འདྲེན་ཚིག    ཡ་ཧུ་དཱ་པ་ནི་མི་རྣམས་ཀྱིས་བསམ་ཡུལ་ལས་འགོངས་པ་ཞིག་རེད་ཅེས་ཀུན་གྱིས་བཤད།

སྤྱི་ལོ་སྔོན་གྱི་ལོ60ནས་སྤྱི་ལོ1948བར་ཏེ་མི་ལོ་ཉིས་སྟོང་ལྷག་གི་རིང་ལ་གཞན་རིགས་ཀྱི་དབང་བསྒྱུར་འོག་ཏུ་ཡ་ང་བའི་མནར་གཅོད་མྱངས། དེ་ཡང་། ཐོག་མར་རོ་མ་པས་ཁོ་ཚོ་ཤར་བདའ་ལུང་བདའ་བྱས་ཏེ་ཕ་ས་ཕ་ཡུལ་བཙན་གྱིས་ཕྲོགས། སྤྱི་ལོ613ནས་ཨ་རབ་ཀྱིས་དབང་བསྒྱུར་ཏེ་ཕལ་ཆེར་ལོ་ངོ400ལྷག་སོང་། དེ་ནས་རྒྱ་གྲམ་ཆོས་སྤེལ་དམག་གིས་དབང་བསྒྱུར་ཏེ་ལོ་ངོ200ཡས་མས་འགོར། དེ་ནས་མུའུ་རོའུ་ཁིས་དབང་བསྒྱུར། དེ་ནས་ཨོ་སི་མན་ཐུར་ཁེས་དབང་བསྒྱུར། དེ་ནས་དབྱིན་ཇིས་མི་སེར་སྤེལ་ཡུལ་བྱས། 1948ལོར་ད་གཟོད་ཡ་ཧུ་དཱ་པའི་མི་རིགས་ལ་རང་བཙན་ཐོབ་སྟེ་ད་ལྟའི་དབྱི་སི་རལ་རྒྱལ་ཁབ་དངོས་སུ་ཚུགས། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ཡ་ཧུ་དཱ་པའི་མེས་པོ་རྣམས་ཀྱིས་བཙན་དབང་གི་མནར་གཅོད་ཟད་མི་ཤེས་པ་མྱངས་ཡོད་འདུག ལྷག་པར་དུ་ཧི་ཐི་ལིར་ན་ཙི་གཅིག་པུས་ཡ་ཧུ་དཱ་པ་ས་ཡ་དྲུག་དམར་གསོད་བཏང་། སྲོག་མགོ་ཐོན་པ་ཕལ་ཆེ་བས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་འཛམ་གླིང་ཡུལ་གྲུ་སོ་སོར་འཁྱམས་ཉུལ་དུ་ཕྱིན། དེ་ལྟར་དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་ཟད་མི་ཤེས་པ་ལུས་སེམས་གཉིས་ཀས་མྱོང་བཞིན་ས་སྒང་རིལ་མོ་འདིའི་སྟེང་དུ་ཁ་འཐོར་དགུ་འཐོར་དུ་སོང་བའི་ཡ་ཧུ་དཱ་པ་ནི་ད་ལྟ་འཛམ་སྟེང་མི་རིགས་སྟོབས་ཅན་དང་རྒྱལ་ཁབ་སྟོབས་ཅན་དུ་གྱུར་འདུག་པ་ནི་དངོས་གནས་ཧ་ལས་དགོས་པ་ཞིག་མ་ཡིན་ནམ།

