༡༨༤༤ ནས་ ༡༩༠༠ བར།

journal_of_the_asiatic_society_of_bengal_vol_64_part_2_no-_2-djvu(གཟིགས་མཁན་རྣམས་ལ་ཞུ་རྒྱུར། འདིར་ངོ་སྤྲོད་བྱེད་བཞིན་པའི་དུས་དེབ་དེ་ནི་ ཕྱི་ལོ་ ༡༨༣༢ ལོར་རྒྱ་གར་གྱི་ཀ་ལི་ཀ་ཏ་ནས་གསར་འདོན་བྱས་པའི་དུས་དེབ་ “བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་དུས་དེབ།”ཞེས་པ་དེའི་སྐོར་ཡིན། དེ་ཡང་དུས་དེབ་མཐོང་མ་ཐག་ནས་ཐོར་བཏབ་པ་ཞིག་ཡིན་སྟབས་ཚད་ལྡན་གྱི་དཔྱད་གཞིར་འཛིན་མི་རུང་། འདི་ནི་དུམ་བུ་གསུམ་པ་སྟེ་མཐའ་མ་ཡིན་ནོ།།)

༡༨༤༤ ལོའི་འདོན་ཐེངས་རྣམས་ལ་དྭགས་དང་ཁུ་ནུ་སོགས་ཀྱི་ས་ཞིབ་རྩོམ་ཡིག་འགའ་རེ་འཁོད་འདུག
༡༨༤༥ ལོའི་འདོན་ཐེངས་རྣམས་སུ་བོད་དང་འབྲེལ་བའི་རྩོམ་ཡིག་མེད་ཅིང་། ༡༨༤༦ ལོའི་དུས་དེབ་ཅིག་ཏུ་སྐུ་ཞབས་ཀོ་རོ་ཤི་ཅོ་མ་ལགས་ལ་རྗེས་དྲན་གྱི་རྩོམ་ཡིག་ཅིག་བཀོད་པའི་ཁོངས་སུ་སྐུ་ཞབས་ཅོ་མས་དུས་དེབ་འདིར་བཀོད་པའི་རྩོམ་ཡིག་དང་དེ་བཞིན་དེབ་བཅས་བཅུ་གཉིས་ཀྱི་ཐོ་བཀོད་འདུག

༡༨༤༧ ལོའི་རྩོམ་ཁོངས་སུ་སྐུ་ཞབས་ B. H. Hodgson ཞེས་པས་བརྩམས་པའི་བོད་ཀྱི་དགོ་བའི་སྐོར་གྱི་རྩོམ་ཡིག་མཚན་བྱང་ལ་ “Description of a new species of Tibetan Antelope, with plates” ཞེས་པའི་ཤོག་ངོས་བཅུ་ཅན་ཞིག་འདུག ཡང་རྩོམ་པ་པོ་འདིས་བྲིས་པའི་བོད་ཀྱི་གྲུམ་པའི་སྐོར་དང་ར་ལུག་གི་སྐོར་གྱི་རྩོམ་ཡིག་སོགས་འཁོད་འདུག

༡༨༤༨ ལོའི་དུས་དེབ་ཏུ་སྐུ་ཞབས་ ཨེ་ ཁེམ་བྷེལ་ A. Campbell ཞུ་བས་བརྩམས་པའི་ “ཕག་རི་ནས་ལྷ་སའི་བར་གྱི་འགྲུལ་བསྐྱོད་ལམ་ཡིག་”(Itinerary from Phari in Thibet, to Lassa, with appended Routes from Darjeeling to Phari) ཅེས་པའི་རྩོམ་ཡིག་ཅིག་བཀོད་འདུག་པ་དེར་ཤོག་ངོས་ཉི་ཤུ་འདུག དེ་ནི་ཞིབ་འཇུག་དང་བརྩད་ཞིབ་བརྒྱུད་ནས་བྲིས་པའི་ལམ་ཡིག་ཅིག་རེད། ཡང་ བོད་ཀྱི་མཐའ་མཚམས་ (Tibetan Frontier) ཞེས་པའི་ཡི་གེ་སྐོར་ཞིག་བཀོད་པ་དེ་དག་ནི་ཕལ་ཆེར་ Alex. Cunningham ཞེས་པའི་ཡིན་འདུག་ལ་ཁོང་ནི་སྐབས་དེའི་དབྱིན་དམག་ཅིག་ཡིན་མོད་ཕྱིས་སུ་རྒྱ་གར་གྱི་གནའ་ཤུལ་ཞིབ་འཇུག་ལ་ཞུགས་པ་མ་ཟད། ལ་དྭགས་ཀྱི་ལོ་རྒྱུས་ “LADĀK: Physical, Statistical, and Historical with Notices of the Surrounding Countries (1854).”ཞེས་པ་ཞིག་ཀྱང་བརྩམས་ཡོད་འདུག ཡང་ཐོ་མ་སི་ ཐོམ་སཱོན་ཞེས་པས་ལ་དྭགས་ཁུལ་སོགས་ལ་འགྲུལ་བསྐྱོད་བྱས་པའི་ཉིན་ཐོ་ “Diary of a route of Assistant Surgeon Thomas Thomson, Commissioner, Tibetan Frontier, from 21st October to 30th November, 1847” ཞེས་པ་ཞིག་བཀོད་འདུག་པ་དེ་དག་ནི་སྐབས་དེའི་བོད་ཡུལ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་རེད་བསམས། ཡང་སྐབས་དེའི་ཨིན་ཇིའི་དམག་སྤྱི་ Henry Strachey ཞེས་པས་བྲིས་པའི་མཚོ་མ་ཕམ་ལ་ཕྱིན་པའི་གནས་བཤད་དམ་ལམ་ཡིག་ཅིག་འདུག (Narrative of a Journey to Cho Lagan (Rdkas Tal), Cho Mapan (Mdnasarowar), and the valley of Pruang in Gnari, Hundes, in September and October 1846) དེ་དུམ་བུ་གསུམ་དུ་བགོས་ཏེ་བཀོད་ཅིང་། ཁྱོན་བསྡོམས་ཤོག་ངོས་ ༩༥ ཙམ་ཞིག་འདུག རྩོམ་དེར་མ་ཕམ་མཚོའི་ས་བཀྲ་བྲིས་པ་མ་ཞིག་ཀྱང་བཀོད་འདུག དྲ་ཐོག་རྣམས་སུ་ཁོང་དང་ཁོང་གི་སྤུན་གཉིས་ ༡༨༤༩ ལོར་བོད་དུ་ཕྱིན་པ་དང་མཐོ་ལྡིང་དགོན་པ་ལའང་སླེབས་པ་རེད་ཅེས་བཀོད་འདུག་མོད། ལོ་དེ་ནི་ ༡༨༤༦ ལོ་ཡིན་དགོས་པ་རྩོམ་ཡིག་གི་ཁ་བྱང་ལས་ཀྱང་ཤེས། སྐབས་འདིའི་བོད་དང་འབྲེལ་བའི་རྩོམ་ཡིག་རྣམས་སུ་བོད་སྐད་མ་ཤེས་པའི་སྐྱོན་ཆ་མངོན་གསལ་དུ་འདུག་པ་དཔེར་ན་རྒྱལ་བ་པཎ་ཆེན་གྱི་མཚན་ཡང་དག་པོར་ཕབ་མི་འདུག

