་་་་་་་་་བཀའ་བསྒོ་བ་ལ། བོད་ན་ཡི་གེ་མེད་པས་ཞེས་གསལ།
ཟུར་མཆན། ༡ དེར་བློན་པོས་རྒྱ་གར་ལྷོ་ཕྱོགས་སུ་ཕྱིན་ཏེ། ཡི་གེའི་སྒྲ་མཁས་པ་བྲམ་ཟེ་ལི་བྱིན་ཞེས་བྱ་བ་ཡོད་ཟེར་བ་ཐོས་ནས་བྲམ་ཟེ་ག་ལ་བ་དེར་ཕྱིན་ཞེས་དང༌། ༢ ཡང་ཤོག་གྲངས་ ༧༠ པར།་་་་འདི་ནི་ཟུར་ཙམ་ཡིན་གྱིས། རྒྱས་པར་འདོད་ན་ཐོན་མིས། དང་པོ་ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམ། ཀ་སྨད་སུམ་ཅུར་བསྒྱུར། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མི་མདོ་རྫིའི་སྒྲ་མདོ་བྱ་བ་ཡོད་ཀྱིས་དེ་དག་ལ་གཟིགས་ཤིག་ཅེས་གདམས་པར་མཛད་འདུག་པས་རྒྱལ་རབས་འདིར་གསལ་བའི་ཡི་གེའི་རྣམ་དབྱེ་རྣམས་ཀྱང་དེ་ལས་དྲངས་པ་ཡིན་ནམ་སྙམ། ༣ ཤོག་གྲངས་ ༦༩ པར། ཧ་དང་འ་གཉིས་ཀྱིས་ཡི་གེའི་བུ་བྱེད་པ་དང༌། ན་ལོག་ཤ་ལོག་ཐ་ལོག་བྱེད་པ་སོགས་ནི་སམ་ཀྲྀ་ཏའི་སྐད། བོད་ཀྱི་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པནྜི་ཏ་རྣམས་ཀྱིས་རྟིང་དུ་བཅོས་སོ་ཞེས་གསལ།

གཉིས་པ།

རྩོམ་པ་པོ། སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ།
བསྟན་བཅོས། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གི་པར་མ།
བརྩམས་དུས། དུས་རབས་བཅུ་བཞི་པ། རབ་བྱུང་བདུན་པའི་ཤིང་སྟག་ཕྱི་ལོ་ ༡༤༣༤ པ་ལ་ཡིན་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་ནང་བཤད།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། འཐོན་མི་ཨ་ནུ་རའི་བུ་སམ་བྷོ་ར་མི་ཆུང་ཞེས་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། རྒྱ་གར་གྱི་ཡི་གེ
གསར་བསྣན་ཡི་གེ ཅ་ཆ་ཇ་ཞ་ཟ་འ་བཅས་ཡིན་པར་གསུངས།
དེ་སྔོན་བོད་ལ་ཡི་གེ་ཡོད་མེད། ཤོག་གྲངས ༡༤༡ པར་བོད་རྒྱལ་པོ་ལ་སྐྱེས་ལན་བསྐུར་རྒྱུའི་ནོར་ཡོད་ཀྱང༌། ཁ་འཕྲིན་མ་གཏོགས་ཡི་གེ་མེད་པས་ཞེས་གསལ།
ཟུར་མཆན། ༡ རྒན་མོ་ཞིག་གིས། ང་ཟ་ཧོར་ནས་འོངས། འ་ཞའི་ཡུལ་དུ་འགྲོ་ཟེར་བ་སོགས་ཀྱི་ངག་སྒྲོས་ལས་ཡི་གེ་དྲུག་རྙེད་པར་བཤད། ༢ ཐོན་མིས་རྒྱ་གར་ཡི་གེ་ལ་འཕྲི་སྣོན་བྱས་པས་བོད་ཀྱི་སྐད་དང་མཐུན་པའི་ཡིག་འབྲུ་སྡེབ་ཏུ་བཏུབ་པ་བྱུང་ཞེས་ཤོག་གྲངས་ ༡༤༢ པར་གསལ།

