—-ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན།
བུ་མོ་ཞའོ།
  དེ་རིང་ངས་ཁྱེད་ཀྱི་སྐད་འཕྲིན་སྒང་ནས་སྐད་ཆ་འདི་འདྲ་ཞིག་མཐོང་བྱུང་སྟེ།“སེལ་མི་ཐུབ་པའི་གནད་དོན་ཞིག་གཏན་ནས་མེད། སྐབས་སྐབས་སུ་རླུང་རྟ་མེད་པ་མ་ཡིན་ཏེ་སྙིང་སྟོབས་མེད་པས་ལན། དེའི་ཕྱིར། བྱ་དཀའི་དོན་དག་ཅིག་གཞར་ཡང་མེད་དེ། རང་གིས་རང་ཉིད་བྱ་དཀའི་གནས་སུ་བསྐྲད་པ་ལས་མ་འདས་སོ། །”
 སྐད་ཆ་འདི་ཁྱེད་རང་གིས་བྲིས་པ་ཡིན་ནམ་གཞན་ལས་བརྒྱུད་འགོད་བྱས་པ་གང་ཡིན་རུང་། ཨ་ཕས་ཁྱེད་དང་ཅུང་ཟད་བགྲོ་ན་འདོད་བྱུང་། སྐད་ཆ་འདིར་ཧོབ་ཀྱིས་བལྟས་ན་གནས་ལུགས་ཡོད་པའི་སྣང་བ་སྟེར་མོད། དོན་དུ་བསམ་པ་རྣལ་ལ་ཕབ་ན། ད་གཟོད་ཆེད་མཁས་པ་ག་གེ་མོས་བསྐོལ་བའི་ཤ་ཁུ་ཡིན་པ་ཤེས་སླ། གལ་ཏེ་དབུངས་ཐེངས་གཅིག་གིས་འཐུངས་ན་ཁ་ཁུག་ཤ་ཁུས་ཁེངས་ཤིང་ལུས་ཟུངས་ལ་སྨན་དུ་ཆེ་མོད། འོན་ཀྱང་མིའི་རིགས་ཀྱང་སྲོག་ཆགས་གཞན་དང་འདྲ་བར་འཇིག་རྟེན་ཁམས་ཀྱི་སྐུ་མགྲོན་ཙམ་དུ་ཟད་ཅིང་། རང་བྱུང་ཁམས་ཀྱི་ཐོན་རྫས་རིགས་ཤིག་ཡིན། མ་གཞི་ཁོ་ལ་རང་སྟེང་དུ་སྟོབས་ཤུགས་ངེས་ཅན་ཞིག་ཡོད་ནའང་། སྟོབས་ཤུགས་དེ་དག་ལ་རང་བྱུང་ཆོས་ཉིད་ཀྱིས་ཚོད་འཛིན་ཐེབས་པ་ཡིན། དེར་བརྟེན། རང་བྱུང་ཆོས་ཉིད་དང་བསྟུན་ནས་དོན་དག་བསྒྲུབ་རྒྱུ་ནི་མིའི་རིགས་ཀྱི་ཤེས་རབ་ཆེ་ཤོས་སུ་སྨྲའོ། །
ལོས་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་སོ་སོར་མིའི་རིགས་ལ་རང་བྱུང་དང་། རང་ངོས། ཡུལ་དུས་བཅས་ཀྱི་ཚོད་འཛིན་ཐེབས་ཏེ་མཆི། མི་ཚང་མར་ལོ་རྒྱུས་ཀྱི་དབང་གིས་ཐག་གཅོད་ཐབས་བྲལ་བའི་གནད་དོན་སྣ་ཚོགས་ཤིག་ཡོད། བུ་མོ་ཞའོ། ད་ལོར་ཁྱེད་ནི་རང་ལོ་ཉེ་ཤུ་རྩ་གཉིས་ལ་སོན་ཞིང་དར་མ་ཆགས་ཟིན་པ་རེད། དེར་བརྟེན་ཨ་ཕས་ཁྱེད་ལ་ལྟ་དགོངས་ཕྱིན་ཅི་ལོག་པ་ཁ་ཤས་གསལ་པོར་བརྗོད་པའི་དགོས་འདུག་སྙམ་བྱུང་།
