སྤྱིར་རྩོམ་གང་ཞིག་ཡིན་རུང་བརྗོད་བྱ་དང་བརྗོད་སྙིང་མེད་པ་མི་སྲིད་ཀྱང་། རྩོམ་པ་པོ་སོ་སོའི་ཁམས་དང་མོས་པ་བཞིན་བརྗོད་བྱ་དང་བརྗོད་སྙིང་གང་ཞིག་གདམས་རྒྱུར་ངེས་པ་མ་མཆིས། འདིར་རབ་བྱུང་བཅུ་བཞི་བའི་ནང་བྱོན་ཅིང་། བོད་ཁམས་སུ་མཚན་སྙན་རྒྱས་པའི་མཁས་པ། ཞང་སྟོན་བསྟན་པ་རྒྱ་མཚོ་ལགས་ཀྱིས་མཛད་པའི་རྩོམ་ཡིག་བྱེ་བྲག་གི་ཁ་བྱང་གཏན་འཁེལ་གནང་མེད་པ་ཞིག་དང་འབྲེལ་ནས་རྩོམ་ཡིག་ནི་སྤྱི་ཚོགས་ལེགས་ལམ་དུ་འཁྲིད་པའི་སློབ་གསོ་དངོས་ཤིག་གམ་ས་བོན་ཞིག་ཏུ་གོ་དགོས་ཚུལ་བསྙད་པ་ལ། ཐོག་མར་རྩོམ་འདིའི་རྩོམ་པ་པོ་ཅུང་ཟད་ངོ་སྤྲོད་པར་བྱ།

ཞང་སྟོན་བསྟན་པ་རྒྱ་མཚོ་ལགས་ནི(1825)ལོར་མདོ་སྨད་དུ་སྐུ་འཁྲུངས་ཤིང་། ཡབ་ཀྱི་མཚན་ལ་སྙིང་དཀར་འབུམ་དང་། ཡུམ་གྱི་མཚན་ལ་ཨ་རིག་བཟའ་ཚེ་རིང་སྒྲོལ་མར་ཞུ། ཁོང་དགུང་ལོ་ལྔ་བའི་སྟེང་ནས་ཡི་གེ་འབྲི་ཀློག་བསླབས་ཤིང་། དགུང་ལོ་བདུན་པའི་ཐོག་རྗེ་དཀོན་མཆོག་རྒྱ་མཚོའི་དྲུང་ནས་ཆོས་འདུལ་བར་རབ་ཏུ་བྱུང་ཞིང་། མཚན་ལ་དཀོན་མཆོག་ཐབས་མཁས་སུ་གསོལ། དགུང་ལོ་བཅུ་གཅིག་བཞེས་ཚེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་གཞུང་ཆེན་མོར་ཐོས་པ་བྱེད་པའི་དབུ་བརྩམས། དགུང་ལོ་ཉེར་གཅིག(1845)ལོར་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་དྲུང་དུ་དགེ་བསྙེན་ནས་བཟུང་བསྐྱར་སྒྲུབ་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་མནོས། མཚན་བསྟན་པ་རྒྱ་མཚོར་གསོལ། ལོ་དེའི་དགུན་ཆོས་ལ་ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་གནང་། རྗེ་ཤེས་རབ་རྒྱ་མཚོ་སོགས་ཡོངས་འཛིན་མང་དུ་བསྟེན། (1854)ལོར་ཐུའུ་བཀྭན་མཆོག་སྤྲུལ་གྱི་ཡོངས་འཛིན་ལ་རྒྱ་ནག་པེ་ཅིན་དུ་ཕེབས། དགུང་ལོ་སོ་གསུམ་སྟེང་དགོན་ལུང་དུ་ཕེབས་ནས་ལོ་གཉིས་ཀྱི་རིང་ལ་ཟབ་ཆོས་མང་དུ་གནང་། དགུང་ལོ་ཞེ་གསུམ་ཐོག་ནས་ལོ་ངོ་བདུན་ཙམ་གྱི་རིང་ལ་གོང་ས་སྐྱབས་མགོན་(1)མཆོག་སྤྲུལ་རིན་པོ་ཆེར་མཚན་ཉིད་གསན་སྦྱོང་གི་ཞབས་ཞུ་གནང་། ཞྭ་དམར་སྤྲུལ་བའི་སྐུ་དང་སུམ་བྷ་མཁན་སྤྲུལ་སོགས་ལ་འང་བཀའ་ཆོས་མང་དུ་གནང་། དགུང་ལོ་རེ་བརྒྱད་པ་ནས་ལྗགས་རྩོམ་མང་དུ་མཛད་ཅིང་ད་ལྟར་པོ་ཏི་བཞི་ཙམ་བཞུགས། དགུང་ལོ་དོན་གསུམ་པ(1897)ལོར་སྐུ་གཤེགས། ཁོང་གིས་གསུང་རྩོམ་གང་མཛད་ཀྱི་ཞལ་གསལ་ཞིང་། བརྗོད་བྱ་རྣོ་ལ། ལུགས་གཉིས་ཀྱི་ཕྱོགས་ནོན་པས་དཀྱེལ་ཡངས་པའོ།།