གསུམ་པ།

རྩོམ་པ་པོ། ནེའུ་པཎ་ཊི་ཏ་གྲགས་པ་སྨོན་ལམ་བློ་གྲོས།
བསྟན་བཅོས། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། གངས་ཅན་རིག་མཛོད། དེབ་ཨང༌། ༩
བརྩམས་དུས། དུས་རབས་བཅུ་གསུམ་པ། རབ་བྱུང་ལྔ་པའི་ཆུ་ལུག་ ཕྱི་ལོ་ ༡༢༨༣ ཡིན་པར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ལྡན་ལྷན་སངས་རྒྱས་ཆོས་འཕེལ་གཉིས་ཀྱིས་བཀོད་པའི་དེབ་དེའི་གླེང་བརྗོད་དུ་གསལ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཐོན་མི་སམ་བྷོ་ཊ་དང་རྟག་ལོ་རེ་ཁོམ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། རྒྱ་གར་ཡི་གེ་དེ་བོད་དང་མཐུན་པར་བསྒྱུར་ཅེས་འབྱུང༌།
དེ་སྔ་བོད་ལ་ཡི་གེ་ཡོད་མེད། ཤོག་གྲངས ༡༠ པར། དེ་ཡི་གོང་ན་བོད་ལ་ཡི་གེ་མེད། ཅེས་དང༌། ཡང་ཐོ་ཐོ་རི་སྙན་བཙན་བཤད་སྐབས་ཤོག་གྲངས་ ༡༤ པར། བོད་ན་ཡི་གེ་མེད་པའི་སྟབས་ཀྱིས་བསླབ་ཏུ་མ་བཏུབ་ཅེས་འབྱུང༌།
ཟུར་མཆན། ༡ འདིར་ཐོན་མི་དང་རྟག་ལོ་རེ་ཁོམ་ཟེར་བ་གཉིས་བཏང་སྟེ། མང་ཡུལ་དང་རྒྱ་གར་དུ་ཕྱིན། ལི་བྱིན་རོག་ཀཱ་དང་ལྷ་རིག་པའི་སེང་གེ་ཞེས་པ་གཉིས་ལས་ཡི་གེ་དང་སྒྲ་བསླབས་ནས་བོད་དང་མཐུན་པར་བསྒྱུར་ཅེས་དང༌། ༢ མཛངས་མི་བཞི་པ་ཐོན་མིའི་སྐབས་ཤོག་གྲངས ༡༠ པར། དེ་ཡིས་ཅི་བྱས་ན། ཀ་ཁ་སུམ་ཅུ་གུ་ཀྱེད་བྱས། འདོགས་དང་སྦྲེལ་གྱིས་ཚིགས་སུ་བཅད། །ཤད་ཀྱིས་བཅད་ནས་ཚིག་ཏུ་སྨྲ། །ཞེས་ཐོན་མིས་ཡི་གེ་བཟོས་ཚུལ་ཞིག་ཀྱང་གསལ། ༣ ཐོ་རི་སྙན་བཙན་སྐབས་ཤོག་གྲངས ༡༤ པར་གསལ་དོན། ཁོང་གི་སྐབས་ལི་ཐེ་སེ་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་མཚོ་གཉིས་བོད་དུ་བྱོན་ནས་རྒྱལ་པོ་ལ་ཆོས་གསུངས་ཀྱང་བོད་ན་ཡི་གེ་མེད་པའི་མེད་རྐྱེན་བསླབ་ཏུ་མ་བཏུབ་པས་ཁོ་གཉིས་རྒྱ་ནག་ལ་ཕྱིན་པ་ཞིག་གསལ། ༤ ཐོ་རི་སྙན་བཙན་སྐབས་གནམ་ནས་སྤང་སྐོང་ཕྱག་རྒྱ་པ་བབས་ཟེར་བའི་ལོ་རྒྱུས་དེ་བོན་པོ་རྣམས་ཀྱིས་སླད་བཅུག་པར་བཤད།

བཞི་པ།

རྩོམ་པ་པོ། ཉང་རལ་ཉི་མ་འོད་ཟེར།
བསྟན་བཅོས། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། གངས་ཅན་རིག་མཛོད། ཨང་ ༥
བརྩམས་དུས། དུས་རབས་བཅུ་གཉིས་པ། རྩོམ་པ་པོའི་འཁྲུངས་འདས་ཀྱི་ལོ་ནི་ཕྱི་ལོ་ ༡༡༢༤ ་་་ ༡༡༩༢ བར་ཡིན་པ་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དེབ་དེར་འཁོད་པའི་རྩོམ་པ་པོའི་ལོ་རྒྱུས་ནང་གསལ་འདུག
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས་ ༡༧༡ པར། དེ་ནས་ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷཽ་ཊ་ཞེས་གསལ།
ཡི་གེའི་ཕྱི་མོ་གང་ལ་བྱས་པའི་སྐོར། ཤོག་གྲངས་ ༡༧༢ པར། ན་ག་ར་ལ་དཔེ་བྱས་ནས་དབུ་ཅན་དང་བྷ་གྲུ་མ་ལ་དཔེ་བྱས་ནས་དབུ་མེད་དུ་བྱས་སོ། ཞེས་འབྱུང༌།
གསར་བསྣན་ཡི་གེ ཅ་ཆ་ཇ་དང་ཞ་ཟ་འ་བཅས་དྲུུག་བསྣན་པ་ཤོག་གྲངས་ ༡༧༡ ནས་ ༡༧༢ པར་གསལ།
དེ་སྔ་ཡི་གེ་ཡོད་མེད། ཤོག་གྲངས ༡༧༢ པར་བོད་ཀྱི་རྒྱལ་པོ་ལ་ཁ་འཕྲིན་ལས་ཡི་གེ་མེད་དེ། འོ་ཅག་བོད་ལ་ཡང་ཡི་གེ་དགོས་པར་སྣང་ཞེས་སྲོང་བཙན་ལ་ཕྱོགས་ཀྱི་རྒྱལ་པོས་སྐྱེས་བསྐུར་སྐབས་གསུངས།
ཟུར་མཆན། ༡ འདིར་ཐོན་མིའི་མཚན་ལ་བསམ་བུ་ཞེས་ཀྱང་བཀོད་འདུག་པ་འདི་བཞིན་རྒྱལ་རབས་འགའ་ལ་སྣང༌། ༢ རྒྱ་གར་ལྷོ་ཕྱོགས་ཀྱི་པཎ་ཊི་ཏ་བྲམ་ཟེ་ལི་བྱིན་ལས་ཡི་གེ་སྦྱངས་ཞེས་ལི་བྱིན་ལྷོ་ཕྱོགས་པར་བཞེད། ༣ ཡི་གེའི་དཔེ་གཅིག་ལྷ་སའི་བྲག་ལོགས་ལ་བཏབ་པ་ནི་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་ཞིག་བྱུང་ངོ༌། འབྲི་ཀློག་དག་པར་བྱ་བའི་ཕྱིར་དུ་སྒྲ་ཡི་བསྟན་ཆོས་དང་དག་ཡིག་རྒྱས་པར་ཡང་མཛད་ཅེས་ཤོག་གྲངས་ བཀོད།