གཤམ་གསལ་ནི་རྒྱུན་མཐོང་གི་སེམས་བསྒྱུར་དང་བློ་འབྱེད་ཀྱི་རྣམ་དབྱེ་ཡིན།
“འབད་བརྩོན་བྱས་ཕྱིན་ལེགས་འགྲུབ་འབྱུང་།”__འདི་ནི་སེམས་བསྒྱུར་རེད།
“ཁྱེད་རང་མོས་པའི་དོན་དག་དེ་བསྒྲུབ་ནུས་ན་དེ་ནི་བདེ་སྐྱིད་ཡིན།”__འདི་ནི་བློ་འབྱེད་རེད།
སེམས་བསྒྱུར་གྱི་དམིགས་ཡུལ་ནི་ཁྱེད་རང་མི་ཞིག་ལས་ལག་ཆ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་ཞིང་། བློ་འབྱེད་ཀྱི་དམིགས་ཡུལ་ནི་མི་ཚང་མ་ཁེར་ཚུགས་ཀྱི་མི་བུ་ཞིག་ཆགས་པར་བསྐུལ་མ་གཏོང་བ་དེའོ། །
“ཐབས་ཤེས་མེད། མི་ཚང་མ་འདི་ལྟར་མ་ཡིན་ནམ།”____འདི་ནི་སེམས་བསྒྱུར་རེད།
“མི་ཚང་མ་འདི་ལྟར་ཡིན་ན་འགྲིག་གམ།”____འདི་ནི་བློ་འབྱེད་རེད།
“མི་ཚེ་ཐུང་ཐུང་རེད། དཀའ་ལས་འདི་ལྟར་མྱོང་དོན་ཅི།”____འདི་ནི་སེམས་བསྒྱུར་རེད།
“སྐྱེ་བའི་མཐའ་མ་འཆི་བ་ཡིན། དེའི་ཕྱིར། འཚོ་བ་དོན་ཡོད་དུ་གཏོང་དགོས།”____འདི་ནི་བློ་འབྱེད་རེད།
“མི་ཚེ་ནི་སྡུག་བསྔལ་ལས་འགོ་བརྩམས་ཙ་ན། དེ་ལ་བསམ་གཞིག་གི་སྙིང་པོ་ཅི་ཡང་མེད།”____འདི་ནི་སེམས་བསྒྱུར་ཡིན།
“ང་ཚོ་ནི་‘གཞན་དབང་གིས’་སྐྱེས་པ་ཡིན་པས། དམིགས་ཡུལ་དང་ཁ་ཕྱོགས་ཡོད་པར་གྱིས།”____འདི་ནི་བློ་འབྱེད་རེད།
སེམས་སྒྱུར་གྱིས་ཁྱོད་ལ་བཟོད་གསོལ་བྱེད་དུ་འཇུག་སྟེ། མི་ཚང་མ་འདི་ལྟར་ཡིན་ན་འགྱུར་བ་གཏོང་དོན་མེད་པར་སྨྲ།
བློ་འབྱེད་ཀྱིས་ཁྱོད་རང་བརྩོན་ལེན་ལ་འཇུག་པ་ཡིན་ཏེ། རང་ཉིད་དང་འཚམས་པའི་བདེ་སྐྱིད་འཚོལ་གལ་ཆེ་བར་བསྒོ།
“ཁོར་ཡུག་བསྒྱུར་མ་ཐུབ་ན་དེ་ལ་གོམས་པར་གྱིས།”____འདི་ནི་སེམས་བསྒྱུར་རེད།
“གལ་ཏེ་ཁོར་ཡུག་བསྒྱུར་མ་ཐུབ་ན། ཁོར་ཡུག་གིས་རང་ཉིད་བསྒྱུར་དུ་མ་བཅུག་ལགས།”____འདི་ནི་བློ་འབྱེད་རེད།
“མངོན་སུམ་ཡིན་ན་ལུགས་མཐུན་ཡིན།”____འདི་ནི་སེམས་བསྒྱུར་རེད།
“ལུགས་མཐུན་ཡིན་ན་མངོན་སུམ་རེད།”____འདི་ནི་བློ་འབྱེད་རེད།
སེམས་བསྒྱུར་གྱིས་མི་རྣམས་ཁོར་ཡུལ་ལ་ལོབས་སུ་བཅུག་ནས་བསྒྱུར་དུ་མི་བསྐུལ།
