རང་ངོ་མ་ཟིན་པའི་སྔ་རོལ་ནས།སློབ་གྲྭ་ནི་འུ་ཚོའི་འགྲོ་ལམ་དུ་གྱུར་ནས་ཡོད་ཀྱང་།རང་ངོ་ཟིན་པའི་གོ་རིམ་མཐའ་དག་ཀྱང་།སློབ་གྲྭ་ལས་བསླབས་ཤིང་ཤེས་པ་རེད།དེ་འདྲ་ཡིན་ཚེ།ང་ཚོའི་དར་རྒུད་ནི་སློབ་གྲྭ་ལ་རག་ལས་ཤིང་།སློབ་གྲྭ་ལས་ཀྱང་སློབ་གཉེར་ལ་རག་ལས་པ་ཁོ་ཐག་རེད།དེ་བཞིན་སློབ་གཉེར་ལས་ཀྱང་དེའི་དམིགས་ཡུལ་ཕུན་ཚོགས་ཤིག་རྒྱུད་ལ་འཛིན་པ་ནི་ཤིན་ཏུ་གལ་ཆེ་བོ་རེད། ལར་མི་ཞིག་གི་དམིགས་ཡུལ་ནི་མི་དེ་འཚོ་གནས་བྱེད་སའི་ཁོར་ཡུག་གིས་བསྐྱེད་པའི་བསམ་པའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་བློ་སྦྱོང་ལས་འབུས་པ་ཐག་ཆོད་དེ།ཡུལ་དུས་གང་དུ་འཚོ་བའི་མི་ཞིག་གི་བསམ་པའང་ཡུལ་དུས་ཀྱི་རྒྱ་ཁྱོན་དེ་ལས་འདའ་ཚུལ་ཕལ་ཆེར་མེད།དེ་ནི་རྒྱའི་རྩོམ་པ་པོ་མའོ་ཡན་༼莫言༽གྱིས་རང་གི་བརྩམས་སྒྲུང་འབྲི་བའི་དམིགས་ཡུལ་དེ་ཉིན་རེར་མོག་མོག་ཐེངས་གསུམ་ཟ་བའི་དམིགས་ཡུལ་ལས་མགོ་བརྩམས་པ་ལྟ་བུ་རེད།ཟས་གོས་ཀྱིས་དབུལ་བའི་དུས་སྐབས་དེ་དག་ཏུ་ལྟོ་གོས་ལས་འཕྲོས་པའི་ཕུགས་བསམ་ཞིག་ལས་གང་དུ་ཚན་རིག་པ་རླབས་པོ་ཆེ་ཞིག་གམ།རྩོམ་པ་པོ་གྲགས་ཆེན་ཞིག་བྱེད་པ་ལྟ་བུའི་དམིགས་ཡུལ་ནི་བྱིས་པའི་མཚར་གཏམ་བཞིན་དགོད་བྲོ་བ་ཞིག་ཏུ་ཕལ་ཆེར་ཟད།དེ་འདྲ་ཡིན་ཚེ།ད་ལྟའི་ང་རང་ཚོ་ནི་ལྟོ་རྒྱབ་ཙམ་ལ་སེམས་ཁུར་བྱེད་དགོས་མེད་ལ།ལྷག་པར་ཆུང་ལ་ཆུང་ངུ་ནས་བཟུང་”ཨ་མའི་མིག་འབྲས་དང་ཨ་ཕའི་གསང་གཏམ”བཞིན་སྲུང་ཞོར་སྐྱོར་ཞོར་ལ་ལག་ཆགས་པས།རང་ཅག་གི་སེམས་སུ་གཞན་བརྟེན་གྱི་སྒྱིད་ལུག་ཅིག་གམ།སྒེར་ཚིགས་ཀྱི་རྩ་བ་མ་སྨིན་པའི་གནས་བབས་ཤིག་ལས།ངས་ནི་འདི་དང་དེ་བྱེད་དགོས་པའི་དམ་ཚིག་བརྟན་པོ་དང་ཕུགས་བསམ་སྲ་མོ་ཅན་དཀོན་ཚོད་རེད།དེ་ལྟར།འུ་ཚོ་སློབ་གྲྭ་ལ་ཞུགས་མ་ཉིད་ནས་རྒྱུགས་སྐར་དང་འཐབ་རྩོད་བྱེད་པའི་གཡུལ་འཁྲུག་འཇིགས་ཡེར་བ་ཞིག་ལ་མགོ་བོ་འཐོམས་ཤིང་།སྐར་མའི་མང་ཉུང་གི་སྡོམ་རྩིས་རི་མོ་མང་པོ་ལ་དབྱེ་ཞིབ་དང་བསམ་མནོ་གཏོང་བའམ།རྒྱུགས་གཞི་དེ་རྩ་བ་དུག་གིས་ཟིན་པའི་ལྗོན་པ་དྲང་མོ་བཞིན།མིག་ལ་མཛེས་ཀྱང་ཁེར་ཚིགས་དང་རང་རྟོགས་ཀྱི་ནུས་པ་རྦད་དེ་བརླགས་པས།འུ་ཚོ་གཡུལ་འཁྲུག་དེའི་ཁྲོད་ངུ་ཞོར་དང་དམོད་ཞོར།འཇིགས་ཡེར་བར་ཨུ་ཚུགས་ཀྱིས་འཐམས་ཡང་།ཐ་མར་ལག་སོན་བྱུང་བ་ནི།ལས་དབང་གི་བཀོད་འདོམས་ནག་པོ་ཞིག་དང་འདྲ་བར།མགོ་བོ་སྒུར་བ་ལས་བྱ་ཐབས་ཟད་པ་ལྟ་བུ་ཞིག་རེད།ཏག་ཏག་དེ་དག་གི་རྐྱེན་པས།མང་པོ་ཞིག་ལ་མཚོན་ན།སློབ་སྦྱོང་གི་བྱ་བ་ནི་ལས་ཀ་དཀའ་མོ་ཞིག་གམ།དཔེ་ཀློག་བྱེད་པ་ནི་སུན་སྣང་གི་བྱ་བ་ཞིག་ཏུ་གྱུར་ལ་འགྱུར་གྱིན་པ་མིན་ནམ།དེ་བས།ང་ཚོ་ནི་ནམ་ནམ་ཞར་ཞར་ཡང་གཟའ་མཇུག་དང་སློབ་གསེང་ལ་རེ་སྒུག་བྱེད་པའི་བྱིས་དུས་ཀྱི་རང་ཉིད་ལས་ད་དུང་ལག་ཆགས་མ་བྱུང་ལ།ནམ་ཞིག་ཁོམ་ལོང་བྱུང་ཚེ།སློབ་གཉེར་བརྗེད་འགྲོ་བའང་སློབ་སྦྱོང་གི་དམིགས་ཡུལ་མ་ཡག་པའམ།སློབ་སྦྱོང་ལ་ངོས་འཛིན་ཡག་པོ་རང་མ་ཐེབས་པས་མིན་ནམ།

སློབ་སྦྱོང་གིས་ལས་དབང་བསྒྱུར་ཐུབ་པར་ཡིད་ཆེས་གནངས་ཚེ།སློབ་སྦྱོང་ལ་དད་པ་གནང་རོགས།སློབ་སྦྱོང་ལ་གྲོགས་པོ་བསྒྲིག་པའི་དམིགས་ཡུལ་འཛིན་རོགས།དེ་འདྲ་བྱས་ན།སློབ་གཉེར་གྱི་བྱ་བའང་རྒྱུགས་འབྲས་རྐྱང་རྐྱང་གི་བྲན་གཡོག་ཏུ་འགྱུར་མི་སྲིད་ལ།དེ་ལས་ལྷག་པའི་སངས་རྒྱས་ཀྱི་སྤྱན་ཟུང་ལྟ་བུའི་བླ་མེད་ཀྱི་འོད་སྣང་འབྱུང་བའི་ཁུངས་སུ་འགྱུར་བའང་གདོན་མི་ཟའོ།།