ལྔ་པ།

རྩོམ་པ་པོ། ཚེ་རིང་ཐར།
བསྟན་བཅོས། བོད་ཡིག་གི་འབྱུང་གཞིར་གསར་དུ་དཔྱད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག ཕྱི་ལོ་ ༡༩༨༤ ལོའི་དེབ་དང་པོ། ཤོག་གྲངས་༡༡༠་་་༡༢༡
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས། ༡༢༠ པར། བོད་ཡིག་དེ་མི་སུ་ཞིག་གིས་གསར་དུ་བཟོས་པ་མ་ཡིན་གྱི། བོད་ཀྱི་མེས་པོ་ཐུན་མོང་གི་ཡུན་རིང་བའི་ལག་ལེན་དང་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པ་ཁོ་ནའོ་ཞེས་འབྱུང༌།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ཤོག་གྲངས་ ༡༡༧ པར་ཞང་ཞུང་ཡི་གེ་ནི་བོད་ཡིག་གི་འབྱུང་གཞི་འབའ་ཞིག་ཡིན་པ་ཐག་གིས་ཆོད། ཅེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། སྲོང་བཙན་ཡར་སྔོན་དུ་བོད་ཡིག་ཡོད་པའི་གསལ་ཁ་ཤོག་གྲངས་ ༡༡༨ པར་བཀོད་འདུག
ཟུར་མཆན། ༡ རྩོམ་པ་པོས་གཉའ་ཁྲི་ནས་གནམ་རི་བར་གྱི་ལོ་རྒྱུས་ཡིག་ཐོག་འཁོད་མྱོང་བ་དང༌། སྲོང་བཙན་སྐབས་ཐོན་མིས་བོད་ཡིག་བཟོས་པའི་ལོ་རྒྱུས་ལ་ཁུངས་ཐུབ་ཤེས་བྱེད་མེད་པ་དང༌། གནའ་ཡི་ཡིག་རྙིང་རིགས་ལ་སུམ་རྟགས་ཀྱི་བཅའ་ཁྲིམས་འོག་མི་གནས་པར་བརྟེན་སུམ་རྟགས་གཉིས་དུས་ཕྱིས་རྒྱ་གར་ནས་དམ་ཆོས་ཕོན་ཆེ་བསྒྱུར་སྐབས་བཟོས་པ་སོགས་ཀྱི་དགོངས་ཚུལ་བཏོན་འདུག ཡང་ཤོག་གྲངས ༡༡༧ པར་ཞང་ཡིག་ནི་ཡིག་རིགས་གཞན་ཞིག་ཡིན་པས་བོད་ཀྱི་སྐད་ཆ་འབྲི་རྒྱུ་དང༌། བོད་ནས་བོན་གྱི་བསྟན་པ་སྤེལ་བྱེད་ལ་བེད་སྤྱོད་ཡོད་མི་བདེ་བས། ཞང་ཡིག་གི་གསལ་བྱེད་ལ་བཟོ་བཅོས་ཙམ་བྱས་ཏེ་བོད་རང་གི་སྐད་ཆ་ཡིག་ཐོག་ཏུ་ཕབས་པའི་གནའ་རབས་བོད་ཡིག་དེ་བྱུང་པ་རེད། ཅེས་གསལ།

དྲུག་པ།

རྩོམ་པ་པོ། མདོ་སྨད་པ་དགེ་འདུན་ཆོས་འཕེལ།
བསྟན་བཅོས། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ། གངས་ཅན་རིག་མཛོད། ཨང་ ༡༠
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། གུཔྟའི་རྒྱལ་བརྒྱུད་སྐབས་སུ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བྱོན་ཞིང༌། དེ་དུས་ཀྱི་རྒྱ་གར་དབུས་ཀྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ལ་ཞེས་ཤོག་གྲངས་ ༢༥༥ པར་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ཤོག་གྲངས་ ༢༥༧ པར། བོད་ཡིག་གང་ལ་དཔེ་བྱས་པ་ནི་གུཔྟའི་ཡི་གེ་ཁོ་ན་ཡིན་ཏེ། ཀུན་མཁྱེན་བུ་སོགས་ཀྱིས་ཀྱང་ན་ག་རའི་ཡི་གེ་ལ་དཔེ་བྱས་གསུངས་པ་ལས་ལཎ་ཙ་ལ་དཔེ་བྱས་པ་ཟུར་ཙམ་ཡང་མ་བཤད་ཅིང༌། དེ་དུས་ཀྱི་ན་ག་རའི་་ཡི་གེ་ནི་འདི་ཉིད་ཡིན་པས་སོ་ཞེས་འཁོད།
གསར་བསྣན་ཡི་གེ། འདི་ལྟར་ཙ་ནས་འའི་བར་གྱི་ཡི་གེ་བདུན་ཐུ་མིས་གསར་དུ་བསྣན་པ་ཡིན་ཅིང་ཞེས་ཤོག་གྲངས་ ༢༦༨ པར་གསལ།
དེ་སྔོན་ཡི་གེ་ཡོད་མེད། ཡི་གེ་མེད་པར་གྲགས་ཞེས་པ་ལས་གསལ་ཁ་མ་མཛད།
ཟུར་མཆན། ༡ རྩོམ་པ་པོས་སྔོན་གྱི་མི་རྣམས་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་ཡང་བྱུང་བར་མངོན་ཞེས་རི་མོ་དང་བཅས་འགྲེལ་བཤད་གནད་སྨིན་མཛད། ༢ ཞ་ལུ་ལོ་ཆེན་གྱིས་ལཎ་ཛ་ལ་དཔེ་བྱས་ནས་དབུ་ཅན་དང་ཝརྟུ་ལ་དཔེ་བྱས་ནས་དབུ་མེད་བཟོས་པའི་ལོ་རྒྱུས་ཐོག་མར་གླེང་བའི་རྗེས་སུ་མཁས་པ་མང་པོ་འབྲངས་ན་ཡང་ལཎ་ཛ་ཐོན་མི་ཡི་རྗེས་སུ་གྲུབ་པར་བརྟེན་བོད་ཡིག་གི་མ་ཕྱིར་མི་རུང་ཞེས་བཤད་འདུག ༣ ཙ་རྟགས་སམ་ཙ་ལག་ནི་གསར་བསྣན་ཡི་གེའི་རྟགས་ཡིན་པ་དང༌། ཡིག་རྙིང་རྣམས་སུ་ཙ་ན་འ་བར་གྱི་ཡི་གེ་རྣམས་ལ་རྟགས་བཏབ་འདུག་ཅེས་གསུངས། ༤ དེབ་དཀར་དུ་ཡང་འདི་བཞིན་བཀོད་འདུག་པས་རེའུ་མིག་ཟུར་དུ་བཀོད་མེད།

