<<དཀྱེལ་ཡངས།>>ཞེས་པའི་དེབ་ཀྱི་མགོ་བརྗོད།

          ཝེ་ལེམ་བེན་ལོནགྱིས་བརྩམས།

          གུ་རུ་འོད་གསལ་གྱིས་བསྒྱུར།

    འཇམ་ལྷོད་ལྷོད་ཀྱིཤེས་མེད་ལུང་བ”(无知山谷)རུ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས། མུ་འབྲེལ་གྱི་རི་རྒྱུད་བརྟན་པོ་རྣམས་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་གཡུ་འབྲུག་འཁྱུག་པ་ལྟར་ཆགས་ཡོད། ཤེས་བྱའི་ཆུ་ཕྲན་ཡང་ས་རྡུལ་གྱིས་བཟུང་བའི་ལུང་ཁོག་ཟབ་མོ་འདི་བརྒྱུད་ནས་དལ་མོར་འབབ་ཀྱིན་མཆིས་ཤིང་། དེའི་མགོ་ཁུངས་སྔོན་ཆད་ཀྱི་རི་རྒོད་ཅིག་ཡིན་པ་དང་། དེ་འབབ་སའང་མ་འོངས་པའི་ན་འདམ་ཞིག་ཡིན། ཆུ་ཕྲན་འདི་ལ་གཙང་བོ་ཆེན་པོ་ཇི་བཞིན་རྦ་རླབས་ལང་ལོང་དུ་འཕྱུར་རྒྱུ་མེད་ནའང་། འདོད་ཆུང་ཆོག་ཤེས་ཀྱི་སྡེ་མི་རྣམས་ལ་འཐུང་ཆུས་འདང་བར་མ་ཟད་ལྷག་མ་ཡོད་པའི་ཚད་རེད། མཚན་མོར། སྡེ་མི་ཚོས་ཟོག་ལ་ཆུ་བླུད་ཅིང་སྣོད་དུ་ཆུ་བཅུས་རྗེས། ཡིད་ཚིམ་པའི་ངང་ལྷན་འཛོམས་ཀྱི་བདེ་སྐྱིད་ལ་རོལ་ནས་ཡོད། རྙིང་ཞེན་ཆེ་བའི་རྒན་པ་ཚོ་སྐྱོར་ནས་ཕྱི་ལ་ཐོན་པ་ན། ཁོ་ཚོས་ཉིན་ཧྲིལ་བོར་བསིལ་འཇམ་གྱི་གྲུ་ཟུར་ཞིག་ནས་ལྐོག་གྱུར་གྱི་དཔེ་རྙིང་ཞིག་ལ་ཅེར་ཏེ་བསམ་བློ་ཡང་ཡང་གཏོང་ཞིང་། ཡི་གེ་མཚར་བོ་དག་བྱིས་པ་ཚོར་བསྟན་ཏེ་ཉོག་བཤད་མང་པོ་རྒྱག འོན་ཏེ་བྱིས་པ་ཚོའི་བློ་ཁ་ཐག་རིང་ནས་ཁུར་ཡོང་བའི་རྡོ་བ་མཛེས་པོ་དེའི་ཕྱོགས་སུ་འཁོར་ཡོད། ཡི་གེ་འདི་དག་གི་ནང་དོན་གསལ་བོ་ཞིག་ཤེས་སུ་མེད་མོད། དེ་ནི་མི་གཅིག་གིས་ཀྱང་མི་ཤེས་པའི་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་ཚོ་བ་ཞིག་གིས་བྲིས་ཤིང་མཆོག་ཏུ་གྱུར་བ་ཞིག་ཡིན་པས་སུས་ཀྱང་དེ་ལ་ཁྱད་གསོད་བཏང་མི་ཆོག