དེང་སང་ང་ཚོས་ཡ་ཧུ་དཱ་པའི་སྐོར་གྱི་དཔེ་ཆ་དང་ཡིག་ཚགས་ལ་བལྟས་ན་འདི་ལྟའི་གནས་ཚུལ་རྒྱུན་པར་མཐོང་གི་འདུག་སྟེ། འཛམ་གླིང་སྟེང་བཟོད་བསྲན་ཆེས་ཆེ་བའི་མི་རིགས། ཤེས་རབ་ཆེས་ཆེ་བའི་མི་རིགས། ད་ལྟའི་བར་ནོ་པེལ་བྱ་དགའ་ཐོབ་མཁན་ལས་ཡ་ཧུ་དཱ་པས་བརྒྱ་ཆའི་ཉི་ཤུ་ལྷག་ཟིན་པ། འཛམ་གླིང་སྟེང་དཔེ་ཆར་ལྟ་གྲངས་ཆེས་མང་བའི་མི་རིགས། ཡི་གེ་སླར་གསོ་བྱུང་སྟེ་ལོ་བརྒྱ་ལྷག་ལས་འགོར་མེད་ཀྱང་ད་ལྟ་ཁོ་ཚོའི་ཡིག་རིགས་ཀྱི་དཔེ་ཆ་ལོ་རེར་ཁྲི་ཚོ་ཡས་མས་པར་སྐྲུན་བྱེད་བཞིན་པ། ཨ་རིའི་སྐད་གྲགས་ཅན་གྱི་སློབ་གྲྭ་ཆེན་མོ་བཅུའི་དགེ་རྒན་ཆེན་མོ་ལས་ལྔ་ཆའི་གཅིག་ཡ་ཧུ་དཱ་པ་ཡིན་པ། རྨོ་འདེབས་རུང་བའི་ས་ཞིང་ནི་རྒྱལ་ཁབ་ཧྲིལ་པོའི་ས་རྒྱའི་བརྒྱ་ཆའི་བཞི་ལས་མེད་ཀྱང་འཛམ་གླིང་སྟེང་ཞིང་ལས་རྒྱལ་ཁབ་ཆེན་པོའི་གྲས་སུ་གཏོགས་པ། དེང་དུས་ཨ་རི་ནི་འབྱོར་ལྡན་པ་ཆེས་མང་བའི་རྒྱལ་ཁབ་ཡིན་ཟེར་ན་ཨ་རིའི་འབྱོར་ལྡན་པའི་བརྒྱ་ཆའི་བཞི་བཅུ་ནི་ཡ་ཧུ་དཱ་པ་ཡིན་པ། དེ་དང་དེ་ལ་སོགས་པའི་དཔེ་བསམ་ཡུལ་ལས་འདས་པ་བགྲང་གིས་མི་ལང་བ་ཞིག་མཆིས་ན། ང་ཚོའི་སེམས་ངོར་ངང་ངམ་ཤུགས་ཀྱིས་དྲི་བ་ཞིག་ཐོན་ཡོང་ངེས། ཅིའི་ཕྱིར། ཡ་ཧུ་དཱ་པ་ནི་དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་དོན་དམ་པས་གང་ལ་ཐུག་འདུག དྲི་བ་འདིའི་ལན་འཚོལ་བའི་དཔེ་ཆ་དང་ཡིག་ཚགས་ནི་དེང་དུས་གང་མང་མང་ཞིག་འདུག་པས། ང་ཚོས་རང་མོས་ཀྱིས་བདམས་ཀློག་ཐུབ་ན་ནི་དགེ་མཚན་ཆེ་བར་མཐོང་། དེ་བས། ཀློག་དེབ་འདི་རུ་བསྒྱུར་རྩོམ་འདི་དང་གཞན་འབྲེལ་ཡོད་ཀྱི་རྩོམ་ཐུང་འགའ་རེ་འོས་སྦྱོར་ཞུས་པ་ཡིན། འདིས་ཀྱང་ང་ཚོའི་ལྟ་ཀློག་དང་ཞིབ་འཇུག་གི་མོས་པ་ཟབ་ས་དང་ཡངས་སར་འདྲེན་པར་ཤོག   —སྒྲིག་པ་པོས།


དེང་སང་ས་སྒང་རིལ་པོ་འདིར་འཚོ་ཞིང་གཞེས་པའི་ཡ་ཧུ་དཱ་པ་བྱེ་བ་གཉིས་དང་ས་ཡ་དྲུག་པོ་ཚང་མ་ཕྱུག་པོ་གཏེར་བདག་མིན་ན་ཡང་། ཁ་མ་སོས་རྒྱབ་མ་དྲོས། གང་སར་འཁྱམ་ཉུལ་གྱིས་སྤྲང་སློང་གི་འཚོ་བ་འཕྱིད་མཁན་ཡ་ཧུ་དཱ་པ་ཞིག་སུས་ཀྱང་མཐོང་རེ་སྐན། ཁྱོད་ནི་ཡ་ཧུ་དཱ་པ་ཞིག་ཡིན་ཞིང་ལག་ཏུ་དངུལ་སྐར་ལི་གང་མེད་པར་མིའི་ལུང་པར་སླེབས་པའི་དབང་དུ་བཏང་། “ཡ་ཧུ་དཱ་པའི་སྒྲིག་འཛུགས”ཤིག་ཏག་ཏག་ཡུལ་དེར་ཡོད་པའི་དབང་དུ་བཏང་། ཁོ་ཚོར་འབྲེལ་གཏུགས་ཀྱང་བྱེད་ཐུབ་པའི་དབང་དུ་བཏང་ན། དེས་ཁྱོད་ཀྱི་ཁ་ཟས་དང་གནས་མལ་གྱི་དཀའ་ངལ་དག་འཕྲལ་མར་སེལ་གྱི་རེད། དེ་ལྟར་ཡང་། “ཡ་ཧུ་དཱ་པའི་སྒྲིག་འཛུགས”དེ་ཇི་སྲིད་བར་རིན་མེད་ཞབས་ཏོག་སྒྲུབ་མཁན་གྱི་སྙིང་རྗེའི་སྒྲིག་འཛུགས་ཤིག་ནི་མ་ཡིན། ས་རྡོ་མིན་པས་ཇི་སྲིད་བར་རིན་མེད་སྤྲོད་རྒྱུའི་ཁ་ཟས་ཤིག་སུ་ཡིས་གང་ནས་ཁྱེར་ཡོང་། དེར་མ་ཟད་གང་ཡང་རིན་མེད་དུ་སྟེར་རྒྱུ་དེ་དངུལ་ཟོག་གཉེར་སྤྱོད་ལ་མཁས་པའི་ཡ་ཧུ་དཱ་པའི་སྲོལ་རྒྱུན་ལས་ཕྱིན་ཅི་ལོག་ཡོད། འོ་ན་ག་རེ་བྱེད་དམ། ཡ་ཧུ་དཱ་པ་ཤེས་འཇོན་ཉིས་འཛོམས་ཡིན་པས་ཐབས་ཤེས་གཞན་པ་འཚོལ་བ་རེད།