༡༨༤༩ ལོའི་འདོན་ཐེངས་རྣམས་སུའང་སྐུ་ཞབས་ཧོག་སཱོན་ (B. H. Hodgson)གྱིས་བྲིས་པའི་བོད་ཀྱི་དུད་འགྲོའི་སྐོར་དང་། དེ་བཞིན་རྒྱ་གར་ཤར་མཐའི་སྡེ་ཚོ་ཁག་དང་བོད་སྐད་བསྡུར་པའི་རྩོམ་ཡིག་སོགས་བཀོད་འདུག་མོད། ཁོང་གིས་བོད་ཡིག་མཁྱེན་གྱི་མེད་པའི་རྣམ་པ་མངོན་འདུག སྐུ་ཞབས་འདིའི་སྐོར་དྲ་རྒྱ་ཁག་ཏུ་བཙལ་སྐབས་ཁོང་གི་མཚན་ལ་བྷི་རའེན་ ཧུ་ཊོན་ ཧོག་སཱོན་ Brian Houghton Hodgson (1800-1894) ཟེར་བ་དང་། ཁོང་སྐབས་འདིའི་རང་བྱུང་ཁམས་ལ་ཞིབ་འཇུག་པ་ཞིག་ཡིན་འདུག ཁོང་བོད་ཀྱི་ནང་ཆོས་ལ་མཁས་པ་ཞིག་རེད་ཅེས་འབྱུང་ལ་ཁོང་གིས་བྲིས་པའི་ “བོད་དང་བལ་ཡུལ་གྱི་ཆོས་དང་རྩོམ་རིག སྐད་ཡིག་བཅས་ཀྱི་སྐོར་ལ་བྲིས་པའི་རྩོམ་ཡིག་”( Essays on the languages, literature, and religion of Nepál and Tibet)ཅེས་པའི་དེབ་ཅིག་དྲ་ཐོག་འདི་ན་འདུག https://archive.org/details/essaysonlanguage00hodg ཁོང་ནི་སྐུ་ཞབས་ཀོ་རོ་ཤི་ཅོ་མ་འདས་པའི་རྗེས་ནས་དུས་དེབ་འདི་ལ་བོད་དང་འབྲེལ་ཡོད་ཀྱི་རྩོམ་ཡིག་འབྲི་མཁན་གཙོ་བོ་ཞིག་རེད་འདུག ད་དུང་ལོ་འདིའི་དུས་དེབ་ཏུ་རྩོམ་པ་པོ་འདིས་ཧི་མ་ལ་ཡའི་ས་ཁམས་ཆགས་དབྱིབས་ཀྱི་སྐོར་ལ་རྩོམ་ཞིག་བྲིས་འདུག

༡༨༥༠ ལོའི་དུས་དེབ་རྣམས་སུ་གོང་དུ་ཞུས་ཟིན་པའི་དམག་སྤྱི་འགྲུལ་བཞུད་པ་ཁེམ་བྷེལ་གྱིས་བོད་ནང་གི་རླུང་དང་རླུང་འཚུབ་ཀྱི་སྐོར་ལ་དྲིས་ལན་ཞིག་དང་། ཡང་སྐུ་ཞབས་ཧོག་སཱོན་ལགས་ཀྱིས་བྲིས་པའི་བོད་ཀྱི་སྟག་གི་སྐོར་ལ་རྩོམ་ཞིག་འདུག ༡༨༥༡ ལོའི་དུས་དེབ་རྣམས་སུའང་ཧོག་སཱོན་གྱི་སེམས་ཅན་སྐོར་ལས་གཞན་མི་སྣང་།

༡༨༥༢ ལོར་ཡང་བོད་སྐོར་དམིགས་བསལ་འབྲེལ་བ་ཅན་མི་འདུག ༡༨༥༣ ལོའི་དུས་དེབ་ཏུ་ཧོག་སཱོན་གྱིས་རྒྱ་དཀར་ནག་གི་མཐའ་མཚམས་པ་དང་དེ་དག་ཧི་མ་ལ་ཡ་དང་བོད་ལ་འབྲེལ་བའི་སྐོར་( Indo-Chinese Borderers and their connection with the Himalayans and Tibetans)རྩོམ་ཞིག་བྲིས་འདུག

༡༨༥༤ ལོར་དོ་སྣང་སྤྲོད་པ་དེ་འདྲ་མི་འདུག ༡༨༥༥ ལོ་དང་ ༡༨༥༦ ལོ་སོ་སོའི་དུས་དེབ་ཏུ་ ས་སྐྱ་ལེགས་བཤད་ཨིན་འགྱུར་མའི་ཆ་ཤས་ཤིག་བཀོད་འདུག་པ་དེ་ལ་ཤོ་ལོ་ཀ་ ༢༣༤ ཙམ་དང་རབ་བྱེད་དགུ་པ་ཆོས་བརྟག་པའི་བར་བསྒྱུར་འདུག་ཅིང་། དེ་ནི་སྐུ་ཞབས་ཀོ་རོ་ཤི་ཅོ་མ་ལགས་ཀྱིས་ ༡༨༣༣ ལོར་བཏུས་ཏེ་བསྒྱུར་པ་ཞིག་ཡིན་ཞེས་གླེང་བརྗོད་དུ་བཀོད་འདུག དེའི་མ་ཡིག་འདིར་བཀོད་ཡོད།