དཀྱུས་ལ་དབབ་ན། རྩོམ་ཡིག་འདིར་ཤོ་ལོ་ཀ་བཅུ་གཅིག་ལྷག་ཡོད་ཅིང་། འུད་བརྗོད་དང་འཁྱོག་བརྗོད་ཀྱི་སྤྲོས་པ་དོར་ནས་བསླབ་བྱའི་རྩོམ་ཡིག་གི་རྣམ་པར་མཛད་པ་ཞིག་རེད་འདུག བོད་ལ་མཚོན་ན་བསླབ་བྱའི་རྩོམ་ཡིག་རྒྱ་བོད་གཉིས་ཀྱི་མཁས་པས་མཛད་པ་མང་པོ་བཞུགས་ཀྱང་། ཡུལ་དུས་ཀྱིས་རྐྱེན་པའི་ལ་ལ་ནི་བོད་རང་གི་སྤྱི་ཚོགས་དང་མི་གཤིས་ལ་ཁ་ཐག་རིང་། ལ་ལ་ནི་དམ་པའི་ཆོས་འབའ་ཞིག་གི་བསླབ་བྱར་སོང་བས་བོད་མིའི་སྤྱི་ཚོགས་ཀྱི་སློབ་གསོར་འགྱུར་དཀའ། དེའི་ཕྱིར་སྐབས་འཕྲལ་གྱི་འཚོ་བའི་དམིགས་ཕིག་ཅིང་། དགག་སྒྲུབ་ཀྱི་ལམ་ནས་མཛད་པའི་རྩོམ་ཡིག་འདི་འདྲ་དཀོན་པར་སྣང་། རྩོམ་ཡིག་འདིའི་རྗོད་བྱེད་ཀྱི་དཔེ་དང་གཏན་ཚིགས་སོགས་བོད་རང་གི་འཚོ་བར་ཐག་ཉེ་ཞིང་། བློ་ངོར་ཝལ་གྱིས་འབབ་པ། རྩོམ་ཡིག་ལ་མཁས་དང་མི་མཁས་གང་གིས་ཀྱང་རྟོགས་སླ་བ། དྲན་ཤེས་ཀྱིས་མ་ཟིན་པའི་འདོད་བློ་ཐལ་ཆེ་བ་དང་། གཞན་བྱ་བ་གང་ཡང་བགྱི་མི་ནུས་པའི་བྱབ་ཆུང་གི་རིགས་ལ་དགག་པ་དྲག་པོ་གནང་བའི་ཤུགས་ལས་བསྒྲུབ་པའི་བསླབ་བྱ་སྟོན་པ་སོགས་དོན་གྱི་ཟབ་བརླིང་ལྡན་པའི་ཁྱད་ཆོས་རྩོམ་ཡིག་འདིའི་དངོས་ཤུགས་གང་རུང་ན་གསལ་ཐིང་དུ་འདུས། ཚུལ་དེ་ཀློག་པ་པོ་དག་གིས་གཤམ་དུ་ཤོ་ལོ་ཆ་ཚང་དྲངས་པར་གཟིགས་ན་མཁྱེན་རྟོགས་འོང་ངེས།

