ཆེད་ལས་ཀྱི་ཤེས་བྱས་མི་ལ་སློབ་གསོ་གཏོང་མི་བཏུབ། ཆེད་ལས་ཀྱི་སློབ་གསོ་ལས་ཁོ་རང་སྤྱོད་ལྡན་གྱི་འཕྲུལ་ཆས་ཤིག་ཆགས་ཐུབ་ན་ཡང་། བདེ་བླགས་ངང་འཚར་ལོངས་འབྱུང་བའི་མི་ཞིག་ཏུ་འགྱུར་མི་བཏུབ། སློབ་མ་ནི་རིན་ཐང་ལ་ངེས་ཤེས་རྙེད་ཅིང་ངར་ཤུགས་དྲག་པོས་བརྟས་པའི་ལམ་དུ་འཇུག་རྒྱུ་ནི་གནད་ཀྱི་རྩ་བ་ཡིན། ཁོ་ལ་ངེས་པར་དུ་མཛེས་པ་དང་ཀུན་སྤྱོད་ཀྱི་དགེ་བ་ཤན་འབྱེད་པའི་ནུས་པ་མཆོག་ཏུ་ལྡན་དགོས། དེ་མིན་ན། ཆེད་ལས་ཀྱི་ཤེས་དང་བཅས་ཁོ་རང་ནི་སྦྱོང་བརྡར་ཡག་པོ་འཕྲོད་པའི་ཁྱི་ཞིག་དང་གཉིས་སུ་མེད་པར་འགྱུར། དེ་བས་བདེ་བླགས་ངང་འཚར་ལོངས་འབྱུང་བའི་མི་ཞིག་དང་གཏན་ནས་མི་འདྲའོ། །ཁོ་རང་མི་གཞན་ནམ་ཐུན་མོང་གི་མི་ཚོགས་དང་འབྲེལ་བ་ཆགས་ཕྱིར། ཁོས་ངེས་པར་དུ་མི་གཞན་གྱི་ཀུན་སློང་དང་རྟོག་འཆར། སྡུག་བསྔལ་བཅས་ལ་རྒྱུས་ལོན་བྱེད་ཤེས་པ་དགོས།
  དངོས་རྫས་རྩ་ཆེན་འདི་དག་ནི་སློབ་གསོ་པས་དངོས་སུ་མྱོང་རྒྱུས་བྱས་ནས་གནང་བ་ལས། བསླབ་དེབ་ཀྱིས་གཞོན་རབས་པ་དག་ལ་སྩོལ་བ་མིན། མ་མཐར་གཙོ་བོ་བསླབ་དེབ་ཀྱིས་བསྩལ་བ་མ་རེད། མ་རྩ་འདི་ནི་རིག་གནས་དང་རིག་གནས་བསགས་ཉར་གྱི་གྲུབ་རྐྱེན་ཡིན། བདག་གིས་མི་གཞུང་རིག་གནས་ནི་དངོས་རྫས་གཙིགས་ཆེན་ཞིག་ལ་བརྩིས་ཏེ་གཞན་ལ་འཆད་དུས། ངའི་སེམས་ལ་འཁོར་ཡོང་བ་ནི་གོང་སྨོས་དེ་དག་ཡིན་པ་ལས། ལོ་རྒྱུས་དང་ཤེར་རྟོགས་རིག་པའི་ནང་གི་ཆེད་ལས་ཀྱི་ཤེས་བྱ་སྐམ་པོ་དེ་དག་མ་རེད།
   འགྲན་རྩོད་ལམ་ལུགས་ཐལ་སྤྱོད་བྱེད་པ་དང་དགོས་མཁོ་ལ་གཞིགས་ཏེ་མ་རན་གོང་ནས་ཆེད་ལས་ཅན་དུ་བསྒྱུར་བ་བཅས་ཀྱིས། ཆེད་ལས་ཤེས་བྱ་དང་བཅས་པའི་རིག་གནས་འཚོ་བ་ཡོངས་ཀྱི་ནང་ན་གནས་པའི་སྙིང་སྟོབས་རིགས་ཤིག་རྨེག་མེད་དུ་གཏོང་ངོ། །