ཤེས་མེད་ལུང་བ་རུ་གནའ་སྔ་མོའི་བྱ་དངོས་ཅི་ཡིན་ཡང་གུས་བརྩི་བྱེད་ལ། སུ་ཞིག་གིས་མེས་པོའི་ཤེས་རབ་ལ་དགག་པ་བྱས་ཚེ་སྐྱེས་བུ་དམ་པ་རྣམས་ཀྱིས་དེ་ལ་གྲང་ཤུར་ཤུར་གྱི་རྣམ་འགྱུར་འཛིན་པ་ཡིན། དེ་བས་མི་ཚང་མ་མཛའ་མཐུན་མཉམ་གནས་ཀྱིས་འཚོ་བཞིན་ཡོད། དེ་ལྟ་ནའང་འཇིགས་སྐྲག་ནི་དུས་ནམ་ཡང་སྡེ་མི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོག་ནས་ཡོད། སུ་ལ་ལྡུམ་རའི་ནང་གི་ཤིང་འབྲས་ཀྱི་བགོ་སྐལ་མ་ཐོབ་ཚེ་ཅི་བྱེད་དམ། མཚན་གུང་ལ། གྲོང་ཚོའི་སྲང་ལམ་ཆེ་ཆུང་ཀུན་དུ་སྡེ་མི་ཚོས་སྐད་དམའ་མོས་གནས་ཚུལ་གསལ་བོ་མིན་པའི་འདས་དོན་དང་དྲི་བ་འདོན་ཕོད་པའི་སྐྱེས་ཕོ་མོ་དེ་དག་བརྗོད་ཀྱིན་ཡོད། རྗེས་སུ་སྐྱེས་ཕོ་མོ་དེ་དག་གཏན་ནས་ཕྱིར་ལ་མ་ཡོང་། མི་གཞན་པ་འགས་ཉི་འོད་ཀྱང་མི་མཐོང་བའི་བྲག་རི་མཐོན་པོ་དེར་འགོ་བའི་ཚོད་ལྟ་བྱས་ནའང་། ཁོ་ཚོ་མར་བྲག་འདབས་སུ་ཡར་ནས་ཤ་ཉོག་རུས་ཉོག་ཏུ་བཏང་འདུག བསྐྱར་ཟློས་ཀྱི་ལོ་ཟླ་དེ་ལྟར་འདས་ཤིང་། ལྷིང་འཇགས་ཀྱི་ཤེས་མེད་ལུང་བ་རུ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་ནས་ཡོད།

    ཕྱི་རོལ་དུ་མུན་པ་འཐིབས་ཡོད་ལ་མི་ཞིག་ཡར་འགོ་བཞིན་འདུག ཁོའི་ལག་པའི་སེན་མོ་ཟད་ཅིང་། རྐང་བ་རས་ཀྱིས་བཏུམ་ནས་འགྲོ་ལམ་རིང་མོ་ཁྲག་དམར་གྱི་རྐང་རྗེས་ཁེངས་འདུག ཁོ་བོ་འཁྱར་འཁྱོར་ངང་ཉེ་འཁོར་གྱི་རྩྭ་ཁང་ཞིག་ཏུ་ཐོན་ནས་སྒོ་མོ་རྡུང་རྗེས་དྲན་མེད་དུ་བརྒྱལ་བ་ན། གཞན་པས་མར་མེའི་འོད་ལ་བསྟེན་ཏེ་ཁོ་བོ་དཔྱང་ཁྲི་ཞིག་གི་སྟེང་དུ་བཞག ཞོགས་པར་སླེབས་པ་ན། ཁོ་བོ་ཕྱིར་ཐོན་པ།སྡེ་བ་ཡོངས་ཀྱིས་ཤེས་འདུག