བདུན་པ།

རྩོམ་པ་པོ། མཁས་པ་ལྡེའུ།
བསྟན་བཅོས། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། གངས་ཅན་རིག་མཛོད། བརྩམས་དུས༌། དུས་རབས་བཅུ་གཉིས་པའི་དུས་དཀྱིལ་བརྩམས་ཞེས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་དེབ་འདིའི་གླེང་གཞིའི་ནང་བཀོད་འདུག
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས ༢༩༨ པར་རྒྱའི་མཁས་པ་ལི་བྱིན་ལ་བོད་ཀྱི་ཐོན་མི་འབྲིང་སྟོ་རེ་ཨ་ནུས་ཡི་གེ་བསླབས་ནས་ཞེས་འབྱུང༌།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ཤོག་གྲངས། ༢༩༨ པར་རྒྱ་ཡིག་ལྔ་བཅུ་ལ་བོད་ཡིག་སུམ་ཅུས་ཆོག་པ་སྦྱར་ནས་ཞེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། བོད་ཀྱི་ཡི་གེར་ཆོས་སྒྱུར་མཁན་གྱི་ཐོག་མ་ཐོན་མི་ཡིན་པར་བཤད་འདུག
ཟུར་མཆན། ༡ སྲོང་བཙན་སྐུ་མྱ་ངན་ལས་འདས་སྐབས་སྐུ་ཞིག་ལ་ཐིམ་པས་བློན་པོ་རྣམས་ཡིད་མ་ཆེས་པའི་ཚེ་ཐོན་མི་སམ་བྷོ་ཊས་གསལ་བཤད་མཛད་ཚུལ་ཞིག་གསལ། ༢ བློན་པོ་མགར་སོགས་ཀྱི་གནས་ཚུལ་རྒྱས་པར་འཁོད་མོད་ཐོན་མིའི་ལོ་རྒྱུས་ཡོད་ཙམ་མ་གཏོགས་སྔ་མ་བཞིན་རྒྱས་པ་གང་ཡང་མི་འདུག

བརྒྱད་པ།

རྩོམ་པ་པོ། ལྡེའུ་ཇོ་སྲས།
བསྟན་བཅོས། ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ནམ་ལྡེའུ་ཆོས་འབྱུུང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་གནང་བའི་ལྷ་སའི་ལྩགས་པར༌།
བརྩམས་དུས༌། དུས་རབས་བཅུ་གཅིག་པ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས་ ༡༡༧ པར་བོད་ཕྲུག་ཐོན་མི་འབྲིང་ཏོ་མི་ཨ་ནུ་ཞེས་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། རྒྱའི་མཁས་པ་ལི་བྱིན་ལས་ཡི་གེ་སྦྱངས་ཞེས་པ་ཙམ་ལས་གསལ་ཁ་གང་ཡང་མི་འདུག
གསར་བསྣན་ཡི་གེ། ཀ་སྨད་སུམ་ཅུར་སྒྲིགས་ཞེས་ཤོག་གྲངས་ ༡༡༧ པར་གསལ།
དེ་སྔོན་ཡི་གེ་ཡོད་མེད། མཛངས་མིའི་ཆེ་བརྗོད་སྐབས། དེ་ཡི་གོང་ན་བོད་ལ་ཡི་གེ་མེད་ཅེས་གསུངས་འདུག
ཟུར་མཆན། ༡ རྒྱ་ནག་དང་བལ་པོ། ཁ་ཆེ་སོགས་ནས་མཁས་པ་སྤྱན་དྲངས་ནས་ཆོས་ཐོག་མར་བསྒྱུར་བར་གསུངས། ༢ མཛངས་མི་མི་ཕྱེད་དང་བརྒྱད་ལས་བརྒྱད་པ་རྒྱ་མོ་ཨོང་ཆུང་ཡིན་པ་དང་མོ་ཡིན་པས་ཕྱེད་དུ་རྩིས་ཞེས་བཀོད་ཅིང་མཛངས་མི་གསུམ་པའི་སྐབས། གསུམ་དུ་འཛངས་པ་མཐོན་མི་བསམ་པོ་ཊ། །ཀ་ཀ་ཀིཀི་ཀུཀུ་ཞབས་ཁྱུད་བྱས། །ར་ར་རི་རི་གཙང་གི་ཡིག་མ་རོ། །ཤད་ཀྱིས་བར་བཅད་ཚག་གིས་སྨྲ་བར་བྱེད། །དེ་ཡི་གོང་ན་བོད་ལ་ཡི་གེ་མེད། །ཅེས་ཀྱང་བཀོད་འདུག