    གཞོན་རབས་པ་རྣམས་ཁེར་ཚུགས་ཀྱི་དགག་སྒྲུབ་བསམ་བློ་དང་ལྡན་པའི་ལམ་དུ་འཇུག་དགོས་ན། རིན་ཐང་དང་ལྡན་པའི་སློབ་གསོ་ལ་ཁ་འབྲལ་ཐབས་མེད། རིག་ཚན་(སློབ་སྐར་ལམ་ལུགས)མང་དྲགས་ཤིང་རྫོབ་དྲགས་པའི་རྐྱེན་གྱིས་གཞོན་རབས་པ་རྣམས་ཚད་ལས་འདས་པའི་རྡོག་ཁྲེས་ཀྱིས་ནོན་ཏེ་མཆི། དེས་ཁེར་ཚུགས་ཀྱི་བསམ་བློ་བསྐྱེད་བསྲིངས་བྱེད་པ་ལ་མངོན་པར་གནོད་ཅིང་འཚེའོ། །ཚད་ལས་འདས་པའི་རྡོག་ཁྲེས་ཀྱིས་ནོན་ཆེས་ན་ཟབ་ཚད་ཀྱིས་ཟིན་པ་གཏན་དུ་མི་འོང་། སློབ་མ་རྣམས་ཀྱིས་སློབ་གསོ་ནི་ལག་རྟགས་རྩ་ཆེན་ཞིག་ལ་བརྩིས་ཏེ་དང་དུ་ལེན་པའི་ལམ་དུ་ཁྲིད་པ་ལས། སློབ་གསོ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་གི་ཚུལ་གྱིས་སློབ་མའི་སྒང་ལ་འཁྲི་ན་མི་འོས།
    སྦྱངས་འབྲས་མཐའ་དག་གི་ལྟག་རྒྱབ་ཏུ་སྒུལ་ཤུགས་ཤིག་ཡོད། དེ་ནི་སྦྱངས་འབྲས་ཀྱི་གཞི་རྩ་ཡིན། ལྡོག་སྟེ། སྒུལ་ཤུགས་འདིའི་རིགས་ནི་ལས་འགན་རྫོགས་པ་ལས་འཕར་བསྣོན་དང་བསྐྱེད་བསྲིང་བྱས་པ་ཡིན་ཚེ། དེ་ལ་ཧེ་བག་ཧ་ཅང་ཆེན་པོ་ཞིག་བྱུང་ཡོད། ཧེ་བག་འདིའི་རིགས་ནི་སློབ་གྲྭའི་སློབ་གསོའི་ཚད་གཞི་ལ་འབྲེལ་བ་ཤིན་ཏུ་ཆེ། བྱ་བ་འདྲ་མཚུངས་ཤིག་སྒྲུབ་ཅིང་། དེ་ནི་འཇིགས་བསྐུལ་དང་བཙན་ཤེད། སྙན་གྲགས་དང་གཟི་བརྗིད་ལ་སྙེགས་པའི་མཐོ་འདོད་ཀྱི་ཀུན་སློང་། དེ་བཞིན་ཕ་རོལ་བ་ལ་བཅངས་བའི་དྲི་མེད་ཀྱི་ལྷག་བསམ་དང་། བདེན་དོན་དང་ཤེས་འདོད་བསྐོང་བའི་རེ་འདུན་བཅས་གང་ཞིག་ལས་འགོ་བརྩམས་པ་ཡིན་ནའང་ཆོག །དེའི་རྐྱེན་གྱིས་བདེ་ཐང་དང་ལྡན་པའི་བྱིས་པ་ཚང་མའི་རྒྱུད་དུ་མཚར་སྣང་གི་བསམ་པ་ལྷན་གཤིས་སུ་གྲུབ་ཡོད་པས་སོ་ཞེས་ཀྱང་འཐུས། འོན་ཀྱང་མཚར་སྣང་གི་བསམ་པ་འདིའི་རིགས་སྔ་མོ་ནས་བྱིས་པའི་རྒྱུད་ལས་ཉམས་དམས་སུ་སོང་ཟིན་པ་རེད། བྱ་བ་འདྲ་མཚུངས་ཤིག་སྒྲུབ་ནའང་། སློབ་མ་ལ་ཐེབས་པའི་སློབ་གསོའི་ཤན་ཤུགས་ནི་ཡོངས་སུ་མི་འདྲ་བ་ཞིག་ཡིན་ཆོག །དེའང་འདི་ནི་བྱ་བ་དེ་འདྲ་བསྒྲུབ་པར་བསྐུལ་བའི་རྒྱུ་རྐྱེན་གཙོ་བོ་ནི་ཕོག་ཐུག་ལ་འཇིགས་པའི་ཞེད་སྣང་ཡིན་ནམ། རང་ཤེད་ཚ་བའི་འདོད་རྔམ་ཡིན་ནམ། ཡང་ན་དགའ་སྤྲོ་དང་ཆོག་ཤེས་ཀྱི་འཚོལ་སྙེག་ཡིན་པ་ལ་བལྟ་དགོས་སོ། །སློབ་གྲྭའི་དོ་དམ་དང་དགེ་རྒན་གྱི་རྣམ་འགྱུར་གྱིས་སློབ་མ་དག་གིས་ཐོག་མའི་སེམས་ཁམས་བཞེངས་བསྐྲུན་(塑造)བྱེད་པ་ལ་ཤན་ཤུགས་མི་ཐེབས་སོ་འདོད་མཁན་ཞིག་གླིང་ན་མེད།
    མི་རྣམས་ཀྱིས་གཞོན་རབས་པ་ལ་གོམས་ནས་ལོབས་པར་གྱུར་བའི་ལེགས་འགྲུབ་དེ་དག་མི་ཚེའི་དམིགས་ཡུལ་དུ་འཛིན་དགོས་པའི་བསྐུལ་མ་གཏོང་མཚམས་འཇོག་པར་རིགས། རྒྱུ་མཚན་ནི་ལེགས་འགྲུབ་བྱུང་བའི་མི་ཞིག་ལ་མཚོན་ན། ཁོ་ལ་སྤུན་ཟླ་རྣམས་ལས་ཐོབ་པ་དག དོན་དུ་ཁོ་རང་གིས་ཁོ་ཚོ་ལ་སྐྱེས་སུ་སྟེར་བ་དེ་དག་ཏུ་ཟད་པས་སོ། །དེ་བས་མི་ཞིག་གི་རིན་ཐང་འཇལ་དགོས་ན། ཁོས་སྐྱེས་སུ་ཅི་ཞིག་ཕུལ་ཡོད་པར་བལྟ་རིགས་པ་ལས། ཁོ་ལ་ཅི་ཞིག་ཐོབ་ཡོད་པར་བལྟ་མི་འོས།
   སློབ་གྲྭ་དང་འཚོ་བའི་ནང་ནས་ལས་ཀ་བྱེད་པའི་ཀུན་སློང་རྩ་ཆེ་ཤོས་ནི་ལས་ཀའི་ཁྲོད་ཀྱི་སྤྲོ་སྣང་ཡིན། ལས་ཀ་ལ་གྲུབ་འབྲས་ཐོབ་པའི་ཚེ་ན་བྱུང་བའི་སྤྲོ་སྣང་དང་། གྲུབ་འབྲས་དེའི་སྤྱི་ཚོགས་རིན་ཐང་གི་ངོས་འཛིན་བཅས་ཡིན། གཞོན་ནུ་དག་གིས་སེམས་ཀྱི་སྟོབས་ཤུགས་འདི་དག་བསྐྱེད་ཅིང་མཆོག་ཏུ་བསྐྱེད་རྒྱུ་ནི་སློབ་གྲྭ་ཞིག་གི་འགན་འཁྲི་གཙོ་བོ་ཡིན་འོས་པར་འདོད། ཡིད་ཀྱི་རྟེན་གཞི་འདི་འདྲ་ཞིག་འཛོམས་པར་བྱུང་ན། གཟོད་སྤྲོ་བས་བརྟས་པའི་འདུན་པ་ཞིག་ཀྱང་ངང་གིས་འབྱུང་ཞིང་། མིའི་རིགས་ཀྱི་རྒྱུ་ནོར་ཡག་ཤོས་ཏེ། ཤེས་བྱ་དང་སྒྱུ་རྩལ་གྱི་རྩལ་ནུས་ལ་འཚོལ་སྙེག་བྱེད་བཏུབ།
    ཁྱེད་ཅག་གིས་སློབ་གྲྭའི་ནང་ནས་སྦྱངས་ཡོང་བའི་ཤེས་བྱ་མཚར་པོ་དེ་དག་ནི། མི་ཐོག་མང་པོའི་རྩོལ་སྒྲུབ་ཀྱི་འབྲས་བུ་ལས་བྱུང་བ་དང་། འཛམ་གླིང་ཐོག་གི་རྒྱལ་ཁབ་ཚང་མའི་ཧུར་བརྩོན་དང་རྩོལ་སྒྲུབ་ལས་བྱུང་བའང་ཧ་གོ་དགོས། འདི་དག་ཐམས་ཅད་ཤུལ་བཞག་གི་ཚུལ་དུ་ཁྱེད་ཅག་གི་ལག་མཐིལ་དུ་བཞག་སྟེ། ཁྱེད་ཅག་གིས་དེ་ཉིད་དང་ལེན་དང་། དེ་ལ་གཙི་བཀུར། དེ་ཉིད་འཕེལ་རྒྱས་གཏོང་བ་མ་ཟད། ནམ་ཉི་མ་ཞིག་ལ་སླར་ཡང་ལྷག་བསམ་ཟོལ་མེད་ཀྱིས་ཁྱེད་ཅག་གི་བུ་རབས་ཚ་རྒྱུད་ཀྱི་ལག་ཏུ་འཇོག་དགོས་སོ། །དེ་ལྟར་བྱུང་ན། ང་ཚོ་ཅིས་ཀྱང་འཆི་དགོས་པའི་མི་འདི་དག་ཀྱང་། ང་ཚོ་ཐུན་མོང་གིས་གསར་བསྐྲུན་བྱས་པའི་རྟག་བརྟན་གྱི་དངོས་རྫས་འདི་དག་གི་ཁྲོད་ན་ཇི་སྲིད་བསྐལ་པ་མ་སྟོང་བར་དུ་གནས་འཆའ་ཐུབ་བོ། །
    ཅི་སྟེ་ཁྱེད་རྣམས་ཀྱིས་འདི་དག་ནམ་ཡང་མ་བརྗེད་པ་གནང་ན། ཁྱེད་ཅག་གིས་འཚོ་བ་དང་ལས་ཀ་དོན་ཡོད་དུ་གྱུར་པར་ངེས་ཤེས་རྙེད་ཅིང་། མི་རིགས་གཞན་དང་དུས་རབས་མི་འདྲ་བ་ལ་ལེགས་པར་ངོས་འཛིན་ཐུབ་བོ། །  ། །
གོ་ཙི་ཙིས་བསྒྱུར།
རྩོམ་ཁུངས།
<<ཨན་དབྱིན་སི་ཐྲན་གྱི་གསུང་རྩོམ་ཕྱོགས་བསྡུས།>>
པོད་གསུམ་པ།
(《爱因斯坦文集》第3