བློ་འབྱེད་ཀྱིས་མི་རྣམས་ལ་ད་ལྟའི་གནས་བབ་བསྒྱུར་དུ་བཅུག་ནས་མཚར་སྡུག་ལྡན་པའི་ཁོར་ཡུག་བསྐྲུན་པ་ལ་རེ་སྐུལ་ཞུའོ། །
  མིའི་རིགས་ཀྱི་བློ་འབྱེད་ནི་མཱི་ལུའུ་ཏུའུ་ཡི་ཐེ་སི་ལེ་ནས་འགོ་བརྩམས་པར་འདོད། གནའ་བོའི་གྷི་རིགས་པ་རྣམས་ཀྱིས་ལྷ་སྒྲུང་གི་འཆར་རྟོག་ལས་འགོངས་པའི་རང་བྱུང་གི་ལྟ་བས་འཇིག་རྟེན་ལ་ངོས་འཛིན་བྱས་པ་ནས་བཟུང་། བསམ་བློ་བ་དག་གིས་མི་ལ་རིགས་ཆེན་པ་གཉིས་སུ་ཕྱེས་ཏེ། གཅིག་ནི་སྤྱི་ཚོགས་ཀྱི་ཚོད་འཛིན་ཇེ་ཆེར་ཐེབས་པར་འདོད་པའི་མི་དང་། གཅིག་ཤོས་ནི་སྤྱི་ཚོགས་ཀྱི་ཚོད་འཛིན་ཇེ་ལྷོད་དུ་སོང་ན་འདོད་པའི་མི་དག་རེད། འདི་ལྟའི་རྩོད་གླེང་ནི་ད་རག་བར་དུ་སྒེར་གཅོད་དང་དམངས་གཙོའི་ངོ་བོའི་བར་གྱི་རྩེད་གླེང་ཞིག་ཡིན་པ་རེད།
  དེར་བརྟེན། གལ་ཏེ་ཁྱོད་རང་གདོད་མ་ནས་བྲན་གཡོག་ལ་དགའ་ན། ཧུར་རྩོན་ཡོད་རྒུས་སྔ་མར་འཐོམས་ཤིག  གལ་ཏེ་ཁྱོད་རང་གདོད་མ་ནས་རང་དབང་ལ་དགའ་ན། ཁྱོད་ཀྱིས་རང་དབང་འཐོབ་པའི་ཆེད་དུ་ཅིས་ཀྱང་བསམ་གཞིག་དང་འབད་འབུངས་ཀྱི་རྒྱུན་མ་ཆད་པར་བྱེད་དགོས། སུས་བཤད་པ་ཡིན་པ་བརྗེད་སོང་མོད།“རྒྱུ་ནོར་སྤྱི་ལ་མི་དབང་། དབང་ཆ་སྒེར་ལ་མི་བདག་”ཅེས་པ་འདིར་ང་རང་ཧ་ཅང་དགའ། གང་ལགས་ཤེ་ན། དེ་ནི་དབང་ཆ་མི་རབས་རིམ་རྒྱུད་ལ་བརྒྱུད་ན་འདོད་པའི་ཧམ་སྲེད་ཅན་དེ་དག་གིས་གོ་ན་སྐྲག་ཤིང་དང་རིག་ན་འཇིགས་པ་ཡིན་པས་སོ། །དེའི་ཕྱིར། ཁྱེད་ཀྱི་སྐད་ཆ་འདི་ལྟར་བཅོས་ན་སྙམ་སྟེ། མིའི་རིགས་ལ་སེལ་མི་ཐུབ་པའི་གནད་དོན་འཕྲད་དུ་སྲིད་ནའང་། ང་ཚོ་ལ་མེད་པ་ནི་སྤྱང་གྲུང་མིན་ལ་སྙིང་སྟོབས་ཀྱང་མ་ཡིན་པར། དེ་ནི་མི་སྲིད་ཅེས་པར་སྲིད་པར་ལྟ་བའི་སྙིང་སྟོབས་དེ་ཡིན་ལ། དེ་ནི་མིའི་རིགས་ཀྱི་རྩེར་སོན་བརྩོན་ལེན་གྱི་སྙིང་སྟོབས་དང་། མི་དང་བྱོལ་སོང་གི་རྣམ་པ་འབྱེད་པའི་ཁྱད་འཕགས་ཀྱི་རྒྱུ་དག་རེད།