གང་ཙམ་ན་དབུལ་པོ་དེར་རོགས་རམ་བྱེད་འདོད་ཡོད་པའི་ཚོང་པ་ཞིག་ཁོ་ཚོས་ཁྲིད་ཡོང་། གལ་སྲིད་ཁོ་ནི་ལྷམ་བཙོང་བའི་ཚོང་པ་ཞིག་ཡིན་ན། ཁོས་སྤུན་ཟླ་དབུལ་པོ་དེ་ལ། “ངའི་ལྷམ་གྱི་ཚོང་ཁང་འདི་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད། ད་ཆར་ཤར་ཕྱོགས་སུ་ཡན་ལག་ཚོང་ཁང་གཅིག་ཀྱང་མེད། ཁྱོད་ཀྱིས་དེ་རུ་ལྷམ་གྱི་ཚོང་ཁང་གཞན་ཞིག་གཉེར་དང་། ཚོང་ཁང་གི་གླ་རིན་ངས་ཁྱོད་ལ་བསྐྱི། ཚོང་ཟོང་ཡང་ངས་ཁྱོད་ལ་འདོན་སྤྲོད་བྱ། ནམ་ཞིག་ལྷམ་བཙོངས་ནས་སྒོར་མོ་རྙེད་རྗེས་མ་རྩ་སྐྱེད་ཀ་དང་བཅས་ངའི་དོམ་སོད། ཁྱོད་རྐང་ཚུགས་པ་ན—རྐང་ཚུགས་རྒྱུར་ངས་རོགས་རམ་བྱེད། —ང་ནི་ཕུགས་ཡུན་རིང་པོར་ཁྱོད་ལ་ཚོང་ཟོང་འདོན་སྤྲོད་མཁན་ཡིན་དགོས”ཞེས་བཤད་ཀྱི་རེད།

མི་ལ་རོགས་རམ་བྱེད་སྟངས་འདི་ནི་ཤིན་ཏུ་ཐབས་མཁས་པོ་རེད་ལ། ཡ་ཧུ་དཱ་པ་ཁོ་ནས་དེ་སྲོལ་རྒྱུན་ཞིག་གི་ཚུལ་དུ་ཟམ་མ་ཆད་པར་འཛིན་སྐྱོང་ཐུབ་ཀྱི་ཡོད། མདའ་གཅིག་གིས་ཤ་བོ་གཉིས་གསོད་པ་ནི། ཡ་ཧུ་དཱ་མི་རིགས་ཀྱི་རྩལ་ནུས་ཤིག་རེད། དཀའ་ཁག་ཏུ་ཚུད་པའི་སྤུན་ཟླ་ལ་རོགས་རམ་བྱེད་པའི་དུས་སུའང་། གཞན་ཕན་དང་མཉམ་དུ་རང་ཕན་ཞིག་ཡོང་ཐབས་ལ་ཁོ་ཚོ་ཀླད་པ་དཀྲུག་དཀྲུག་གིས་གཞོལ། མཐར་ཐུག་དབུལ་པོ་ཡར་འགྲེང་བར་རོགས་རམ་བྱེད་ཐུབ་ཅིང་། སོ་སོའི་ཚོང་ལས་རྒྱ་སྐྱེད་ཀྱི་གྲོགས་སུའང་འགྲོ་བའི་ཐབས་མཆོག་དེ་འདྲ་ཁོ་ཚོས་རྙེད། ཕར་མི་ལ་རོགས་རམ་བྱེད་སྟངས་དེས་ཚུར་རོགས་རམ་བྱེད་མཁན་ལ་ཕན་ཐོགས་པའི་རྐྱེན་གྱིས། གཞན་ཕན་སྙིང་རྗེའི་ཐབས་ལམ་དེ་ཕུགས་ཡུན་རིང་པོར་རྒྱུན་སྐྱོང་ཐུབ་པ་གཞི་ནས་བྱུང་།

 

2002ལོའི་ཟླ4པའི་ཚེས5ནས11ཉིན་གྱི《读者导报》ལས་བདམས་ཏེ་བསྒྱུར།
ཟུར་ཞུ། འདིར་བཀོད་པའི་རྩོམ་ཡིག་དག་བཙན་པོའི་དྲ་བའི་རྩོམ་སྒྲིག་པ་དང་༼གཞོན་ནུའི་རབ་བྱེད༽གཙོ་སྒྲིག་པ་སྐུ་ཞབས་ཉི་གཞོན་ལགས་ལ་དགོངས་ཞུ་མེད་པར། གང་འདོད་ཀྱིས་དེབ་དང་འཕྲིན་སྟེགས། དྲ་བ་སོགས་གང་ལ་འང་མི་སྤེལ་རྒྱུར་གསོལ་བ་ལན་བརྒྱར་འདེབས།