༡༨༥༧ དང་། ༡༨༥༨། ༡༨༥༩། ༡༨༦༠། ལོ་བཅས་ཀྱི་འདོན་ཐེངས་རྣམས་སུ་ཡང་བོད་ཀྱི་སྐོར་གླེང་ཙམ་བྱེད་པའི་རྩོམ་ཡིག་རྒྱུན་མ་ཆད་དུ་འབྱུང་མོད། ཆེད་དུ་བོད་ཁོ་ན་བརྗོད་གཞིར་བྱས་པ་མི་སྣང་། ༡༨༦༡ ལོའི་དུས་དེབ་ཅིག་ཏུ་ ཆོས་པ་ Thomine D’Mazure ཞེས་པ་ཞིག་གིས་“Memorandum on the countries between Thibet, Yunan and Burmah”ཞེས་ཡུན་ནན་དང་འབར་མ། བོད་བཅས་པའི་བར་གནས་ཀྱི་ལུང་པ་དག་གི་སྐོར་ལ་ཟིན་ཐོ་ཞིག་བྲིས་པ་སྤེལ་འདུག

༡༨༦༢ དང་ ༡༨༦༣ གྱི་བར་འདིར་ཡང་བོད་ལ་མཁོ་ངེས་པའི་རྒྱ་གར་གྱི་ནང་པའི་གནས་གཞི་ཁག་གི་སྐོར་ལ་རྩོམ་ཡིག་འགངས་ཆེན་འགའ་རེ་འདུག དེ་ནས་བོད་སྐད་ལ་ཞིབ་འཇུག་གི་རྩོམ་ཡིག་ཅིག་མངོན་ཡོང་བ་ནི་ ༡༨༦༥ ལོའི་དུས་དེབ་རྣམས་ཡིན། ལོ་དེའི་ བོད་སྐད་ཀྱི་སྒྲ་གདངས་སྐོར་ལ་ཟིན་ཐོ་ “Note on the Pronunciation of the Tibetan Language” ཞེས་པ་ཞིག་ཡིན་ལ། དེའི་རྩོམ་པ་པོ་ནི་ Rev. H. A. Jaeschke of Kyelang ཞེས་པ་ཁོང་ཡིན། རྩོམ་ཡིག་དེ་ལ་ཤོག་གྲངས་ ༡༠ ཡོད་ཅིང་གཙོ་བོར་བོད་ཀྱི་མིང་ཚིག་ “སྐྲ་”ལྟ་བུ་སྒྲ་གདངས་མི་འདྲ་བ་ཡོད་ཚུལ་སྐོར་ཡིན། དེར་བོད་ཀྱི་ཡིག་རིས་བྲིས་མི་འདུག ཁོང་གིས་བྲིས་པའི་བོད་ཨིན་ཚིག་མཛོད་དེ་ ༡༨༨༡ ལོར་ལོན་ཌོན་དུ་པར་བཏབ་འདུག
དེ་ནས་ལོ་རེ་བཞིན་གྱི་དུས་དེབ་ཁག་ཏུ་འཚོལ་བཞིན་ཕྱི་ལོ་ ༡༨༨༡ ལོའི་དུས་དེབ་ཏུ་སྐུ་ཞབས་ཤརཏ་ཙནྡྲའམ་ Babu Sarat Chandra Das ཡིས་བརྩམས་པའི་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་གི་གསལ་འདེབས་ (Contributions on the Religion, History, &c. of Tibet)ཞེས་པ་ཞིག་བརྩམས་འདུག་མོད་དེའི་མ་དཔེ་དྲ་རྒྱ་འདིར་མི་འདུག རྩོམ་དེའི་ཕྱེད་ཕྱི་མ་ཞིག་ ༡༨༨༢ ལོར་བཀོད་ཅེས་འཁོད་ཀྱང་དེའི་མ་དཔེ་ཡང་འཁོད་མི་འདུག ཡང་ཁོང་གིས་བཙན་པོ་ནོ་མོ་ཧན་གྱི་འཛམ་གླིང་རྒྱས་བཤད་བསྒྱུར་པའི་རྩོམ་ “A brief account of Tibet from “Dsam Ling Gyeshe,” the well- known geographical work of Lama Tsanpo Nomankhan of Amdo”ཞེས་པ་ཞིག་ ༡༨༨༧ ལོར་པར་བཏབ་པའི་མ་ཕྱིའང་འདི་ནས་མ་རྙེད། (འོན་ཀྱང་འདིའི་པར་མ་ངོ་མ་དེ་ངེད་ཅག་གི་སློབ་གྲྭའི་དཔེ་མཛོད་ཁང་ལ་འདུག དེ་ནས་པར་བཏབ་པ་འགའ་རེ་ཡང་ཕྲན་གྱི་ལག་ཏུ་ཡོད།) ཕྱི་ལོ་ ༡༨༨༩ ལོར་ཁོང་གིས་སུམ་པ་ཡེ་ཤེས་དཔལ་འབྱོར་རྣམ་ཐར་དང་སུམ་པའི་བསྟན་རྩིས་བསྒྱུར་པ་ “Life of Sum-pa Khan-po, also styled Yesos-Dpal-hbyor, the author of the Rehumig (Chronological table)”ཞེས་པ་བཞུགས།
ཕྲན་གྱིས་གོང་བཀོད་དྲ་རྒྱ་ནས་ལོ་རེའི་དུས་དེབ་རྣམས་ཕབ་ལེན་བྱེད་བཞིན་ཨུ་ཚུགས་ཀྱིས་མཚམས་འདི་སླེབས་སྐབས་སྔར་དོ་སྣང་བྱུང་བའི་རྩོམ་ཡིག་འཛམ་གླིང་རྒྱས་བཤད་སྐོར་དེ་འདིར་མ་རྙེད། དེ་ནས་སླར་ཡང་དྲ་ཐོག་ཏུ་འཚོལ་སྐབས་ཟུར་སྦྱར་དཀར་ཆག་འདི་རྙེད་པར་གྱུར། དེས་ན་དུས་དེབ་ཀྱི་ཐོ་འདེབས་པ་འདི་ཡང་འདི་ནས་རེ་ཞིག་མཚམས་འཇོག་རྒྱུ་ཡིན་ཞིང་། དེ་ཡང་ཤརཏ་ཅནྡྲའི་རྩོམ་ཡིག་གི་ཐོ་རྣམས་བཀོད་དེ་མཇུག་བསྡུ་རྒྱུ་ཡིན། ཐོ་དེ་རྣམས་ཟུར་སྦྱར་དཀར་ཆག་འདི་ནས་གཟིགས་འཚལ།1-jasb-index-to-himalaya-and-central-asia-1788-to-1921