དགུ་པ།

རྩོམ་པ་པོ། ཀུན་མཁྱེན་པད་མ་དཀར་པོ།
བསྟན་བཅོས། ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཀུན་མཁྱེན་པད་དཀར་བཀའ་འབུམ། པོད་ ཀ ཤིང་དཔར་གྱི་མ་ཕྱི་ལ་འདྲ་བཤུས་བྲས་ནས་འཕྲུལ་པར་བཏབ་པ།
བརྩམས་དུས༌། དུས་རབས་བཅུ་དྲུག་པ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཐོན་མི་ཨ་ནུའི་བུ་འཇམ་དབྱངས་ཀྱི་སྤྲུལ་པ་སམ་བྷོ་ཊ་ཁ་ཆེར་ཡི་གེ་སློབ་ཏུ་བཏང་་་་་་་་༌།ཤོག་གྲངས་ ༡༥༩ ན ༡ ན་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ༡༥༩ ན ༢ པར་དབྱིབས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས། སྒྲ་ཡི་བསྟན་བཅོས་བརྒྱད་མཛད་ཅེས་གསལ།
གསར་བསྣན་ཡི་གེ། ཤོག་གྲངས་ ༡༥༩ ན ༢ པར་བོད་དུ་ལོག་ནས་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ་དང༌། དབྱངས་གུག་ཀྱེད་བཞིར་བསྡུས་ཞེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། དེའི་ཚེ་བོད་ལ་ཡི་གེ་མེད་པས་ཞེས་འབྱུང༌།
ཟུར་མཆན། ༡ ཤོག་གྲངས་ ༡༥༩ བ ༥ པར་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར༌། བལ་པོ་ཤྲཱི་ལ་མཎཛུ། རྒྱ་ནག་གི་སློབ་དཔོན་མ་ཧཱ་དེ་ཝ་ཚོ་སྤྱན་དྲངས། ལོ་ཙཱ་བ་ཐོན་མི། དེའི་སློབ་བུ་དྷརྨ་ཀོ་ཤ་སོགས་ཀྱིས་བྱས། གསུང་རབ་ཀྱི་སྐད་བཅོས། མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་བསྒྱུར།

བཅུ་པ།

རྩོམ་པ་པོ། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ།
བསྟན་བཅོས། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་འབྱུངབ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་ལྩགས་པར་བཏབ་པ།
བརྩམས་དུས༌། དུས་རབས་བཅུ་དགུ་པ། ཕྱི་ལོ ༡༨༠༧ རབ་བྱུང་བཅུ་བཞི་པའི་མེ་ཡོས་ལ་བརྩམས་ཞེས་ཆོས་འབྱུང་རང་དུ་རྩོམ་པ་པོས་བཀོད་འདུག
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས ༢༢༠ པར། ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ནས་སྔར་བོད་དུ་ཡི་གེ་མེད་པས། ཡི་གེ་འབྲི་ཀློག་གི་སྲོལ་བཏོད་ཅིང༌། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་སོགས་པའི་བསྟན་བཅོས་བརྩམས་་་་་་ཞེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། སྲོང་བཙན་ཡར་སྔོན་དུ་ཡི་གེ་མེད་པར་བཞེད།
ཟུར་མཆན། ཤོག་གྲངས། ༢༢༡ པར། སྲོང་བཙན་སྒམ་པོའི་དུས་སུ་འཕྲུལ་བློན་མཛངས་མི་བཞི་པ་ཐོན་མི་སམ་བྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས་ཞེས་འབྱུང༌།

བཅུ་གཅིག་པ།

རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ།
བསྟན་བཅོས། ཆོས་འབྱུང་མཁས་པའི་དགའ་སྟོན།
བརྩམས་དུས༌། དུས་རབས་བཅུ་དྲུག་པ། ཕྱི་ལོ་ ༡༥༤༥ རབ་བྱུང་དགུ་བའི་ཤིང་སྦྲུལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ། །དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས། །ལྷ་ཡིག་ལ“ཚར་དཔེ་བྱས་དབུ་ཅན་དང༌། །ཀླུ་ཡིག་ཝ་རྟུ་ལ་ལྟར་ཟུར་ཅན་བྱས།
གསར་བསྣན་ཡི་གེ། ཅ་ཆ་ཇ་དང་ཞ་ཟ་འ། །རྒྱ་ན་མེད་པ་དེ་དྲུག་བསྣན། །ཅེས་རྒྱ་གར་མེད་པའི་ཡི་གེ་དྲུག་བསྣན་པར་ཤོག་གྲངས་ ༡༦ ན ༦་ན་གསལ།
དེ་སྔོན་ཡི་གེ་ཡོད་མེད། བདག་གི་ཡུལ་ན་ཡི་གེའི་སྲོལ་མེད་པས། རྒྱ་གར་ཡུལ་དུ་ཡི་གེ་སློབ་ཏུ་མཆིས། ཞེས་ཐོན་མིས་བྲམ་ཟེ་ལི་བྱིན་ལ་ཞུས་པ་གསལ།
ཟུར་མཆན། ༡ ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པར། །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས། །ཞེས་ཤོག་གྲངས་ ༡༥ ན ༦ པར་གསལ། ༢ འདིར་ཡང་ཐོན་མིས་ཡི་གེ་བཅོས་ཚུལ་རྒྱལ་རབས་གསལ་བའི་མེ་ལོང་ནང་འཁོད་ལྟར་བཀོད་འདུག