ཕོ་མི་མཁོ་དགུ་མཁོ་འདོད་པ་ཅན།། དུས་དབྱར་དགུན་མེད་ལ་ཁོམ་དུས་མེད།། རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་(2)པོ།། ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད།།ཕོ་འདོད་ཆགས་ཅན་གྱི་བློས་ཡེངས་པོ།། སེམས་རླུང་རྒོད་ལགས་པས་ཁོམ་དུས་མེད།།དབྱར་གསོས་ཀའི་དུས་ཀྱི་བོང་གསེབ་དེ།།ཁོ་རང་ངེ་རང་ངེ་འདུག་དུས་མེད།།ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན།། ཁོ་ཉལ་རུང་ལངས་རུང་བདེ་དུས་མེད།། ནོར་ཐོབ་རྒྱུ་མེད་རུང་ཁྱི་རྒན་དེ།། ཁ་ཅབ་བེ་ཅབ་བེ་དལ་དུས་མེད།། ཕོ་བློ་ཁོག་ཅན་གྱི་བུ་རྒོད་པོ།། ནོར་སྡུག་གསོག་མུག་གསོང་གང་དུས་དུས་མེད།། ས་འོག་གི་བྱི་ལོང་མཆུ་དམར་དེ།། ས་འབུར་རེ་འབུར་རེ་འདུག་དུས་མེད།། ཕོ་རྒོད་པོ་ཚོང་ཁེ་བུན་ལོག་ཅན།། འདང་སྟོང་པ་བརྒྱབ་ནས་གཉིད་དུས་མེད།། འཇའ་འཛིན་འདོད་བྱིས་པ་བསམ་མེད་པོ།། དབུགས་ཐེར་རེ་ཐེར་རེ་འདུག་དུས་མེད།། མིང་བླ་མ་ཆེན་པོའི་གྲགས་པ་ཅན།། ཐུགས་ཤི་སྔས་གཏད་པས་བཞུགས་དུས་མེད།། མཐོ་དགུང་སྔོན་གཏད་པའི་བྱ་རྒོད་དེ།། ཁོ་ལྷབ་བེ་ལྷབ་བེ་རོ་ལ་འཁོར།།ཟས་དཀོར་ཟས་འཚོལ་བའི་གྲོང་ཆོག་པ།། ཁ་ལག་པ་གཉིས་ཀ་དལ་དུས་མེད།། ས་རི་བྲག་དཀྱིལ་གྱི་བྲ་ཙིག་དེ།། མཆུ་མོ་རེ་མོ་རེ་དལ་དུས་མེད།། གནས་རི་ཁྲོད་འགྲིམ་པའི་སྒོམ་ཆེན་པ།། གྲོང་ཁྱིམ་སྒོ་ཉུལ་ནས་ནས་སྤར་མཐུ།། ཉིན་ལུང་སྟོང་འགྲིམ་པའི་སྤྱང་ལྟོགས་དེ།། མཚན་ཀུག་གེ་ཀུག་གེ་རུ་མཐའ་ཉུལ།། མིང་གོོ་ས་མཐོ་འདོད་མི་ཆེན་ཚོ།། སྡུག་ཡོང་གི་ཡོང་གི་སུན་དུས་མེད།། མཐོ་རྫ་རུ་ཉུལ་བའི་ཤ་བོ་དེ།། ཁོ་གྲབ་བེ་གྲབ་བེ་འདུག་དུས་མེད།།དོན་བསམ་བློ་མི་གཏོང་མདོ་མེད་པོ།།ས་གང་དུ་སོང་ཡང་སྡུག་བསྔལ་མེད།། མི་སྤྲང་པོས་འཁྲིད་པའི་སྤྲེ་འུ་དེ།། ཁྲོམ་གར་སོང་བཞད་གད་ཆ་ལ་ལ།། ཆོས་ཚུལ་བཞིན་བྱེད་པའི་སྐྱེས་བུ་དེ།། ཕྱིའི་ཆ་ལུགས་ངན་ཡང་ཀུན་གྱིས་བཀུར།། གདུགས་སེར་པོའི་རྒྱུ་དག་ངན་ན་ཡང་།། མི་ཀུན་གྱི་གཙུག་ན་གྱི་ལི་ལི།།

ཞེས་ཚིག་རྐང་སྔ་མ་གཉིས་དཔེ་ཅན་དང་རྐང་བ་ཕྱི་མ་གཉིས་དཔེ་རུ་བཀོད་པའི་རྩོམ་སྟངས་འདི་ས་སྐྱ་ལེགས་བཤད་དང་མཚུངས་ཤིང་། སྙན་ངག་མེ་ལོང་མའི་གཞུང་ལྟར་ན། དེ་ཡང་རྩ་བ་ལས། སྔ་ཕྱིར་དོན་དང་དཔེ་བཀོད་པས།། མཉམ་རྟོག་ཟླ་བོ་དངོས་པོའི་དཔེ།། ཞེས་པའི་སྐབས་སུ་བསྟན་པ་བཞིན་དཔེ་རྒྱན་སོ་གཉིས་ལས་ཟླ་བོ་དངོས་པོའི་དཔེ་རུ་བཅིངས་འདུག

