རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས།

National Basketball Association

 

ལག་རྩེད་སྤོ་ལོའི་བྱུང་རིམ་ནི། སྤྱི་ལོ་1891 ལོར་ཁེ་ན་སྒྲའི་(Canada) ཡུལ་མི་འཇེམ་སི•ནའེ་སི་མིས་ཐི་(James Naismith)ཡིས་ཨ་མི་རི་ཀའི་མངའ་སྡེ་མའེ་སེལ་ཆིག་སའེ་ཀྲི་(Massachusett)ཡི་གྲོང་ཁྱེར་སི་ཕི་རིན་ཧྥིས་ལི་སྒྲི་(Springfield)ནང་དུ་གསར་གཏོད་བྱས་པའི་ལུས་རྩལ་རྩེད་མོ་ཞིག་ཡིན་པ་དང་། རྩེད་མོ་འདི་ཐོག་མར་གསར་གཏོད་བྱེད་དུས་རྩེད་མཁན་གྱི་མི་གྲངས་བཅོ་བརྒྱད་ཡོད་པ་དེ། རུ་ཁག་གཉིས་ལ་བགོས་ནས་བརྩེས་ཡོད་ལ། དེ་དུས་རྩེད་མོ་འདི་ལ་སྒྲིག་གཞི་དོན་ཚན་བཅུ་གསུམ་ལས་མེད་ན་ཡང་། རིམ་བཞིན་དུས་ཀྱི་འགྱུར་ལྡོག་བསྟུན་ནས་ལག་རྩེད་སྤོ་ལོའི་སྒྲིག་གཞི་ཐད་དང་། རྩེད་སྟངས། གྲུག་སྤང་གི་མཐོ་ཚད། རྩེད་ཐང་གི་བཟོ་དབྱིབས་བཅས་ཕྱོགས་མང་པོ་ཞིག་ལའང་འགྱུར་བ་ཐེབས་དང་ཐེབས་ཀྱིན་ཡོད།

དེང་གི་དུས་འདིར་ལག་རྩེད་སྤོ་ལོ་འདི་བཞིན་འཛམ་གླིང་ཡོངས་ལ་དར་ཁྱབ་ཤིན་ཏུ་སོང་ཡོད་པ་དེ་ནི། ལག་རྩེད་སྤོ་ལོར་ལུས་རྩལ་གྲགས་ཅན་མེལ་ཁིལ•ཇོར་སྒྲན་(Micheal Jordan)དང་། ཞ་ཁིས་ལི•ཨའོ’ནིས་ལི(Shaquille O’nell)། ཁའོ་སྦིས•སྦི་རན(Kobe Bryant)། སི་ཀྲའེ་ཧྥིན•ཁིར་རས(Stephen Curry)། ལའེ་སྦི་རང•འཇེམ་སི་(LeBron James)སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེའི་རྐྱེན་གྱིས་ལག་རྩེད་སྤོ་ལོ་ནི་འཛམ་གླིང་སྟེང་གི་ལུས་རྩལ་རྩེད་མོ་སྐད་གྲགས་ཆེ་ཤོས་ཤིག་ཏུ་ཆགས་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་ལག་རྩེད་སྤོ་ལོ་ལུས་རྩལ་བ་དག་ནི་འཛམ་གླིང་སྟེང་གི་ལུས་རྩལ་རྩེད་མོ་བ་ཡོངས་ཀྱི་ནང་ནས་ཕོགས་ཐོབ་མཐོ་ཤོས་དེ་ཡང་ཆགས་ཡོད།

སྤྱིར་ལག་རྩེད་སྤོ་ལོའི་རུ་ཁག་རུ་མི་ཚོ་འགོག་སྲུང་པ་དང་གདོང་ལེན་པ་ཞེས་གཉིས་སུ་བཀར་ཡོད་དེ། འགོག་སྲུང་ཀ་བ་དང་། འགོག་སྲུང་ཁ་བ། གདོང་ལེན་པ་ཀ་བ། གདོང་ལེན་པ་ཁ་བ། གདོང་ལེན་པ་བར་མ་བཅས་ཡིན། འོན་ཀྱང་། ལུས་རྩལ་བ་དག་ལ་ཀ་བའམ་ཁ་བ། ཡང་ན་བར་མ་ཞེས་མིང་འདོགས་དོན་ལུས་རྩལ་བའི་ལག་རྩལ་གྱི་མཐོ་དམན་དང་། གཟུགས་སྟོབས་ཀྱི་ཆེ་ཆུང་། ཡང་ན་ལུས་རྩལ་བའི་གོ་རིམ་སོགས་ལ་འབྲེལ་བ་ཅི་ཡང་མེད་པར།  ལུས་རྩལ་བ་སོ་སོའི་གཟུགས་སྟོབས་ཀྱི་ལྡེམ་མྱུར་དང་སོ་སོའི་སྤོ་ལོ་རྩེད་སྟངས་ལ་བསྟུན་ནས་བཀར་བ་ཞིག་ཡིན།

•. གདོང་ལེན་པ་བར་མ། Center        (中锋)
• གདོང་ལེན་པ་ཁ་བ། Power Forward   (前锋)
• གདོང་ལེན་པ་ཀ་བ། Small Forward   (留守)
• འགོག་སྲུང་ཁ་བ། Shorting Guard     (后卫)
• འགོག་སྲུང་ཀ་བ། Point Guard          (守卫)
གདོང་ལེན་པ་བར་མ། CENTER (中锋)

གདོང་ལེན་པ་བར་མ་ནི་རུ་ཁག་ཞིག་གི་རུ་མི་གཟུགས་སྟོབས་རིང་ཤོས་དང་གཟུགས་སྟོབས་ཆེ་ཤོས་དེ་ཡིན་དགོས་ལ། འགོག་སྲུང་བྱེད་པའི་སྐབས་སུ་ཁོ་ནི་གྲུག་སྤང་དང་ཐག་ཉེ་རུ་སླེབས་དགོས་ཤིང་། སླེ་གྲུག་ནང་དུ་མ་འཛུལ་བའི་སྤོ་ལོ་རྣམས་མཆོང་ལྡིང་བྱས་ནས་འཛིན་ཐུབ་མཁན་ཞིག་ཡིན་པ་མ་ཟད། གཟུགས་སྟོབས་དང་ལུས་སྟོབས་ཀྱི་ཐད་ནས་འཐབ་ཡའི་ལུས་རྩལ་བ་ལ་བཙན་པོ་དབང་ཤེད་བྱེད་ཐུབ་མཁན་ཞིག་དང་། ཕྱོགས་ཡོངས་ནས་གྱད་རྩལ་བ་སྟབས་བསྟུན་གྱི་རང་བཞིན་ཡོད་པ་ཞིག་ཀྱང་ཡིན་དགོས།

ཕར་རྒོལ་བྱེད་པའི་སྐབས་སུ། གདོང་ལེན་པ་བར་མའི་སོ་སོའི་རུ་ཁག་གི་འགོག་སྲུང་ཀ་བ་དང་ཁ་བ་འགོག་མཁན་རྣམས་འགེབས་སྲུང་དང་གཡོལ་ཐབས་བྱས་ཏེ། འགོག་སྲུང་བ་རུ་མི་གཅིག་གིས་གཅིག་ལ་སྤོ་ལོ་བརྒྱུད་སྤྲོད་དང་། སྤོ་ལོ་སླེ་གྲུག་ནང་དུ་འཕེན་རྒྱུ། དེ་མིན་གྲུག་སྤང་ཕྱོགས་སུ་གོམ་གསུམ་ལྡིང་འཇོག་གི་ལམ་སོགས་བསྐྲུན་དགོས་ལ།  ལྷག་པར་ཏུ་ཕར་རྒོལ་ཙམ་མ་ཟད། འགོག་སྲུང་བྱེད་དུས་ཀྱང་སླེ་གྲུག་ནང་དུ་མ་འཛུལ་བའི་སྤོ་ལོ་བསྐྱར་བཟུང་བྱེད་ཐུབ་པའི་ནུས་པ་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