བཅུ་གཉིས་པ

རྩོམ་པ་པོ། ཀུན་མཁྱེན་འཇིགས་མེད་དབང་པོ།
བསྟན་བཅོས། ཅོ་ནེའི་བསྟན་འགྱུར་དཀར་ཆག
བརྩམས་དུས༌། དུས་རབས་བཅོ་བརྒྱད་པ། རྩོམ་པ་པོའི་འཁྲུངས་འདས་ལོ་ཚིགས་ནི་ཕྱི་ལོ ༡༧༢༨ ་་་ ༡༧༩༡ བར་ཡིན་པ་དེབ་དེའི་ནང་མཛད་པ་པོའི་ལོ་རྒྱུས་སུ་གསལ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས། ༢༠༦ པར། ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་་་་་་ཞེས་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ་་་་བོད་དུ་འོངས་ནས་རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལས། བོད་ཀྱི་ཕྱི་མོ་སུམ་ཅུར་བྱས། དབྱངས་བཅུ་དྲུག་ལས་ཨ་ཨི་ཨུ་ཨེ་ཨོ་ཉེ་བར་མཁོ་ཞིང་གཞན་རྣམས་ལ་བཞག ཅེས་འབྱུང༌།
གསར་བསྣན་ཡི་གེ། རྒྱ་གར་ལ་མེད་ཀྱང་བོད་ལ་ཞ་དང་ཟ་དང་འ་རྣམས་དགོས་པར་དགོངས་ཏེ་བཙུད།
དེ་སྔོན་ཡི་གེ་ཡོད་མེད། དེའི་ཚེ་ཡི་གེ་མེད་པས་་་་་་་་་ཞེས་འབྱུང༌།
ཟུར་མཆན། ༡ ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་ཅ་ཆ་ཇ་ཞེས་ཟེར་ཏེ་དེ་རྣམས་བཀོད་ཅེས་འབྱུང༌། འདི་ནི་ཡིག་ཆ་གཞན་དང་ཅུང་མི་འདྲ་བའི་བཤད་སྲོལ་ཞིག་རེད། ༢ ཤོག་གྲངས ༢༠༧ པར། ་་་་་་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར། བལ་པོ་ཤིའ་མཎཛུ། རྒྱ་ནག་གི་སློབ་དཔོན་མ་ཧཱ་དེ་ཝ་ཚེ་སྤྱན་དྲངས། ལོ་ཙཱ་བ་ཐོན་མི། དེའི་སློབ་བུ་དྷརྨ་ཀོ་ཤ་སོགས་ཀྱིས་བྱས༌། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བསྒྱུར་ཅིང་གཏན་ལ་ཕབ། ཅེས་གསལ།

བཅུ་གསུམ་པ།

རྩོམ་པ་པོ། ནམ་མཁའི་ནོར་བུ།
བསྟན་བཅོས། ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང༌། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས་ ༩༠ པར། གཤེན་རབ་མི་བོ་ཆེ་བྱོན་ནས་ཁོང་གིས་ཡི་གེའི་སྲོལ་གསར་པ་ཞིག་བཏོད་པར་མཛད་པའི་ཚུལ་ནི་བོན་གྱི་ལོ་རྒྱུས་རྣམས་སུ་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས། གཤེན་རབ་མི་བོ་ཆེའི་དུས་ནས་བཟུང༌། ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་བ་ཡིན་ཞེས་ངེས་པར་བཤད་ཐུབ་པ་ཡིན། ཞེས་གསུངས་འདུག
ཡི་གེའི་ཕྱི་མོ་གང་ཡིན་སྐོར། ཤོག་གྲངས་ ༢༡༢ པར། དབུ་ཆེན་གྱི་ཁུངས་དེ་རྒྱ་གར་གྱི་ཡིག་ཚུགས་གུཔྟའི་དཔེ་ལས་བླངས་པ་ཞིག་དང༌། དབུ་མེད་ཀྱི་ཚུགས་དེ་སྨར་གྱི་ཚུགས་ལས་བྱུང་བ་ཞིག་ཡིན་ངེས་པ་ནི་རང་རེས་མངོན་སུམ་སྤྱོད་ཡུལ་ལས་མཐོང་ཐུབ་པ་དེ་ལས་ལྷག་པའི་རྒྱུ་མཚན་གཞན་འགའ་ཡང་མི་དགོས་ཞེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། ཤོག་གྲངས་ ༢༠༡ པར། བསམ་མནོ་ཡག་པོ་ཞིག་བཏང་པ་ཡིན་ན་སྲོང་བཙན་གྱི་སྔོན་དུ་ཡི་གེ་མེད་ཐབས་རྩ་ནས་མེད་པའི་བདེན་དོན་ར་འཕྲོད་རིག་པ་དང་མངོན་སུམ་ཚད་མ་གཉིས་ཀྱི་ཐོག་ནས་འབྱུང་ངེས་པ་ཡིན། ཞེས་གསལ།
ཟུར་མཆན། ༡ རྩོམ་པ་པོས། ཐོན་མིས་ཞང་ཞུང་གི་ཡི་གེ་རྨང་གཞིར་བཟུང་ཞིང་རྒྱ་གར་གྱི་གུཔྟའི་ཡི་གེ་ལས་ལེགས་ཆ་བླངས་ནས་བོད་ཡིག་གི་གཟུགས་རིས་བརྩམས་པར་བཞེད། ༢ དུས་ཕྱིས་ཀྱི་བོན་པོ་རྣམས་ལ་ཆོས་ཀྱི་ཤན་ཞུགས་ནས་ཡི་གེ་ལ་དག་པ་ལྷ་ཡི་ཡི་གེ་ཟེར་བ་སོགས་ཀྱི་བཤད་སྒྲོས་བྱུང་བར་བཞེད། ༣ ཐོན་མིས་གནའ་བོའི་ཞང་ཞུང་གི་ཡི་གེ་སྤྱོད་བདེར་བཅོས་པ་དཔེར་ན་ཞང་ཡིག་གི་འབྲེལ་སྒྲ་བཅུ་གསུམ་དེ་ལྔར་བསྡུ་བ་སོགས་མཛད་པར་བཞེད།