རྩོམ་ཡིག་འདིའི་རྩོམ་སྟངས་ཤིན་ཏུ་ཁ་གསལ་བོ་ཡིན་པར་མ་ཟད། དམངས་ཁྲོད་རང་བཞིན་གྱི་ཚིག་ཉམས་ཤིན་ཏུ་ཆེ། དཔེར་ན། ཀུམ་མེ་ཀུམ་མེ། རང་ངེ་རང་ངེ། ཅབ་བེ་ཅབ་བེ། འབུར་རེ་འབུར་རེ། ཐེར་རེ་ཐེར་རེ། ལྷབ་བེ་ལྷབ་བེ། མོ་རེ་མོ་རེ། གྲབ་བེ་གྲབ་བེ། ཀུག་གེ་ཀུག་གེ་སོགས་ལྟ་བུ་ཕ་སྐད་ཀྱི་རྣམ་པ་ཤས་ཆེ་ཡང་ཚིག་གསོན་ཉམས་ཅན་དུ་བཏང་ཡོད། ད་དུང་དཔེ་ལ་ཡང་། བོང་རྒན་དང་བོང་གསེབ། ཁྱི་རྒན། བྱི་ལོང་མཆུ་དམར། བྱ་རྒོད། བྲ་ཙིག བྱིས་པ། སྤྱང་ལྟོགས། ཤ་བོ། སྤྲེ་འུ་སོགས་སེམས་ཅན་དག་བཀོད་དེ་ཀུན་ལ་ལྐོག་ཏུ་མ་གྱུར་བའི་སྣང་བརྙན་རྐྱང་བཀོད་པར་བསྟུན། བརྗོད་བྱ་དོན་གྱི་སྙིང་པོ་ཀུན་རྗོད་བྱེད་དཔེ་ཡིས་བསྡུས་ཏེ་སྟོན་པའི་འགུགས་ཤུགས་ཀྱིས་ཀློག་པ་པོ་དག་གི་མིག་སྔར་སྤྱི་ཚོགས་ཤིག་གི་ལེགས་ཉེས་ཀྱི་སྣང་བརྙན་མང་པོ་ཞིག་ཚུར་ཕྱུང་འོང་བའི་ཚེ་ན། བསམ་པར་བྱ་བ་དང་སྒོམ་པར་བྱ་བའི་བགྱི་བ་གང་དག་གི་རིན་ཐང་ལ་ཚད་འཇལ་བའི་བློ་མིག་ཅིག་བསླང་ངེས་པར་འདོད་དོ།།

མཇུག་ཏུ་རྩོམ་འདིའི་བརྗོད་སྙིང་ནི་ཆོས་སྐད་ལྟར་བཤད་ན་འཆིང་བ་ཀུན་ལྡན་གྱི་མིའི་ཐོག་ཏུ་བབ་ཅིང་། མི་ལྟེ་བ་ཡིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་གཅིག་གིས་གཅིག་ཟ་བའི་འདོད་རྔམ་ཁོ་ནས་དབང་དུ་གྱུར་ན་སྤྱི་དང་བྱེ་བྲག་གི་བདེ་སྐྱིད་ཅིག་རྙེད་དཀའ་བར་བསྟུན། བྱེ་བྲག་གི་མི་མཐོ་དམའ་རབ་འབྲིང་སུ་ཡིན་ནའང་རང་རང་གི་འདོད་བློ་རྒྱ་ཡན་དུ་གཏོང་བའི་ཚུལ་ལ་མངོན་སུམ་དུ་དགག་པ་དང་། ཤུགས་སུ་ཀུན་སྤྱོད་ལེགས་པར་བསྲུང་དགོས་པར་བསྐུལ་ཡོད། དབང་དང་ཁེ་གྲགས་འབའ་ཞིག་དོན་དུ་གཉེར་བའི་སྤྱི་ཚོགས་ཤིག་གམ། མི་ཞིག་ལ་མཚོན་ན་ནང་གི་དྲན་ཤེས་དང་གཞན་ཕན། བྱམས་བརྩེ་ཡོངས་རྫོགས་གུད་དུ་བོར་ཟིན་པའི་རྒྱུ་མཚན་གྱིས། ཕལ་ཆེར་མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན་ཞིག་ཡིན་པ་རྩོམ་འདིའི་དཔེ་མང་པོ་ཞིག་གིས་ཁ་གསལ་དུ་བསྒྲུབས་པའི་ཚུལ་ནི་དུས་རབས་ཤིག་གི་གོང་ནས་ལུང་བསྟན་པ་དང་འདྲ་བོ་ཆགས་འདུག་པ་ལ། རང་ཅག་རྣམས་ཀྱིས་བསམ་པར་བྱ་བའི་བསླབ་བྱ་དམ་པའོ།།

མཆན། (1 )གོང་ས་སྐྱབས་མགོན་ནི་བླ་བྲང་སྐྱབས་མགོན་ལ་གོ་དགོས་སམ་སྙམ།
(2) རྒྱབ་མེད་ཞེས་པ་ནི་རྒྱབ་ལ་རྨ་བཏོད་པའི་དོན་དུ་གོ་དགོས་པར་འདོད།
དཔྱད་གཞི། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼བར་ཆ༽ ཤོག་ངོས ༣༦༦ མཚོ་སྔོན་མི་རིག་དཔེ་སྐྲུན་ཁང་། དཔར་ཐེངས། 2012 ལོའི་ཟླ 3 དཔར་ཐེངས་ལྔ་བ། བློ་བང་ཆོས་གྲགས་ཀྱིས་བསྒྲིགས།