སྔར་སྲོལ་ལྟར་ན་རུ་ཁག་ཞིག་གི་ནང་གི་གདོང་ལེན་པ་བར་མའི་གོ་གནས་འདི་ནི་ཤིན་ཏུ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི། ལུས་རྩལ་བ་ཁོང་འགེབ་སྲུང་དང་། འགོག་སྲུང་། སྤོ་ལོ་བསྐྱར་བཟུང་བྱེད་ཐུབ་མཁན་ཞིག་ཡིན་དགོས་པ་མ་ཟད། ཁོང་ནི་གྲུག་སྤང་གི་ཉེ་འགྲམ་ནས་ཁ་ཕྱིར་འཁོར་ཏེ་སྤོ་ལོ་སླེ་གྲུག་ནང་དུ་འཕེན་ཐུབ་མཁན་ཞིག་དང་། དམིགས་བསལ་གྱིས་སྤོ་ལོ་འཕེན་དུས་གྲུག་སྤང་བེད་སྤྱོད་གཏོང་ཐུབ་མཁན་གྱི་ནུས་པ་ཡོད་པ་ཞིག་ཀྱང་ཡིན་དགོས་སོ།

གདོང་ལེན་པ་ཁ་བ། POWER FORWARD (前锋)

གདོང་ལེན་པ་ཁ་བ་ནི་རུ་ཁག་ཞིག་གི་ནང་གི་རུ་མི་གཟུགས་པོ་རིང་ཤོས་ཀྱི་རྗེས་མ་དེ་ཡིན་པ་མ་ཟད། ངེས་པར་དུ་སྟོབས་ཤུགས་ཅན་ཞིག་ཀྱང་ཡིན་དགོས། ཁོང་གྲུག་སྤང་གི་དཀྱིལ་ཐིག་དང་སླེ་གྲུག་གི་འོག་ནས་འཐབ་ཡའི་ལུས་རྩལ་བ་དང་མཉམ་དུ་གཟུགས་སྟོབས་ཚད་ནས་སྤོ་ལོ་རྩེད་ཕོད་མཁན་ཞིག་དང་། མྱུར་རྩལ་ཅན་ཞིག་ཀྱང་ཡིན་དགོས། གཞན་ཡང་། གདོང་ལེན་པ་ཁ་བ་ནི་གྲུག་སྤང་གི་དཀྱིལ་ཐིག་དང་སླེ་གྲུག་གི་འོག་ཏུ་འགོག་སྲུང་དང་གྲུག་སྤང་གི་ཟུར་དང་མཐའ་ནས་སྤོ་ལོ་སླེ་གྲུག་ནང་དུ་འཕེན་ཐུབ་མཁན་ཞིག་ཀྱང་ཡིན།

ལྷག་པར་དུ་ཁོང་ནི་གདོང་ལེན་པ་བར་མ་ནང་བཞིན་གྲུག་སྤང་གི་ནང་ཐིག་ནས་སྤོ་ལོ་འཕེན་ཐུབ་མཁན་ཞིག་དང་། དམིགས་བསལ་གྱིས་གདོང་ལེན་པ་བར་མ་དང་མི་འདྲ་བར་སྐར་གསུམ་ཐིག་གི་ནང་ལོགས་གང་ནས་ཀྱང་སྤོ་ལོ་འཕེན་ཐུབ་ཞིག་ཀྱང་ཡིན་དགོས། མཐར་ཐུག་ན་གདོང་ལེན་པ་ཁ་བ་ནི་ནུས་རྩལ་གང་རུང་ཁོང་དུ་ཆུད་པ་དང་བཀོལ་ཤེས་པའི་ནུས་པའམ་འཇོན་ཐང་ཡོད་པ་ཞིག་ཀྱང་ཡིན་ནོ།།

གདོང་ལེན་པ་ཀ་བ། SMALL FORWARD (留守)

གདོང་ལེན་པ་ཀ་བ་ནི་རུ་མི་ནང་གི་གདོང་ལེན་པ་བར་མ་དང་གདོང་ལེན་པ་ཁ་བ་ལས་གཟུགས་སྟོབས་ཆུང་ནའང་། གཟུགས་ཀྱི་རིང་ཐུང་ཚད་ལྡན་ཞིག་ཡིན་དགོས། སྐར་གསུམ་ཐིག་ཀྱི་ནང་ལོག་ཏུ་གདོང་ལེན་པ་བར་མ་དང་གདོང་ལེན་པ་ཁ་བ་ནང་བཞིན་སྤོ་ལོ་སླེ་གྲུག་ནང་དུ་འཕེན་ཐུབ་མཁན་ཞིག་ཡིན་དགོས་པ་ཙམ་མ་ཟད། འགོག་སྲུང་བྱེད་ཐུབ་མཁན་ཞིག་ཀྱང་ཡིན་དགོས། གང་ལྟར་ཁོང་ནི་རྩལ་གང་རུང་ཁོང་དུ་ཆུད་པ་དང་བཀོལ་ཤེས་པའི་ནུས་པ་ཡོད་མཁན་ཆེ་ཤོས་དེ་ལ་ངོས་འཛིན་བྱེད་དགོས། དེའི་རྐྱེན་གྱིས་འགོག་སྲུང་ཁ་བ་དང་གདོང་ལེན་པ་ཀ་བའི་གོ་གནས་དེ་སྤོ་ལོ་རྩེད་བཞིན་པའི་སྐབས་སུ་བརྗེ་རེས་བྱེད་ཀྱི་ཡོད་ལ། ལུས་རྩལ་བ་ཁོང་གཉིས་ནི་རུ་ཁག་ཞིག་གི་གཤོག་པ་ལའང་ངོས་འཛིན་བྱེད་ཀྱི་ཡོད།

གདོང་ལེན་པ་ཀ་བ་ནི་རུ་མི་གཞན་པ་ནང་བཞིན་ལག་རྩལ་འདྲ་མིན་ཁོང་དུ་ཆུད་ཀྱི་ཡོད་ན་འང་། ལུས་རྩལ་བ་ཁོང་གི་ནུས་སྟོབས་ཆེ་ཤོས་ནི། གྲུག་སྤང་ཕྱོགས་སུ་ཨུ་ཚུགས་སམ་འཚང་ཁ་བརྒྱབ་ནས་གོམ་གསུམ་ལྡིང་འཇོག་བྱས་ཏེ། འཐབ་ཡའི་རུ་ཁག་ནང་གི་གཏུམ་དྲག་བྱས་ནས་རྩེད་མཁན་གྱི་རིགས་ལ་སྒྲིག་འགལ་བྱེད་དུ་འཅུག་མཐར། སྐར་གཉིས་སམ་སྐར་གསུམ་དགའ་རྟག་ལེན་རྒྱུ་དང་། སྤོ་ལོ་ཐུར་འཇུག་བྱེད་ཐུབ་མཁན་དེ་དག་ཡིན་ནོ།།

འགོག་སྲུང་ཁ་བ། SHOOTING GUARD (后卫)

