cover-journalཕྱི་ལོ་ ༡༨༣༢ ལོར་རྒྱ་གར་གྱི་ཀ་ལི་ཀ་ཏར་ “བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་དུས་དེབ།” (The Journals of Asiatic Society of Bengal) ཞེས་པ་ཞིག་བཏོན་འདུག་ཅིང་། དེ་ནི་མིང་རང་དུ་ཁ་གསལ་བ་ལྟར་ཨེ་ཤ་ཡའི་སྤྱི་ཚོགས་ (http://asiaticsocietycal.com/) ཞེས་པའི་ཚོགས་པ་འདིས་བཏོན་པ་ཞིག་རེད། འདིར་ཚོགས་པའི་སྐོར་དང་དུས་དེབ་རྩོམ་སྒྲིག་པ་དང་པར་སྐྲུན་གནས་ཚུལ་སོགས་རེ་ཞིག་ཞུ་རྒྱུ་མིན། དུས་དེབ་དེའི་སྐོར་ནས་ངོ་སྤྲོད་ཙམ་ཞིག་ཞུ་འདོད་ཅིང་། དེ་ཡང་དུས་ཀྱིས་ལྕོགས་རིམ་བཞིན་གང་ལ་ཅི་འོས་ཀྱིས་འབྲི་རྒྱུ་ཡིན། (ཟུར་གསལ་གྱི་དྲ་རྒྱ་འདིར་ http://www.biodiversitylibrary.org ཕྱི་ལོ་ ༡༨༣༢ ལོ་ནས་ ༡༩༣༦ བར་གྱི་དུས་དེབ་རྣམས་ཕབ་ལེན་བྱེད་ཐུབ་པ་འདུག)

དུས་དེབ་མགོ་བཙུགས་པའི་ཐོག་མའི་ལོ་གསུམ་གྱི་དཀར་ཆག་ཁག་ལ་བལྟས་སྐབས། བོད་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་གསུམ་ལས་གཅིག་ནི་ ཀོ་རོ་ཤི་ཅོ་མ་ཤཱན་དོར་(Alexander Csoma de Koros, 1784-1842) ཡིན་ཞིང་། ཁོང་གིས་མཛད་པའི་ “བོད་སྐད་ཀྱི་མིང་གི་མཛོད་”ཅེས་པ་ ༡༨༣༣ ལོར་ཀ་ལི་ཀ་ཏར་པར་བཏབ་འདུག ཁོང་གི་ལོ་རྒྱུས་སོགས་ནི་དྲ་རྒྱ་འདི་ན་གསལ། (http://csoma.mtak.hu/en/) ཁོང་ནི་ནུབ་ཕྱོགས་སུ་བོད་རིག་པ་སྤེལ་མཁན་གྱི་གཙོ་བོ་ཞིག་ཡིན་པ་རེད། ཁོང་གི་མིང་ཡིག་ཀྱང་ཚིག་མཛོད་ཇི་བཞིན་བྲིས་ཡོད།

tibetan-passportཀོ་རོ་ཤི་ཅོ་མ་ཤཱན་དོར་ལགས་ཀྱིས་ ༡༨༣༢ ལོར་རྩོམ་ཡིག་བྲིས་པའི་ཁོངས་སུ། བཀའ་འགྱུར་དུ་འཁོད་པའི་འདུལ་བའི་གཞུང་གི་ནང་དོན་གྱི་སྐོར་ལ་རྩོམ་ཡིག་ཅིག་དང་། དེ་བཞིན་བོད་ཀྱི་ས་ཁུལ་འགྲེལ་བརྗོད་ཀྱི་ཟིན་ཐོ་ Geographical Notice of Tibet ཞེས་པ་ཞིག་འདུག ཡང་ཁོང་གིས་བཀའ་འགྱུར་ ༼རྒྱུད་༽ནས་ལེ་ཚན་ཞིག་བསྒྱུར་འདུག་པ་དེ་ལ་ “Translation of a Tibetan Fragment” ཞེས་འཁོད་ཅིང་། དེར་བོད་ཡིག་དབུ་ཅན་བྲིས་མའི་ཚུལ་གྱི་མ་ཡིག་ཀྱང་བཀོད་འདུག བོད་དང་འབྲེལ་བའི་རྩོམ་ཡིག་གཉིས་པ་འབྲི་མཁན་དེ་ནི་ ཨེ་ཆི་ ཨེ་ཆི་ ཝིལ་སོན་ཞུ་བ་(Horace Hayman Wilson, 1786-1860)དེ་ཡིན་པ་དང་། ཁོང་གིས་བཀའ་འགྱུར་གྱི་དཔྱད་ཞིབ་ ཅེས་པའི་རྩོམ་ཡིག་ཅིག་སྤེལ་འདུག་མོད་འདི་ཉིད་ཀྱང་སྐུ་ཞབས་ཅོ་མ་ལགས་ཀྱི་རྩོམ་ཡིག་ལ་གཞི་མཛད་ཅེས་པའི་དེབ་ཅིག་མཐོང་བྱུང་།

༡༨༣༣ ལོའི་འདོན་ཐེངས་རྣམས་སུ་ཅོ་མ་ལགས་ཀྱིས་བརྩམས་པའི་དུས་འཁོར་གྱི་འབྱུང་ཁུངས་སྐོར་ལ་རྩོམ་ཡིག་ཅིག་བྲིས་འདུག་པ་དེར་དུས་འཁོར་ནི་བོད་དུ་ཁ་ཆེ་བརྒྱུད་དུས་རབས་བཅུ་པའི་ནང་དར་ཚུལ་བཤད་པ་དང་། དཔྱད་གཞིར་ཡང་བོད་ཀྱི་ཡིག་ཆ་རྣམས་དྲངས་འདུག