འོན་ཀྱང་། ངེད་ཅག་ལ་རྩེར་སོན་བརྩོན་ལེན་བྱེད་པའི་དབང་ཆ་ཡོད་ལ། མི་གཞན་གྱིས་རྩེར་སོན་བརྩོན་ལེན་མི་བྱེད་པའི་དབང་ཆ་ལ་བརྩི་བཀུར་བྱེད་དགོས། དེ་བཞིན་དུ་དཀྱུས་མ་བྱེད་ན་འདོད་པའི་དབང་ཆ་ལའང་བརྩི་བཀུར་བྱེད་དགོས། གང་ལགས་ཤེ་ན། མི་ཚང་མའི་ཆ་རྐྱེན་མི་འདྲ་བས་སོ། །ངེད་ཅག་གིས་བརྩོན་ལེན་བྱེད་ཀྱི་ཡོད་པ་ནི་འདྲ་མཉམ་ལས་ཆ་སྙོམས་མིན། དོན་དངོས་ཐོག་ཆ་སྙོམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་སུ་འདྲ་མཉམ་དང་བྲལ་བ་འབའ་ཞིག་རེད། དཔེར་ན། གལ་ཏེ་ཨ་ཕས་ཁྱེད་དང་ལེའུ་ཞྰང་(刘翔)གཉིས་ལ་རྨི་༡༡༠ཡི་བང་རྩལ་ཞིག་འགྲན་དུ་བཅུག་ཅིང་ད་རུང་འཇུག་འབྲས་གཅིག་པར་ངེས་དགོས་ཞེས་བསྙད་ཚེ། དེ་ནི་ཁྱེད་ལ་མཚོན་ན་འདྲ་མཉམ་རེད་དམ། དོན་དུ་ལེའུ་ཞྰང་ལ་མཚོན་ནའང་འདྲ་མཉམ་མིན། རྒྱུ་མཚན་ཁྱེད་གཉིས་ཀྱི་ཤེས་སྟོབས་དང་སྦྱངས་སྟོབས་ཀྱི་ཆ་རྐྱེན་མ་འདྲ་བས་རེད།གལ་ཏེ་ངེས་པར་དུ་རང་བྱུང་གི་ཆོས་ཉིད་ལས་འགོངས་པའི་ཆ་སྙོམས་ཀྱི་ཚད་གཞི་ཞིག་ཏུ་སླེབས་དགོས་ཟེར་ན། ཐབས་ཤེས་གཉིས་ལས་མེད་དེ། གཅིག་ནི་རྫུན་དུ་བཅོས་ཏེ། ལེའུ་ཞྰང་ལ་དལ་མོ་བྱེད་དུ་འཇུག་རྒྱུ་དེ་རེད། གཅིག་ཤོས་ནི་ཁོའི་རྐང་པ་བཅག་སྟེ་སྐབས་གཉིས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་དང་ཨ་ན་མ་ན་བཟོ་རྒྱུ་དེའོ། །
ཁྱེད་ཀྱི་འཇུག་མཐའི་སྐད་ཆ་དེའང་ནོར་འདུག་སྟེ། དོན་དུ་མི་ཚེ་ཧྲིལ་པོ་བྱ་དཀའི་གནས་སུ་སྣང་། ཚད་ངེས་ཅན་ཞིག་ནས་བཤད་ན་མི་ཚེ་ནི་གདམ་ཁ་ཞིག་རེད། བདེན་ཏེ། གདམ་ཁ་ཡོད་ཚད་གཅིག་གམ་འགའ་ཞིག་བསྐྱུར་ནས་གྲུབ་པའི་གོ་སྐབས་རིགས་ཤིག་རེད་ཨང་།
བཤད་མ་ལོང་ས་དེ་དག་སླད་མར་བསྐྱར་དུ་འཆད་པར་བྱ། ཉིན་ལྟར་སྤྲོ་སྣང་ལྡན་པར་ཤོག དེའང་དཀའ་མོ་ཞིག་ཡིན་ནའང་དེ་དོན་བློས་གཏོང་མ་གནང་རོགས་ཞུའོ། །  ། །
ཨ་ཕ་ནས་༢༠༡༥ལོའི་ཟླ༣པའི་ཚེས་༨ཉིན་གྱི་ནུབ་མོར།
_______________
རྩོམ་མཁན་མི་གསལ།
༕ གོ་ཙི་ཙིས་བསྒྱུར།