ཕྱི་ལོ་ ༡༨༨༧ ལོར་རྩོམ་པ་པོ་འདིས་ ལི་ཡུལ་གྱི་སྐོར་ལ་བྲིས་པའི་རྩོམ་ “Buddhist and other legends about Khoten”ཞེས་པ་བཀོད་འདུག ཡང་ ༡༨༨༨ ལོར་བོད་ཀྱི་ཡིག་རིགས་སྐོར་ལ་བྲིས་པའི་རྩོམ་ “The Sacred and Ornamental Characters of Tibet” ཞེས་པ་ཞིག་པར་དུ་བཏབ་འདུག ཡང་ཁོང་གིས་ཇོ་བོ་རྗེའི་རྣམ་ཐར་ཞིག་བྲིས་པ་དེར་ “Life of Atisa (Dipamkara Srijnana”ཞེས་བརྗོད་ཅིང་། དེ་ནི་ ༡༨༩༢ ལོར་སྤེལ་འདུག ཡང་ཁོང་གིས་བྲིས་པའི་རྩོམ་ “A Note on the Buddhist Golden Book exhibited by the President, the Honourable Sir Charles Elliott” ཞེས་པ་ཞིག་ཀྱང་ ༡༨༩༥ ལོར་པར་དུ་བཀོད་འདུག ཡང་ ༡༨༩༨ ལོར་ཁོང་གིས་བྲིས་པའི་རྩོམ་ “A Note on the Antiquity of Chittagong, compiled from the Tibetan works Pagsam Jon-Zan of Sunpa Khonpo and Kahbab Dun- dan of Lama Tara Natha” ཞེས་པ་ཞིག་བཀོད་འདུག འདི་ནི་སུམ་པ་མཁན་པོ་དང་ཇོ་ནང་ཏཱ་ར་ན་ཐའི་གསུང་ལ་བརྟེན་ནས་ཙི་ཏ་གོང་ཞེས་པ་བརྩད་ཞིབ་ཀྱི་རྩོམ་ཡིག་ཅིག་རེད། ཡང་ལོ་དེ་ཉིད་ལ་ཁོང་གིས་བྲིས་པའི་རྩོམ་ “A Note on the Identify of the Great Tsang-po of Tibet with the Dihong”ཞེས་པ་དང་། ཡང་། “An Account of Travels on the Shores of Lake Yamdo-Croft” ཞེས་པ་སྟེ་གཙང་པོ་དང་མཚོའི་སྐོར་གྱི་རྩོམ་ཡིག་གཉིས་འཁོད་འདུག ༡༩༠༥ ལོར་ཁོང་གིས་བོད་ཀྱི་དགོན་པའི་སྐོར་ལ་བྲིས་པའི་རྩོམ་ “The monasteries of Tibet”ཞེས་པ་དང་། ༡༩༠༦ ལོར་ཁོང་གིས་༧གོང་ས་ལྔ་པ་ཆེན་པོའི་སྐབས་ཀྱི་བོད་སོག་གི་གནས་ཚུལ་སྐོར་བྲིས་པའི་རྩོམ་ “Tibet, a dependency of Mongolia:–(1643-1716 A.D.)”ཞེས་པ་ཞིག་བཀོད་འདུག ཡང་ལོ་དེ་ཉིད་ལ་ཁོང་གིས་བྲིས་པའི་རྩོམ་ “Tibet under her Last Kings (1434-1642 A.D.)” ཞེས་སྡེ་པ་རིན་སྤུངས་པའི་སྐོར་དང་། ཡང་། ཕག་གྲུའི་སྐོར་ལ་བྲིས་པའི་རྩོམ་ “A short history of the House of Phagdu, which ruled over Tibet on the decline of Sakya til 1432 A.D.” ཞེས་པ་ཞིག་བཀོད་འདུག ཡང་། ༡༩༠༦ ལོར་བོད་ཀྱིས་བཤད་པའི་མིའི་རིགས་ཀྱི་འབྱུང་ཁུངས་སྐོར་ལ་ “The Origin of Mankind (according to the Lamaic Mythology)”ཞེས་པ་ཞིག་དང་། ༡༩༠༧ ལོར་ “The Hierarchy of the Dalai Lama (1406-1745)”ཞེས་པ་དགའ་ལྡན་ཕོ་བྲང་གི་སྐོར་ཞིག དེ་ནས་བོད་དུས་རབས་བཅུ་གསུམ་པའི་རྒྱ་ནག་སོག་པོ་གོང་མའི་འོག་ཅེས་པའི་རྩོམ་ “Tibet under the Tatar Emperors of China in the 13th Century A.D.”ཞེས་པ་ཞིག་འཁོད་པ་ནི་ཁོང་གི་རྩོམ་མཐའ་མ་དེ་ཡིན་པར་སྣང་།
ཤརཏ་ཅནྡྲའི་སྐབས་ལ་སླེབས་སྐབས་བོད་སྐད་སྨྲ་བའི་བོད་རིག་པ་གཞན་འགའ་རེའི་རྩོམ་ཡང་སྣང་མོད་གནས་སྐབས་དུས་ཀྱིས་ལྕོགས་མིན་ལ་བརྟེན་ངོ་སྤྲོད་བྱེད་པའི་རིམ་པ་རེ་ཞིག་བཞག་པ་ཡིན། གོང་གསལ་ཤརཏའི་རྩོམ་རྣམས་ནི་དྲ་ཐོག་ནས་བཙལ་ན་མང་ཆེ་བ་རྙེད་སྟབས་ཐུགས་སྣང་ཅན་ཚོས་གཟིགས་འཚལ་ཞུའོ།། དེས་ན་གནའ་གནའ་ཞིག་གི་དུས་དེབ་ངོ་སྤྲོད་ཀྱི་རིམ་པ་འདི་མཚམས་འཇོག་སྐབས་ཞུ་བར་འདོད་པ་ནི། དུས་རབས་བཅུ་དགུ་བའི་སྟོད་སྨད་གཉིས་སུ་བོད་སྐད་ལ་བྱང་བའི་མཁས་པ་གཉིས་བྱུང་ཞིང་། གཅིག་ནི་ཀོ་རོ་ཤི་ ཅོ་མ་ལགས་ཡིན་པ་དང་། གཞན་དེ་ནི་ཤརཏ་ཅནྡྲ་རེད། ཁོང་གཉིས་ཀས་ཚིག་མཛོད་རེ་བརྩམས་པ་དང་། བོད་རིག་པ་ཁྱབ་སྤེལ་གྱི་འགན་བཞེས་འདུག་གོ།

 

ཤརཏ་ཅནྡྲའི་ལོ་རྒྱུས་མདོར་བསྡུས།

s0001213ཤརཏ་ཙནྡྲ་དས་ ཡང་ན་ ཤ་རཏ་ཅནྡྲ་ (Babu Sarat Chandra Das) ནི་ད་ལྟའི་བྷང་གྷལ་རྒྱལ་ཁབ་ཏུ་ཕྱི་ལོ་ ༡༨༤༩ ལོར་འཁྲུངས། ནར་སོན་ནས་ཀ་ལི་ཀ་ཏར་ཡོད་པའི་སློབ་གྲྭ་ཆེན་མོ་འགྲིམས། ༡༨༧༤ སློབ་གྲྭ་ཆེན་མོ་འགྲིམས་བཞིན་པའི་སྐབས་དེར་རྡོ་རྗེ་གླིང་དུ་ཡོད་པའི་བོད་ཀྱི་གཏན་སློབ་ཅེས་པའི་སློབ་གྲྭ་དེའི་སློབ་བདག་(head master)ཏུ་བསྐོས་ཤིང་། སྐབས་དེར་འབྲས་ལྗོངས་རྒྱལ་པོའི་ཁྱིམ་རྒྱུད་དུ་གཏོགས་པའི་བླ་མ་ཨོ་རྒྱན་རྒྱ་མཚོ་ཞེས་པ་སློབ་གྲྭ་དེའི་བོད་སྐད་སློབ་དགེར་བསྐོས།  ཡིག་ཆ་གཞན་ཞིག་ཏུ་དུས་ཚོད་འདི་ཤརཏ་ཙནྡྲ་ལོ་ ༢༥ ཡིན་པ་དང་།  དེ་དུས་ཁོང་ལ་དུས་སྦྲང་གིས་བསྐྱེད་པའི་ཚ་ནད་བྱུང་ཞིང་།  ན་ཚ་དེའི་རྐྱེན་ལ་བརྟེན་ནས་ཁོང་གིས་ས་བབས་མཐོ་བའི་རྡོར་གླིང་གི་སློབ་གྲྭ་དེའི་ལས་ཀ་ཁས་བླངས་པ་རེད་ཟེར།  སྐབས་འདིར་ཁོང་བོད་སྐད་སློབ་སྦྱོང་ལ་བྲེལ་བར་གྱུར།  ད་དུང་ཁོང་གིས་འབྲས་ལྗོངས་ཁུལ་གྱི་དགོན་པ་འགའ་ལ་རྒྱུས་མངའ་བྱས་པ་མ་ཟད། འབྲས་ལྗོངས་རྒྱལ་བློན་རྣམས་དང་ངོ་ཤེས་སྒྲིག་འདུག

ཕྱི་ལོ་ ༡༨༧༨ ལོར་པད་མ་ཡང་རྩེ་དགོན་པའི་ཚབ་བྱས་ཏེ་བླ་མ་ཨོ་རྒྱན་རྒྱ་མཚོ་བཀྲ་ཤིས་ལྷུན་པོ་དང་ལྷ་སར་འཚམས་འབུལ་དུ་བསྐྱོད་སྐབས་དང་བསྟུན་ནས་ཤརཏ་ཙནྡྲས་བཀྲ་ཤིས་ལྷུན་པོའམ་ལྷ་ས་གང་རུང་ཞིག་ཏུ་སློབ་སྦྱོང་གི་གོ་སྐབས་ཐོབ་པའི་རེ་ཞུའི་ཡི་གེ་ཞིག་ཕུལ། ལྷ་ས་ནས་སློབ་སྦྱོང་གི་གོ་སྐབས་ངོས་ལེན་མ་བྱས་མོད་པཎ་ཆེན་རིན་པོ་ཆེས་ཁོང་བཀྲ་ཤིས་ལྷུན་པོར་སློབ་མ་བྱ་རུང་བའི་བཀའ་ཕེབས་འདུག

a_journey_to_lhasa_and_central_tibet_medium༡༨༧༩ ལོར་ཤརཏ་ ཙནྡྲ་དང་བླ་མ་ཨོ་རྒྱན་རྒྱ་མཚོ་ལྷན་དུ་བཀྲ་ཤིས་ལྷུན་པོར་བསྐྱོད་ཅིང་། སྐབས་དེར་བོད་ལ་ཕྱི་རྒྱལ་བ་རྣམས་འགྲོ་རྒྱུར་བཀག་སྡོམ་ཡོད་སྟབས་ཁོང་ནང་པའི་གྲྭ་པ་ཞིག་གི་ཚུལ་དུ་བརྫུས་ནས་བོད་ལ་ཕྱིན་འདུག རྒྱ་གར་དབྱིན་གཞུང་གིས་ཀྱང་ཤརཏ་ཙནྡྲ་བརྒྱུད་ནས་བོད་ལ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་བཟུང་འདུག དེ་ལྟར་ལོ་དེའི་ཕྱི་ཟླ་ ༧ ཚེས་ ༧ ཉིན་ཁོང་ཅག་བཀྲ་ཤིས་ལྷུན་པོའི་དགོན་པར་འབྱོར། བཀྲ་ཤིས་ལྷུན་པོར་སྐབས་དེར་ཟླ་བ་གསུམ་ཙམ་བསྡད་རྗེས་སླར་ཡང་འབྲས་ལྗོངས་སུ་ལོག ཁོང་གིས་ཐེངས་འདིའི་འགྲུལ་བཞུད་སྐོར་ལ་ “༡༨༧༩ ལོར་བཀྲ་ཤིས་ལྷུན་པོར་བསྐྱོད་པའི་གཏམ།” (Narrative of a Journey to Tashi-lhunpo in 1879) ཞེས་པ་བྲིས་ཤིང་དེ་ ༡༨༨༡ ལོར་གཞུང་འབྲེལ་གྱི་རྟོག་ཞིབ་སྙན་ཐོའི་ཚུལ་དུ་འགྲེམས་སྤེལ་བྱས་འདུག

དེའི་ཕྱི་ལོར་འབྲས་ལྗོངས་ཀྱི་གནས་བབ་བདེ་མིན་གྱི་དབང་གིས་བོད་ལ་འགྲོ་སྐལ་མ་ལྡན་མོད། ༡༨༨༡ ལོའི་ཟླ་བ་ ༡༡ པའི་ཚེས་ ༧ ཉིན་རྡོ་རྗེ་གླིང་ནས་ཐོན་ཏེ་བོད་དུ་ཐེངས་གཉིས་པའི་འགྲུལ་བཞུད་ལ་ཞུགས། བླ་མ་ཨོ་རྒྱན་རྒྱ་མཚོ་ཡང་ཁོང་དང་ལྷན་དུ་ཡོད། ཁོང་ཚོ་ཟླ་ ༡༢ པའི་ཚེས་ ༩ ཉིན་བཀྲ་ཤིས་ལྷུན་པོར་འབྱོར། ཐེངས་འདིར་ཤརཏ་ཙནྡྲ་ལགས་ཀྱིས་དབུས་གཙང་གི་ས་ཁུལ་མང་པོར་འགྲིམས་འགྲུལ་བྱས། ལྷ་སར་ཡང་ཕེབས་ཤིང་། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ལའང་མཇལ་རྒྱུའི་སྐལ་བ་ལྡན་འདུག ད་དུང་གདན་ས་ཆེ་ཁག་ལ་ཕྱིན་པ་མ་ཟད་སྐབས་དེའི་བོད་ཀྱི་ཆོས་སྲིད་གནས་བབ་དང་སྤྱི་ཚོགས་དང་རིག་གནས་ཀྱི་ལོ་རྒྱུས་ལ་རྟོག་ཞིབ་ནན་མོ་བྱས་འདུག ཁོང་ས་སྐྱ་དགོན་པར་མཇལ་དུ་ཕྱིན་སྐབས་ལེགས་སྦྱར་སྐད་དུ་བཞུགས་པའི་རྒྱ་དཔེ་དཀོན་རིགས་མང་པོ་རྙེད་འདུག ཁོང་རང་ཉིད་ཀྱིས་བོད་ཡིག་ཐོག་འགྲུལ་བཞུད་འདིའི་སྐོར་བྲིས་པ་ཞིག་ཡོད་རེད།

ཕྱི་ལོ་ ༡༨༨༢ ལོའི་ལོ་སྨད་དུ་སླར་རྒྱ་གར་དུ་ལོག་སྐབས་ཁོང་གིས་གསུང་རབ་པོད་ ༢༠༠ ལྷག་གདན་འདྲེན་ཞུས་པ་དེ་དག་གི་ཁྲོད་དུ་ལེགས་སྦྱར་སྐད་དུ་བཞུགས་པའི་བསྟན་བཅོས་ཀྱང་མང་ཙམ་ཡོད་འདུག ཁོང་བོད་ལ་བསྐྱོད་ཐེངས་གཉིས་པའི་སྙན་ཐོ་དེ་རིམ་པ་གཉིས་སུ་བསྡུས་ཏེ་ ཕྱི་ལོ་ ༡༨༨༥ ལོ་དང་ ༡༨༨༧ ལོ་སོ་སོར་བྲིས་པ་ནི་གཞུང་འབྲེལ་སྙན་ཐོའི་ཚུལ་དུ་ཡིན་ཞིང་། དེ་དག་ཕྱི་ལོ་ ༡༨༩༠ བར་དུ་གསང་བ་བྱས་ཏེ་ཉར་ཡོད་འདུག ཕྱིས་སུ་དེ་དག་བསྡོམས་ཏེ་དེབ་གཟུགས་སུ་པར་སྐྲུན་བྱས་པ་དེའི་ཁ་བྱང་ལ་ “བོད་དབུས་དང་ལྷ་སར་བསྐྱོད་པ་”( Journey to Lhasa and Central Tibet)ཞེས་བཀོད་པ་དེ་ཉིད་ཕྱི་ལོ་ ༡༩༠༡ ལོར་པར་སྐྲུན་བྱས་པ་རེད།

རྒྱ་གར་དུ་ཚུར་ལོག་པའི་རྗེས་འདིར་ཤརཏ་ཙནྡྲ་ཉིད་རྡོ་རྗེ་གླིང་དུ་གཏན་སྡོད་བྱས་ཤིང་། བོད་ཀྱི་ཆོས་རིག་གི་སྐོར་ལ་ཤེས་རྟོགས་བྱུང་བ་དེ་རིགས་རྩོམ་ཡིག་ཏུ་བྲིས་ཏེ་དུས་དེབ་འདྲ་མིན་དུ་སྤེལ་མགོ་བརྩམས་པ་རེད། གོང་འཁོད་ཀྱི་རྩོམ་ཡིག་རྣམས་ནི་སྐབས་འདི་དག་ལ་འབྲི་བཞིན་པ་ནི་ལོ་ཚིགས་ལས་དཔོག་ནུས།