ཡང་ཁོང་གིས་བསྒྱུར་པའི་ ༡༦༨༨ ལོའི་བོད་ཀྱི་ལག་འཁྱེར་ཞིག་ཨིན་སྒྱུར་བྱས་པ་ཞིག་འཁོད་པ་དེའི་མཚན་བྱང་ལ་ Translation of a Tibetan Passport, dated A. D. 1688. ཞེས་འཁོད་འདུག དེ་ནི་ “ཆོས་འཁོར་དཔལ་གྱི་ལྷ་ས་ནས་རྒྱ་གར་འཕགས་ཡུལ་བར་གྱི་ས་ལམ་དུ་འཁོད་པའི་སེར་སྐྱ་དྲག་ཞན་ལྷའི་མི་རྗེ་རྫོང་སྡོད་གཉེར་ལས་འཛིན་སོག་བོད་ཧོར་འབྲོག་ཨིར་ཆི་འགྲུལ་འགྲིམས་ལམ་འཕྲངས་སྲུང་འགག་རྒན་མི་དམངས་བྱ་བ་ཞི་དྲག་གི་སྣེ་སླེབས་བཅས་མཐའ་དག་ལ་སྤྲིངས་པ། ལྷ་ས་ཕུན་ཚོགས་ལྕང་ལོ་ཅན་གྱི་མགྲོན་པོ་མགོ་དཀར་ལྟང་སྣ་ཅན་མི་བཞི་ཞོན་ཁལ་བཅུ་དྲུག་བཅས་ཉེ་མཁོའི་ཚོང་སྒྱུར་གྲུབ་ནས་རང་ཡུལ་དུ་ལོག་འགྲོ་བར་སྟུར་གྱི་(ལྷུར་?)མགྲོན་གང་སྤྱིའི་པར་རོགས་ཉན་དུ་གང་འགྲོ་ལས་སྣེ་གོར་འཕྲོག་བཅོམ་སོགས་གནོད་འགོད་དུ་ལོག་པར་འགྲོ་བ་ཉན་མ་བྱེད་པར་ཕར་ཕྱིར་དུ་བདེ་བར་འགྲིམས་ཆུག ཞེས་ས་འབྲུག་ཟླ་ཚེས་ལ་ལུགས་གཉིས་ཀྱི་མདུན་ས་ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་ས་ནས།” ཞེས་པ་འདི་རེད།  ་ དེ་ལྟར་ན་འདི་ནི་“ལྷ་ས་ཕུན་ཚོགས་ལྕང་ལོ་ཅན་གྱི་མགྲོན་པོ་མགོ་དཀར་ལྟང་སྣ་ཅན་(Lt’hang-na-chan)མི་བཞི་”ཞེས་པ་ལ་བྲིས་པའི་ལག་ཁྱེར་ཅིག་རེད། ཡིག་ཆུང་འདི་ཧ་ལམ་ཀློག་བཏུབ་པ་ཞིག་འདུག་མོད་འགའ་ཞིག་ཚོད་དཔག་བྱེད་རྒྱུ་ལས་མ་འདས་མོད་འདིར་སླར་ཡང་ཁ་སྣོན་བཏབ་ཡོད་པ་དེ་ཡིན།  བོད་ཡིག་གི་དག་བཅོས་ཡོང་བ་ལ་དགའ་བསུ་ཞུ་བ་ཡིན།

ཡང་ཅོ་མས་ལོ་འདིའི་ཕྱི་ཟླ་བརྒྱད་པའི་དུས་དེབ་ཏུ་བཀའ་འགྱུར་ལས་ཤཱཀྱའི་རིགས་རྒྱུད་སྐོར་ལ་རྩོམ་ཞིག་བྲིས་འདུག སྐབས་འདི་ཙམ་ལ་བོད་ཡིག་གི་ལྕགས་འབྲུའང་སྒྲིག་ཡོད་པའི་ཚུལ་འདུག

tibetan-print-2

༡༨༣༤ ལོའི་པར་མ་འདི་ལྕགས་པར་ཡིན་ནམ་སྙམ།

༡༨༣༤ ལོའི་འདོན་ཐེངས་སུ་ “Professor Schelegel’s Enigma.-Mode of expressing numerals in the Sanskrit and Tibetan Languages” ཞེས་པའི་རྩོམ་ཡིག་ཅིག་འཁོད་པ་དེ་གྲངས་ཀྱི་མངོན་བརྗོད་སྐོར་ཡིན་པ་དང་། དེར་གཅིག་ལ་བསེ་རུ་སོགས་ཀྱི་གྲངས་ཀྱི་མངོན་བརྗོད་རྣམས་དྲངས་འདུག དེ་ལས་ཀྱང་བོད་ཡིག་དེ་ལྕགས་འབྲུའི་ཚུལ་དུ་སྤར་ཡོད་པ་དེ་རེད། ཡང་སྐུ་ཞབས་ཅོ་མ་ལགས་ཀྱིས་བོད་ཀྱི་བརྩམས་ཆོས་ལས་བཏུས་པ་ཞེས་པའི་བཀའ་བསྟན་ལས་བཏུས་པའི་བསྒྱུར་ཡིག་ཅིག་བཀོད་འདུག དེ་ནས་བོད་ཀྱི་བརྡ་སྤྲོད་ཅེས་པའི་མགོ་བརྗོད་ཀྱི་འོག་ཏུ་དུས་དེབ་འདིས་སྐུ་ཞབས་ཅོ་མ་ལགས་སུ་ཁྱེད་ཀྱིས་བྲིས་པའི་བརྡ་སྤྲོད་དང་ཚིག་མཛོད་ལ་དགའ་བསུ་ཡོད་ཅེས་སྤེལ་འདུག