ཁྱིམ་མཚེས་རྣམས་ཁོ་ལ་ཅེར་ནས་མགོ་བོ་གཡུག་གིན། མཇུག་འབྲས་འདི་འདྲ་ཞིག་ཡོད་པ་ཐག་ཆོད་ཡིན། དེ་ང་ཚོས་ཤེས་ཡོད། རི་འདབས་འདི་ནས་འགྲོ་ཕོད་པ་རྣམས་ལ་ཡིད་ཆད་དང་ཕམ་ཁ་མ་གཏོགས་མེད་ཅེས། རྙིང་ཞེན་ཆེ་བའི་རྒན་པ་ཚོས་མགོ་བོ་གཡུག་གིན་དུ་སྐད་སྒྲ་དམའ་མོས་ཁྲོ་གཏམ་གྱི་ཐ་སྙད་ཁ་ནས་བར་མེད་བཤད། ཁོ་ཚོ་ལྷན་སྐྱེས་སུ་གདུག་རྩུབ་ཆེ་བ་ཞིག་མིན་མོད། སྡོམ་ཁྲིམས་ནི་སྡོམ་ཁྲིམས་ཏེ། ཁོས་རྙེན་ཞེན་ཆེ་བའི་རྒན་པ་ཚོའི་གསུང་མ་རྩིས་པས་ཉེས་པ་ཆེན་པོ་བསགས་ཡོད། ཁོའི་རྨ་ཁ་དྲག་སྐྱེད་བྱུང་རྗེས་ངེས་པར་དུ་འདྲི་གཅོད་དང་ལེན་བྱེད་དགོས། སྤྱིར་ན་རྙིང་ཞེན་ཆེ་བའི་རྒན་པ་ཚོས་ཀྱང་དཀྱེལ་ཡངས་པོས་ཐག་གཅོད་བྱེད་འདོད་ཡོད། ཁོ་ཚོས་ཡ་མཚན་འོད་དུ་འཚེར་བའི་ཁོའི་ཨ་མའི་མིག་ཟུང་དེ་བརྗེད་མེད་ལ། ལོ་ངོ་སུམ་ཅུའི་སྔོན་ལ་བྱེ་ཐང་ནས་ཁོའི་ཨ་ཕ་བོར་བ་དེ་ལའང་ཕྱིར་དྲན་བྱས། དེ་ལྟ་ནའང་སྡོམ་ཁྲིམས་ནི་སྡོམ་ཁྲིམས་ཏེ། ངེས་པར་དེ་ལ་བརྩི་སྲུང་བྱེད་དགོས་ཤིང་། དེ་ལག་བསྟར་བྱེད་མཁན་ནི་རྙིང་ཞེན་ཆེ་བའི་རྒན་པ་ཚོ་ཡིན།

    རྙིང་ཞེན་ཆེ་བའི་རྒན་པ་ཚོས་ཡུལ་གྱར་བ་ཁྲིད་ནས་ཁྲོམ་དཀྱིལ་དུ་སོང་བ་ན། མི་རྣམས་ཀྱིས་མཐའ་འཁོར་ཀུན་དུ་གུས་དད་ཆེན་པོས་གྲགས་འགུལ་མེད་པར་ལངས་འདུག ལྟོགས་སྐོམ་གྱི་དབང་གིས་ཡུལ་གྱར་བའི་ལུས་པོ་ཉམས་ཞན་དུ་གྱུར་ཡོད་ནའང་རྒན་པ་ཚོས་ཁོ་ཙོག་ཏུ་བཅུག་མོད། ཁོ་འཐད་པ་མ་བྱུང་། ཁོ་ཚོས་ཁོ་ལ་སྐད་ཆ་བཤད་མི་ཆོག་པའི་བཀའ་བབས་པར་ཁོས་བཙན་གྱིས་སྐད་ཆ་བཤད། ཁོས་རྒན་པ་ཚོར་རྒྱབ་གཏད་དེ་ཡུན་རིང་མ་སོང་བའི་སྔོན་དེར་ཁོ་དང་འགྲོ་ལམ་མཐུན་པའི་མི་དེ་དག་བཙལ། ཁོསངའི་སྐད་ཆར་ཉོན་དང་། ཚང་མ་དགའ་དགའ་སྤྲོ་སྤྲོ་བྱོས། ང་ད་སོ་མ་རི་བོའི་ཕ་རོལ་ནས་འོང་བ་ཡིན། ངའི་རྐང་བས་ས་གཞི་གསར་བ་ཞིག་རྡོག་པས་མནན་ཞིང་། ངའི་ལག་པས་མི་རིགས་གཞན་གྱི་རེག་བྱ་ཚོར་ནས། ངའི་མིག་ཟུང་གིས་ཡུལ་ལྗོངས་ཤིག་གི་མཛེས་པ་མཐོང་སོང་།ཞེས་ཞུ་བ་བྱས་ཏེ་བཤད། ཆུང་དུས་སུ་ངའི་འཇིག་རྟེན་ནི་ཨ་ཕའི་མེ་ཏོག་ལྡུམ་ར་གཅིག་པུ་ཡིན། སྐལ་བ་ས་ཆགས་པ་ནས་མེ་ཏོག་ལྡུམ་རའི་ཕྱོགས་བཞི་མཚམས་བརྒྱད་གཏན་དུ་འཁེལ་ཞིང་། ངས་དེ་དག་གི་ཕ་རོལ་དུ་ཅི་ཞིག་སྦས་ཡོད་པ་འདྲི་དུས། ཚང་མས་མགོ་བོ་གཡུག་གིན་གྲགས་འགུལ་ཅི་ཡང་མེད་པར་འགྱུར། དེ་དུས་ངས་བསམ་གཟས་ནས་རྒྱུ་མ་ཕུ་འདེད་ལྟར་དུ་དྲིས་པ་ཡིན། དེ་དུས་ཁོ་ཚོས་ང་བྲག་རྡོའི་སྟེང་དུ་ཁྲིད་ནས་དཀོན་མཆོག་ལ་ཁྱད་གསོད་བྱེད་ཕོད་པ་ཚོའི་ཤ་ཉོག་རུས་ཉོག་ཏུ་གྱུར་བའི་བེམ་པོ་ལ་བལྟ་རུ་བཅུག ངསརྫུན་མ་བཤད། དཀོན་མཆོག་སྤོབས་པ་ཅན་གྱི་མི་ལ་དགའ་བ་རེད།ཅེས་བཤད་པ་ཡིན། རྙིང་ཞེན་ཆེ་བའི་རྒན་པ་ཞིག་ཚུར་ཡོང་ནས་ཁོ་ཚོའི་གསུང་རབ་དེ་ང་ལ་བཀླགས་ཏེ། ཁོ་ཚོས་བཤད་ན། དཀོན་མཆོག་གི་དགོངས་པས་འཇིག་རྟེན་འདིའི་སྐྱེ་དངོས་ཐམས་ཅད་ཀྱི་ལས་དབང་ཐག་གཅོད་བྱས་ཡོད་ལ། ལུང་བ་འདི་ང་ཚོའི་ཡིན་ལ་ང་ཚོས་བདག་འཛིན་བྱེད་དགོས། ལུང་བ་འདིའི་གཅན་གཟན་དང་མེ་ཏོག ཤིང་འབྲས་དང་ཉ་རིགས་ཚང་མ་ང་ཚོའི་ཡིན་པས་ང་ཚོའི་འདོད་མོས་ལྟར་ལས་ཀ་བྱས་ན་ཆོག ཡིན་ཡང་རི་བོ་ནི་དཀོན་མཆོག་གི་ཡིན་ལ། རི་བོའི་ཕ་རོལ་དུ་ཅི་ཞིག་ཡོད་པ་ང་ཚོས་ཅི་ཡང་མི་ཤེས། འཇིག་རྟེན་འདི་འཇིག་རག་བར་དུ་མི་ཤེས། ཁོ་ཚོས་རྫུན་བཤད་པ་རེད། ཁོ་ཚོས་ང་ལ་རྫུན་བཤད་པ་ཇི་བཞིན་ཁྱོད་ཚོར་ཡང་རྫུན་བཤད་པ་རེད། རི་བོའི་ཕ་རོལ་དུ་རྩྭ་ཐང་དང་ཕྱུག་ཟོག་ཡོད་ལ། ཤ་ཁྲག་ལྡན་པའི་སྐྱེས་པ་ཕོ་མོ་ཚང་མ་ང་ཚོ་དང་ཨ་ན་མ་ན་རེད། གྲོང་ཁྱེར་གྱི་བཟོ་བཀོད་དེ། ལོ་ངོ་སྟོང་ཕྲག་རིང་གི་ཁྱད་འཕགས་བཟོ་བ་ཚོའི་ཞིབ་ཚགས་ཀྱི་བརྐོས་རིས་དེས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག ངས་མཛེས་ཤིང་ལྟ་ན་སྡུག་པའི་ཁྱིམ་གཞི་ཞིག་ལ་འགྲོ་བའི་ལམ་བུ་གསར་བ་ཞིག་རྙེད་ཡོད་ལ། ངས་བདེ་སྐྱིད་འཚོ་བའི་འོད་སྣང་ཡང་མཐོང་ཡོད། ངའི་རྗེས་དེད་ནས་ཤོག་དང་། ངས་ཁྱོད་ཚོ་དེ་རུ་ཁྲིད་ནས་འགྲོ། དཀོན་མཆོག་གི་འཛུམ་མདངས་ས་ཆ་འདི་རུ་ཡོད་པར་མ་ཟད་ས་ཆ་གཞན་དུའང་ཡོད།

    ཁོས་བཤད་མཚམས་བཞག་བྱུང་། མི་ཚོགས་ཀྱི་གསེབ་ནས་ངར་སྐད་འཇིགས་སུ་རུང་བ་ཞིག་གིསཁྱད་གསོད་བྱས་པ་རེད། འདི་ནི་མཆོག་ཏུ་གྱུར་བ་དེ་ལ་ཁྱད་གསོད་བྱས་པ་རེད།ཅེས་རྙིང་ཞེན་ཆེ་བའི་རྒན་པ་ཚོས་སྐད་འབོད་རྒྱག་གིནཁོའི་ཉེས་པ་ལ་འབབ་འོས་པའི་ཁྲིམས་ཐག་དེ་ཆོད་ཅིག ད་ལྟ་ཁོའི་རིག་པ་འཁྱོལ་ནས་ལོ་ངོ་སྟོང་ཕྲག་ཡར་སྔོན་དུ་ཐག་གཅོད་བྱས་ཟིན་པའི་སྡོམ་ཁྲིམས་ལ་ཁྱད་གསོད་བྱས་པ་འདིས་ཁོ་ཤི་ཡང་ཉེས་པ་བཤགས་མི་ཐུབ།ཟེར། མི་རྣམས་ཀྱིས་ལྗིད་ཏིག་ཏིག་གི་རྡོ་བ་ཆེན་པོ་རེ་ཡར་བཀྱགས་ནས་ཡུལ་གྱར་བ་འདི་གསད་ཅིང་། མེས་པོའི་ཤེས་རབ་ལ་དོགས་སློང་ཕོད་པའི་མི་ལ་ཐ་ཚིག་སྒྲོག་པའི་ཆེད་དུ་ཁོའི་བེམ་པོ་རི་འདབས་སུ་གཡུགས། དེ་ནི་གཅིག་བསད་ཀུན་འདོམས་ཀྱི་ཆེད་དུའང་ཡིན།