sarat_chandra_dasད་དུང་ཁོང་གིས་སྐབས་དེའི་བྷང་གྷལ་མངའ་སྡེའི་གཞུང་འབྲེལ་སྐད་སྒྱུར་གྱི་ལས་ཀའང་བྱས་འདུག ༡༨༨༤ ལོར་ཁོང་གིས་བྷང་གྷལ་མངའ་སྡེའི་གཞུང་གི་དྲུང་ཆེ་ སྐུ་ཞབས་ ཁོལ་མཱན་ མཱ་ཁུ་ལེ་ (Colman Macaulay)ཞེས་པ་ལྷན་དུ་འབྲས་ལྗོངས་མཐའ་མཚམས་སུ་བོད་ཀྱི་རྫོང་དཔོན་ཞིག་ལ་ཐུག་འཕྲད་བྱེད་དུ་སོང་ཞིང་། ལོ་རྗེས་མ་དེར་དྲུང་ཆེ་དེ་དང་ལྷན་དུ་རྒྱ་ནག་པེ་ཅིང་དུའང་ཕྱིན་པ་རེད། དེ་ནི་དྲུང་ཆེ་རྒྱ་ནག་ཏུ་ཕྱིན་ནས་རྒྱ་གཞུང་གི་དཔོན་རིགས་དང་འབྲེལ་མོལ་བྱ་རྒྱུ་ཡིན་པ་དང་། ཁོང་གིས་དེའི་མཐུན་འགྱུར་རོགས་བྱེད་ཆེད་ཡིན་པ་རེད། པེ་ཅིང་དུ་སྡོད་རིང་ཤརཏ་ཙནྡྲས་རང་གི་བོད་རིག་པ་དང་ནང་ཆོས་ཀྱི་མཁྱེན་ཡོན་ངོམས་ནས་དེར་སྡོད་ཀྱི་བླ་མ་དང་དཔོན་རིགས་རྣམས་ངོ་མཚར་བ་བཟོས་སྐད་འདུག དེ་ལྟར་འགྲུལ་བཞུད་ཐེངས་གཉིས་བྱས་པའི་རྒྱུ་མཚན་གྱིས་ཤརཏ་ཙནྡྲ་ནི་ཨིན་ཇིའི་གཞུང་ལ་འབྲེལ་བ་ཉེ་པོ་ཡོད་པ་དེ་བོད་མི་རྣམས་ཀྱིས་ཤེས་པ་རེད། དེ་ནས་བོད་ཀྱི་དཔོན་རིགས་ཚོས་ཁོང་ལ་འབྲེལ་བ་བྱུང་རིགས་ཀྱི་བོད་མི་རྣམས་ལ་ཉེས་ཆད་ནན་མོ་བཅད་པ་རེད་ཟེར།

༡༨༨༧ ལོར་ཁོང་ཐའེ་ལནྜི་རྒྱལ་ཁབ་ཏུ་ནང་ཆོས་སློབ་ཕྱིར་ཕྱིན་པ་དང་། ཡུལ་དེའི་རྒྱལ་པོ་ཡི་རངས་ནས་ཁོང་ལ་གཟེངས་རྟགས་ཤིག་ཀྱང་བསྩལ་འདུག ༡༩༡༥ ལོར་ཁོང་ཉི་ཧོང་ལའང་ཕྱིན་འདུག

ཁོང་གིས་ ཕྱི་ལོ་ ༡༨༩༢ ལོར་ “རྒྱ་གར་ནང་པའི་ཆོས་དཔེའི་ལྷན་ཚོགས་”ཞེས་པ་ཞིག་བཙུགས་ནས་དེའི་དྲུང་ཆེའི་འགན་འཁྱེར་བ་དང་། ད་དུང་ ““བྷངྒལ་གྱི་ཨེ་ཤ་ཡའི་སྤྱི་ཚོགས་”ཞེས་པའི་ཚོགས་མི་ཡང་ཡིན་པ་རེད། ཁོང་གི་བྱས་རྗེས་ལ་གཞིགས་ནས་སྐབས་དེའི་རྒྱ་གར་ཨིན་གཞུང་གིས་ཁོང་ལ་ “Rai Bahadur” ཞེས་པའི་གོ་མིང་བསྩལ་པ་དང་། དེ་ནི་ཨིན་ཇིའི་རྒྱལ་མོ་ལ་ཞབས་ཞུ་ཞུས་པའི་མཛད་རྗེས་གཟེངས་བསྟོད་ཀྱི་རྟགས་མ་ཞིག་ཡིན་པ་དང་། དེའི་གོ་དོན་ནི་རྒྱལ་སྲས་དཔའ་བོ་ཞེས་པ་ཡིན་པར་བཤད། ད་དུང་ལོན་ཌོན་དུ་ཡོད་པའི་ “The Royal Geographical Society of London” ཞེས་པས་ཕྱི་ལོ་ ༡༨༨༧ ལོར་ས་ཁམས་ཞིབ་འཇུག་ཐད་ལ་བཞག་པའི་གྲུབ་འབྲས་ངོས་འཛིན་གྱི་གཟེངས་རྟགས་ཤིག་ཀྱང་སྤྲད་པ་རེད།