བཅུ་བཞི་པ།

རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།
བསྟན་བཅོས། བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས། ༡༤ པར ། ་་་་་དུས་རབས་བདུན་པའི་དཀྱིལ་ལ་བོད་ཡིག་འདི་གསར་དུ་བཟོས་པ་ནས་བཟུང་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ཉི་ཤུ་རྩ་བརྒྱད་ཕྱིན་ཡོད་རུང་ཞེས་དང༌། ཤོག་གྲངས། ༡༥ པར། དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་ཡི་གེ་འདི་ཐོན་མིུ་སམ་བྷོ་›ས་བཟོས་པ་དང༌། ཞེས་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། བོད་ཀྱི་ཞང་ཞུང་གི་ཡིག་རྙིང་དང་རྒྱ་གར་ན་ག་རའི་ཡི་གེ་གཉིས་ལ་ཕྱི་མོ་བྱས་པར་བཞེད།
གསར་བསྣན་ཡི་གེ། ཤོག་གྲངས་ ༡༨ པར། བོད་སྐད་ལ་ཡོད་པའི་དམིགས་བསལ་གྱི་གསལ་བྱེད་ཡི་གེ་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་གསར་དུ་བསྣན། ཞེས་གསལ།
དེ་སྔོན་ཡི་གེ་ཡོད་མེད། ཤོག་གྲངས་ ༩ པར། ངས་བསམ་པར། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་བོད་ཡིག་རྙིང་པ་ཞིག་ཡོད་པ་དེ་ནི་ཞང་ཞུང་གི་ཡིག་རྙིང་ཡིན་པ་དང་ཞེས་གསལ།
ཟུར་མཆན། ་་་་་་བོད་དུ་ལོག་རྗེས་སྐབས་དེའི་བོད་ཀྱི་སྐད་ལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་གནས་ཚུལ་ངོ་མ་གཞིར་བཟུང་ནས་སྔར་ཡོད་བོད་ཡིག་རྙིང་པ་དེར་ཆ་མ་ཚང་བ་རྣམས་ཁ་སྐོང་དང་ལེགས་བཅོས་བྱས་ཏེ། ད་ལྟའི་བོད་ཡིག་གི་ཡིག་གཟུགས་གསར་བཏོད་དང་ཅུང་ཆ་ཚང་ཞིང་གོ་རིམ་ཡོད་པའི་རིགས་པའི་གཞུང་ལུགས་སུམ་ཅུ་པ་དང༌། རྟགས་འཇུག་སོགས་བརྡ་སྤྲོད་རིག་པའི་བསྟན་བཅོས་བརྒྱད་བརྩམས་པ་བཅས་བྱས་པ་ནས་དེང་སང་ང་ཚོས་བེད་སྤྱོད་བྱས་པའི་བོད་ཡིག་གི་ཡིག་གཟུགས་འདི་བྱུང་པ་རེད། ཅེས་ཤོག་གྲངས ༡༠ དང་ ༡༡ པར་གསལ་ཞིང་ཁོང་གིས་འོས་ཤིང་འཚམས་པའི་ལོ་རྒྱུས་ཀྱི་གླེང་ཚུལ་ཞིག་སྤེལ་འདུག་སྙམ།

བཅོ་ལྔ་པ།

རྩོམ་པ་པོ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
བསྟན་བཅོས། གངས་ཅན་ཡུལ་གྱི་ས་ལ་སྤྱོད་པའི་མཐོ་རིས་ཀྱི་རྒྱལ་བློན་གཙོ་བོར་བརྗོད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༌། བོད་གཞུང་ཤེས་རིག་པར་ཁང་གི་པར་མ།
བརྩམས་དུས། ཆུ་མོ་ལུག་ལ་བརྩམས་ཞེས་རྒྱལ་རབས་རང་དུ་འབྱུང་ཞིང་ཆུ་མོ་ལུག་དེ་ཕྱི་ལོ་ ༡༦༤༣ ལོ་ཡིན་པ་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཤོག་གྲངས་ ༢༤༧ པར་གསལ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས་ ༢༣ པར་མགོན་པོ་ཟུར་ཕུད་ལྔ་པའི་བྱིན་རླབས་ཀྱི་ག་པུར་གསར་པའི་ཐིགས་པ་སྙིང་ལ་འཕོག་པས། རྨོངས་རྟུལ་གྱི་ཚ་གདུང་ལྷག་མེད་དུ་བཅིལ་བའི་མདུན་ན་འདོན་གཉལ་ནས། ཐོན་མི་ཨ་ནུའི་བུ་སམ་བྷོ་ཏ་བྲན་དང་བཅས་པ་སོགས་འབྱུང༌།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ནས། ལཎྫ་ལ་དཔེ་བྱས་ནས་དབུ་ཆེན། ཝརྟུ་ལ་དཔེ་བྱས་ནས་ཤར་མ་སོགས་ཡི་གེའི་གཟུགས་དང་བརྡ་གསལ་བར་བྱེད་པའི་སུམ་རྟགས་སོགས་བོད་ལ་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་མཛད་དེ་རྒྱལ་པོ་ལ་ཕུལ། ཞེས་གསལ།
གསར་བསྣན་ཡི་གེ ཅ་ཆ་ཇ་ཞ་ཟ་འ་རྣམས་མི་དགོས་པ་འདིར་བསྣན་ཞེས་འབྱུང༌།
ཟུར་མཆན། རྩོམ་པ་པོས་རྒྱ་གར་ཡི་གེ་ལས་དགོས་པ་བླངས་མི་དགོས་པ་དོར་ཅེས་པའི་བཤད་སྲོལ་གྱི་སྲོག་བསྐྱངས་ཡོད་ཅིང་དེ་སྔ་བོད་ལ་ཡི་གེ་མེད་པའི་ཕྱོགས་བཟུང་ཡོད་པ་ཡིན།

བཅུ་དྲུག་པ།

རྩོམ་པ་པོ། འགོས་ལོ་གཞོན་ནུ་དཔལ།
བསྟན་བཅོས། དེབ་སྔོན། སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གི་པར་མ།
བརྩམས་དུས། དུས་རབས་བཅོ་ལྔ་པ། ཕྱི་ལོ་ ༡༤༧༦ ལོར་བརྩམས་གྲུབ།
ཡི་གེ་གསར་བཟོ་མཁན། སྟོད་ཆའི་ཤོག་གྲངས་ ༦༤ པར་སྲོང་བཙན་སྒམ་པོའི་རིང་ལ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ནས་སློབ་དཔོན་ལྷ་རིག་པའི་སེང་གེ་ཞེས་བྱ་བ་ལ་ཡི་གེ་དང་སྐད་ལེགས་པར་བསླབས་སོགས་གསལ།
ཡི་གེའི་ཕྱི་མོ་གང་ཡིན་སྐོར། བོད་དུ་འོངས་ནས་རྒྱ་གར་གྱི་ཕྱི་མོ་ལྔ་བཅུ་ལས་བོད་དུ་ཕྱི་མོ་སུམ་ཅུར་བྱས། དབྱངས་བཅུ་དྲུག་ལས་ཨ་ཨི་ཨུ་ཨེ་ཨོ་རྣམས་ཉེ་བར་མཁོ་ཞིང་གཞན་རྣམས་བཞག་ཅེས་གསལ།
གསར་བསྣན་ཡི་གེ ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་གིས་ཅ་ཆ་ཇ་ཞེས་ཟེར་ཏེ་དེ་གསུམ་བཀོད། རྒྱ་གར་ལ་མེད་ཀྱང་བོད་ཞ་དང་ཟ་དང་འ་རྣམས་དགོས་པར་དགོངས་ཏེ་བཙུད། ཞེས་གསལ།
ཟུར་མཆན། རྩོམ་པ་པོས་ཡི་གེ་གསར་བསྣན་སྐོར་ལ་ཐུན་མོང་མ་ཡིན་པའི་དགོངས་ཚུལ་ཞིག་བཏོན་འདུག

བཅུ་བདུན་པ།

རྩོམ་པ་པོ། ཚལ་པ་ཀུན་དགའ་རྡོ་རྗེ།
བསྟན་བཅོས། དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་གི་པར་མ།
བརྩམས་དུས། དུས་རབས་བཅུ་བཞི་པ།
ཤོག་གྲངས་ ༣༥ པར་ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་བརྩམས་ཞེས་པ་ཙམ་ལས་མི་གསལ་ཞིང་རྒྱ་གར་གྱི་མཁན་པོ་ལི་བྱིན་ཞེས་པ་སྒྲ་བསྒྱུར་ལས་བྱེད་ཁོངས་སུ་བགྲངས་འདུག

བཅོ་བརྒྱད་པ།

རྩོམ་པ་པོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན།
བསྟན་བཅོས། ལེགས་བཤད་རིན་པོ་ཆེའམཛོད་དཔྱོད་ལྡན་དགའ་བའི་ཆར། མཁས་གྲུབ་རྒྱ་མཚོས་ལྡི་ལིར་འཕྲུལ་པར་བཏབ་པའི་ལག་བྲིས་པར་མ།
བརྩམས་དུས༌། དུས་རབས་ཉི་ཤུ་པའི་སྟོད། རྩོམ་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས ཕྱི་ལོ་ ༡༨༥༦ ་་་ ༡༩༣༣ བར་ཡིན་པ་དེབ་འདིའི་གླེང་བརྗོད་ནང་གསལ།
ཡི་གེ་གསར་བཟོ་མཁན་སུ་ཡིན་སྐོར། ཤོག་གྲངས ༡༡༥ པར། བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། ཞེས་པས་སོགས་འབྱུང་ཞིང་ཁོང་གིས་སྲོང་བཙན་ཡར་སོྔན་བོད་ལ་ཡི་གེ་མེད་པར་གསུངས་པ་ནི་བོན་གྱི་ཆོས་ལ་སྨད་པའི་དོན་དུ་ཡིན་ཡང་ཡང་དག་པར་ནི་ཆོས་རྒྱལ་ལ་བསྟོད་པའི་ཤུགས་ཀྱིས་རང་གི་ཡབ་མེས་ལ་དམའ་ཕབ་པ་ཡིན་ཚུལ་གསུངས་འདུག