    ཡུན་རིང་མ་སོང་བར་གློ་བུར་དུ་ཐན་སྐྱོན་བྱུང་ནས་ཤེས་བྱའི་ཆུ་ཕྲན་རྩ་ནས་འཐག ཕྱུག་ཟོག་ཆུ་ཆད་བྱུང་ནས་ཤི། ཤིང་འབྲས་ཞིང་རའི་ནང་དུ་སྐམ་སྟེ། ཤེས་མེད་ལུང་བ་རུ་མུ་གེའི་གནོད་པ་ཚབ་ཆེན་བྱུང་། ཡིན་ནའང་རྙིང་ཞེན་ཆེ་བའི་རྒན་པ་ཚོ་གཏན་ནས་ཡིད་ཆད་མ་བྱུང་བར། ཁོ་ཚོས་ཉེན་ཁ་འདི་ཡོད་ཚད་མཐའ་མར་བདེ་ལ་འབབ་ངེས་ཏེ། རྒྱུ་མཚན་ནི་བླ་ན་མེད་པའི་རྩོམ་ཡིག་དེའི་ནང་དུ་འདི་ལྟར་བྲིས་འདུག་ཅེས་ལུང་བསྟན་བྱས་ཤིང་། གཞན་ད་དུང་ཁོ་ཚོའང་རྒས་འཁོགས་སུ་གྱུར་ཟིན་པས་རང་ཉིད་ལ་ཟ་མ་ཅུང་ཙམ་ཡོད་པས་ཆོག

    གྲང་འཁྱག་ཆེ་བའི་དགུན་ཁ་སླེབས་པ་ན། སྡེ་བའི་ནང་དུ་དུད་ཁྱིམ་ཁ་ཤས་ལས་མ་ལྷག སྡེ་མི་མང་ཆེ་བ་ལྟོགས་སྐོམ་གྱིས་མནར་ནས་ཕྱི་མའི་ཡུལ་དུ་སོང་ཞིང་། ཤུལ་དུ་གསོན་ཡོད་པའི་མི་རྣམས་ཀྱི་རེ་བ་ཉག་གཅིག་ནི་རི་བོའི་ཕར་ནང་དུ་བཅོལ་ཡོད། འོན་ཏེ་སྡོམ་ཁྲིམས་ལས་དེ་ལྟར་བྱས་ན་ཆོག་གི་མེད་པས། དེ་ལ་ངེས་པར་བརྩི་སྲུང་བྱེད་དགོས།

    ཉིན་ཞིག་གི་མཚན་མོར་ཟིང་འཁྲུག་བྱུང་ཞིང་། འཇིགས་སྐྲག་སྐྱེས་ནས་སྨྲ་སྒོ་བསྡམས་ཡོད་པའི་མི་རྣམས་ལ་སྤོབས་པ་བསྩལ། རྙིང་ཞེན་ཆེ་བའི་རྒན་པ་ཚོས་ངོ་རྒོལ་བྱེད་ཀྱིན་ཡོད་ནའང་། དེ་ལ་ནུས་པ་ཅི་ཡང་མེད་པར་ཁོ་ཚོ་གཞོགས་སུ་དེད་ནས་མུ་མཐུད་དུ་ལས་བདའ་བྱེད་ཀྱིན་ཡོད། རྒན་པ་ཚོས་བྱིས་པ་རྣམས་ཀྱིས་ཕ་མའི་དྲིན་ལན་བརྗེད་འདུག་ཅེས་སྡུག་སྨྲེ་བཏོན་མོད། ཆེས་མཐའ་མཇུག་གི་ཤིང་རྟ་འཁོར་ལོ་སྡེ་བ་བརྒྱུད་ནས་འགྲོ་དུས་ཁོ་ཚོས་ཁ་ལོ་བ་བོས་ནས་ཁོ་ཚོའངུ་འདྲུད་དུ་བཅུག ཆ་མེད་རྒྱུས་མེད་ཀྱི་འཇིག་རྟེན་དེར་འགྲོ་བའི་བྲོས་བྱོལ་གྱི་ལོ་ཟླ་དེ་ལྟར་མགོ་བརྩམས།