grammar-bookཤརཏ་ཙནྡྲ་ལགས་ཀྱིས་བོད་རིག་པའི་ཐོག་སྤེལ་བའི་རྩོམ་ཡིག་རྣམས་རང་གི་སྤུན་གྱིས་ཕྱོགས་བསྒྲིགས་ཀྱིས་ “གངས་ཅན་ཡུལ་གྱི་རྒྱ་གར་པཎྜི་ཏ་” (Indian Pandits in the Land of Snow)ཞེས་ཁ་བྱང་དུ་འཁོད་པའི་དེབ་ཅིག་པར་སྐྲུན་བྱས་ཡོད། ཁོང་གི་གྲགས་ཆེ་བའི་བརྩམས་ཆོས་གཅིག་ནི་ “ཚིག་གི་གཏེར་མཛོད་”ཅེས་པའི་ཚིག་མཛོད་དེ་རེད་ལ། དེ་ནི་ ༡༩༠༢ ལོར་པར་སྐྲུན་བྱས་པ་རེད། དེ་ནི་ཤོག་ངོས་ ༡༣༥༣ ཡོད་པའི་ཨིན་བོད་ཚིག་མཛོད་ཅིག་རེད། ཁོང་གིས་བོད་ཀྱི་བརྡ་སྤྲོད་ཀྱི་ངོ་སྤྲོད་བསྟན་བཅོས་ “An introduction to the grammar of the Tibetan language”ཞེས་པ་ཞིག་བརྩམས་པ་དེ་ ༡༩༡༥ ལོར་པར་སྐྲུན་བྱས་པ་རེད། དག་ཡིག་འདིའི་དབུ་བྱང་དུ་བོད་སྐད་ཀྱི་ཚིགས་སུ་བཅད་པ་ཅིག་བརྩམས་ཡོད་ལ། དེའི་རྗེས་སུ་བསྟན་བཅོས་འདིའི་སྐོར་ལ་འདི་ལྟར། “བོད་ཀྱི་བརྡ་སྤྲོད་པའི་གཞུང་། སི་ཏུའི་སུམ་རྟགས་དང་སི་ཏུའི་ཞལ་ལུང་དང་དག་བྱེད་གསལ་པའི་མེ་ལོང་བཅས། ཨེང་ལིཤ་སྐད་དུ་གསལ་བར་བསྟན་པ་བཞུགས་སོ།། གཙང་བཀྲ་ཤིས་ལྷུན་པོའི་མཁན་ཆེན་རྡོ་རྗེ་འཆང་བླ་མ་དམ་པ་སེང་ཆེན་རི་པོ་ཆེའི་སློབ་མ། བོད་ཀྱི་ཚིག་གི་གཏེར་མཛོད་དང་། ལྷ་ས་བསམ་ཡས་དཔལ་ས་སྐྱ་བཀྲ་ཤིས་ལྷུན་པོ་རྒྱལ་མཁར་རྩེ་ཡར་འབྲོག་གཡུ་མཚོ་བསམ་ལྡིང་དང་ཡར་ལུང་གནས་གསུམ་རྟེན་གསུམ་དང་སྨིན་གྲོལ་གླིང་སོགས་མཇལ་བའི་ལམ་ཡིག་དང་ཁ་བ་ཅན་དུ་རྒྱ་གར་གྱི་པཎ་ཊི་ཏ་སོགས་མཛད་པ་པོ་ལོ་པཎ་ཤྲཱི་ཤ་རཏ་ཅནྡྲས་བརྩོམས། རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ལོ་ཡི་ཟླ་བ་གསུམ་པའི་ཚེས་བཟང་པོ་ལ་ཡུལ་བང་ག་ལའི་སྡེ་སྲིད་ཆེན་པོའི་དབྱར་གནས་གདན་ས་རྡོ་རྗེ་གླིང་གི་པར་ཁང་དུ་པར་དུ་བསྒྲུབས། ཡེ་ཤུའི་འདས་ལོ་ ༡༩༡༤ །།” ཞེས་འཁོད་འདུག བསྟན་བཅོས་འདིར་ལྷན་ཐབས་འགངས་ཆེན་བཅུ་གཉིས་བཀོད་པའི་ཁོངས་སུ་བོད་ཀྱི་བླ་ཆེན་དཔེར་ན་༧གོང་ས་བཅུ་གསུམ་པ་དང་། པཎ་ཆེན་ཆོས་ཀྱི་ཉི་མ། ཀརྨ་པ་སོགས་ཀྱི་བཀའ་ཡིག་དང་། བོད་ཀྱི་གཉེན་ཡིག གཞས་ཚིག་ རྒྱལ་བ་དྲུག་པའི་མགུར་གླུ། ཁོང་ཉིད་བོད་ལ་ཕེབས་སྐབས་ཀྱི་ལམ་ཡིག་སོགས་ལོ་རྒྱུས་ཀྱི་ཡིག་ཚགས་གལ་ཆེན་བོད་ཡིག་དང་པར་གྱི་ངོ་བོར་བཀོད་འདུག ད་དུང་༧རྒྱལ་བ་བཅུ་གསུམ་པའི་སྐོར་སྐབས་དེའི་ཨ་རིའི་གཞུང་ཚབ་པ་ཞིག་བྲིས་པ་ཤོག་ངོས་གཅིག་ཅན་ཞིག་ཀྱང་ལྷན་ཐབས་སུ་བཀོད་འདུག

%e0%bd%85%e0%bc%a1 %e0%bd%85%e0%bc%a2
%e0%bd%85%e0%bc%a3

 

ཤརཏ་ཅནྡྲ་ཁོང་རྡོ་རྗེ་གླིང་དུ་སྡོད་སའི་ཁང་པའི་མིང་ལ་ “Lhasa Villa”ཞེས་བཏགས་ཤིང་། ཁོང་གིས་བོད་རིག་པའི་ལ་འབྲེལ་བ་བྱུང་བའི་མི་སྣ་གྲགས་ཅན་མང་པོ་ཁྱིམ་དུ་གདན་དྲངས་པ་རེད་ཟེར། ཁོང་ ༡༩༡༧ ལོའི་ཟླ་ ༡ ཚེས་ ༥ ཉིན་གྲོངས་པ་རེད།

%e0%bd%85%e0%bc%a4

%e0%bd%85%e0%bc%a5

%e0%bd%85%e0%bc%a6

%e0%bd%85%e0%bc%a7

%e0%bd%85%e0%bd%85%e0%bc%a1%e0%bc%a1

 

 

%e0%bd%85%e0%bc%a8

%e0%bd%85%e0%bc%a9

ཁོང་གི་རང་རྣམ་དང་ལོ་རྒྱུས་སོགས་འདིར་མ་འཁོད་པ་མང་དུ་སྣང་ཞིང་། ཨ་རིའི་ནིའུ་ཡོག་དུས་བབ་དྲ་རྒྱའི་སྟེང་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ཁོང་གི་སྐོར་ལ་ “The Indian Spy Who Fell for Tibet”ཞེས་པའི་རྩོམ་ཞིག་བཀོད་འདུག

 

༼མཆན། འདིར་ཁས་བླངས་པའི་རྩོམ་ཡིག་ཟུར་སྦྱར་རིགས་ཡི་གེ་ལྗིད་ཆེ་བས་འགོད་ཐུབ་མེད་པ་ལ་དགོངས་ཡངས་འཚལ། ༽