    ཡུལ་གྱར་བ་དེ་ཕྱིར་ཡོང་ནས་ལོ་ངོ་མང་པོ་འདས་སོང་བས། རྙེད་ཟིན་པའི་ལམ་བུ་གསར་བ་དེ་བཙལ་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། མི་ཁྲི་སྟོང་མང་པོ་ལྟོགས་སྐོམ་གྱིས་མནར་ནས་ཤི་བའི་རྗེས་སུ་མི་རྣམས་ཀྱིས་ད་གཟོད་རྡོ་བ་སྤུངས་ཡོད་པའི་ལམ་རྟགས་དང་པོ་དེ་རྙེད་ཅིང་ལམ་ཐག་ངེས་ཅན་ཞིག་ལ་བག་ཕེབས་པོ་བྱུང་། ཞིབ་ཆ་ལྡན་པའི་སྔོན་བྱོན་པ་དེས་ནགས་ཚལ་དང་མུ་མཐའ་མེད་པའི་མྱ་ངན་ཐང་ནས་ལམ་བུ་ཆེན་པོ་ཞིག་བཏོད་འདུག་ལ། ལམ་བུ་དེ་གོམ་པ་རེ་རེ་བཞིན་འཇིག་རྟེན་གསར་བའི་ལྗང་མདོག་གི་རྩྭ་སའི་ནང་དུ་འཐེན་ཡོད་ལ། མི་རྣམས་ཀྱིས་ཕན་ཚུན་གྱི་གདོང་ལ་བལྟས་ནས་སྨྲ་བ་མེད་པར་གྱུར་འདུག མི་རྣམས་ཀྱིསམཐར་དེད་ན་ཁོས་བཤད་པ་འགྲིག་འདུག རྙིང་ཞེན་ཆེ་བའི་རྒན་པ་ཚོ་ནོར་འདུག་་་ ་་་། འོ་ལོས། ཁོས་སྐད་ཆ་བདེན་པ་བཤད་ཅིང་རྙིང་ཞེན་ཆེ་བའི་རྒན་པ་ཚོས་རྫུན་གཏམ་བཤད་པ་རེད་་་ ་་་། ཁོའི་བེམ་པོ་ད་དུང་ཡང་རི་འདབས་སུ་རུལ་གྱིན་ཡོད་མོད། རྙིང་ཞེན་ཆེ་བའི་རྒན་པ་ཚོ་ང་ཚོའི་ཤིང་རྟ་འཁོར་ལོར་བསྡད་ནས་ད་དུང་རྙིང་བ་རྙིང་རྐྱང་གི་གླུ་དེ་དག་ལེན་གྱིན་མཆིས་་་ ་་་། ཁོས་ང་ཚོ་སྐྱབས་པ་རེད། ཡིན་ནའང་ང་ཚོས་ཁོ་བསད་ཟིན་པ་རེད་་་ ་་་། དོན་འདིར་ང་ཚོ་ཧ་ཅང་འགྱོད་པ་སྐྱེ། གལ་ཏེ་དེང་ཐོག་ང་ཚོས་ཤེས་ཡོད་རྒྱུ་ན་དེ་ལྟར་བྱེད་ག་ལ་སྲིད་་་ ་་་།ཅེས་སོ་སོས་སྐད་ཆ་མང་པོ་ལབ་སོང་། དེ་ནས་ཁོ་ཚོ་རྟ་གོང་ནས་མར་བབས་ཏེ་ཕྱུག་ཟོག་རྩྭ་སའི་ནང་དུ་བརྒྱབས་ཤིང་། རང་ཉིད་ལ་ཁང་བ་ལས་མགོ་བརྩམས་ནས་རང་གི་ས་ཆར་འཆར་འགོད་བྱས། དེའི་རྗེས་ནས་བར་སྐབས་ཤིག་ལ་ཁོ་ཚོས་སླར་ཡང་བདེ་སྐྱིད་ཀྱི་འཚོ་བ་རོལ།

    ལོ་ངོ་འགའི་རྗེས་སུ་ཁོ་ཚོས་ཐོག་བརྩེགས་ཆེན་མོ་ཞིག་བཞེངས་ནས་ཤེས་རབ་ཅན་གྱི་རྒན་པ་ཚོའི་འདུག་གནས་བྱས། དེ་དང་ལྷན་དུ་སྤོབས་པ་ལྡན་པའི་སྔོན་བྱོན་པའི་བེམ་པོ་དེ་རུ་དུར་འཇུག་བྱེད་རྒྱུའི་གྲ་སྒྲིག་ཀྱང་བྱས་ཏེ། རྔམ་བརྗིད་ལྡན་པའི་དཔུང་ཁག་ཅིག་ཕྱིར་སྔོན་ཆད་ཀྱི་མི་མེད་ལུང་བ་དེ་རུ་སོང་བ་ན། རི་འདབས་སྟོང་སང་སང་དུ་གྱུར་ནས་སྔོན་བྱོན་པའི་བེམ་པོ་གང་དུའང་མེད་ལ། ལྟོགས་སྐོམ་གྱིས་མནར་བའི་འཕར་སྤྱང་ཚོས་སྔར་ནས་བེམ་པོ་རང་གི་བྲག་ཁུང་དུ་དྲུད་ཚར་འདུག དེ་མུར་མི་རྣམས་ཀྱིས་མུ་མཐའ་བྲལ་བའི་སྔོན་བྱོན་པའི་ཞབས་རྗེས(ད་ལྟ་བགྲོད་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད།)སུ་རྡོ་བ་ཆུང་ཆུང་ཞིག་བཞག་ཅིང་། དེའི་སྟེང་དུ་སྔོན་བྱོན་པའི་མིང་ཡིག་བརྐོས། མིང་ཡིག་དེ་ནི་ཆེས་ཐོག་མར་གསལ་ཆ་མེད་པའི་འཇིག་རྟེན་གྱི་མུན་པའི་འཇིགས་སྐྲག་ལ་འགྲན་རྩོད་ཕོད་པའི་མི་ཞིག་གི་མིང་ཡིག་ཡིན་ལ། མིང་ཡིག་དེ་ནི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་རང་དབང་གསར་བའི་ཕྱོགས་སུ་ཁྲིད་མཁན་ཞིག་གི་མིང་ཡིག་ཀྱང་ཡིན། ད་དུང་རྡོ་བའི་སྟེང་དུ་དེ་ནི་ཁོ་ལ་བཀའ་དྲིན་ཚད་མེད་ཞུ་བའི་རྗེས་རབས་པས་བརྐོས་པ་ཡིན་ཞེས་ཀྱང་བྲིས།

    འདི་ལྟ་བུའི་དོན་དག་སྔོན་ཆད་བྱུང་མྱོང་ལ་ད་ལྟའང་བྱུང་གིན་ཡོད། འོན་ཏེ་རབ་ཡིན་ན་མ་འོངས་པར་འདི་ལྟ་བུའི་དོན་དག་ཅིག་མི་འབྱུང་བར་སྨོན།

       ༢༠༡༦ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན་བསྒྱུར།

ཝེ་ལེམ་བེན་ལོན(Willem Van Loon.) ནི༡༨༨༢ལོར་སྐྱེས། ཁོང་ནི་ཨ་རིར་འཚོ་སྡོད་བྱས་ཡོད་པའི་ཧོ་ལན་གྱི་མཁས་པ་ཆེན་པོ་ཞིག་ཡིན། ཁོ་བོས་སྐད་རིགས་བཅུ་ཡི་ལམ་ནས་གསར་རྩོམ་བྱེད་ཐུབ་ཀྱི་ཡོད་ལ། རི་མོ་དང་རོལ་མོ་སོགས་ལས་རིགས་མང་པོ་ཞིག་འཇོན་གྱི་ཡོད། ༡༩༤༤ལོར་སྐུ་གཤེགས།