འགོག་སྲུང་ཁ་བ་ནི་རུ་ཁག་ཞིག་གི་ནང་གི་རུ་མི་གཟུགས་པོ་ཐུང་ཤོས་དེ་ཡིན་ནའང་། ལུས་རྩལ་བ་ཁོང་ནི་སྤོ་ལོ་སྐར་གསུམ་ཐིག་གི་མཐའ་སྐོར་ནས་སླེ་གྲུག་ནང་དུ་འཕེན་མཁན་མང་ཤོས་དེ་ཆགས་དགོས་ཀྱི་ཡོད། ཁོང་ནི་འགོག་སྲུང་བྱེད་དཀའ་བ་ཞིག་ཡིན་པ་མ་ཟད། སོ་སོའི་རུ་མིའི་འགེབས་སྲུང་བྱེད་དུས་གཡོབ་འགུལ་བྱེད་ཤེས་དགོས་ཏེ། སྤོ་ལོ་སླེ་གྲུག་ནང་དུ་མགྱོགས་འཕེན་མཁས་མཁན་ཞིག་ཀྱང་ཡིན་དགོས། གཞན་ཡང་། འགོག་སྲུང་ཁ་བས་འཐབ་ཡའི་སྤོ་ལོ་འཕེན་མཁན་ཡག་ཤོས་དེ་འགོག་སྲུང་བྱེད་ཆེད་རྗེས་འདེད་བྱེད་དགོས་པས། ལུས་རྩལ་བ་ཁོང་གིས་ཕར་རྒོལ་ལས་འགོག་སྲུང་ཐད་དུ་ནུས་ཤུགས་མང་ཆེ་ཤོས་འདོན་དགོས་ཡོད་དོ།།

འགོག་སྲུང་ཀ་བ། POINT GUARD (守卫)

འགོག་སྲུང་ཀ་བ་ནི་རུ་ཁག་གང་རུང་གི་སྤོ་ལོ་བརྡབ་འཁྲིད་དང་རུ་མི་ཕན་ཚུན་ལ་སྤོ་ལོ་སྤྲོད་མཁན་ཡག་ཤོས་དེ་ཡིན་པའི་ཁར། སྐར་གསུམ་ཐིག་གི་ཕྱི་ནང་དང་རྩེད་ཐང་གི་མཐའ་ཟུར་སོགས་གང་ལའང་རྒྱུས་མངལ་དང་མཐོང་རྒྱ་ཡོད་ཆེ་ཤོས་དེ་ཡིན་དགོས་པར་མ་ཟད། ཕར་རྒོལ་བྱེད་སྐབས་སྤོ་ལོ་བརྡབ་འཁྲིད་དང་ཕར་རྒོལ་གྱི་འཆར་འགོད་བྱེད་དགོས་པའི་འོས་འགན་ཡང་ཡོད། གང་ལྟར་ལུས་རྩལ་བ་ཁོ་ནི་རྩེད་ཐང་ཐོག་ཏུ་རུ་ཁག་ཞིག་གི་སྤོ་ལོ་རྩེད་སྟངས་ཀྱི་རྣམ་པ་དང་། མྱུར་ཚད། འཐབ་རྒོལ་ཇུས་འགོད་བྱེད་མཁན་ཡིན་པ་ལམ་སླ་བོར་ཤེས་ཐུབ།  མཐར་གཏུག་ན་ལུས་རྩལ་བ་ཁོང་ནི་རུ་ཁག་ཞིག་གི་སྤྱིའི་བཀོད་འདོམས་དང་སྣེ་འདྲེན་མཁན་དེ་ཡང་ཡིན་ནོ།།

 

snip20161103_2

 

ཨ་རིའི་ལག་རྩེད་སྤོ་ལོའི་འགྲན་སྡུར་དེ་ནི་ལོ་རེ་ཐེངས་གཅིག་ལ་འཚོགས་ཀྱིན་ཡོད་ལ། དེ་ཡང་ལོ་རེའི་སྤྱི་ཟླ་༡༠བའི་ཟླ་མཇུག་ནས་མགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་༦པའི་ཟླ་མཇུག་བར་དུ་རྩེ་ཡི་ཡོད།  ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ནང་དུ་དེང་སྐབས་རུ་ཁག་སུམ་བཅུ་ཡོད་དེ། ཁེ་ན་སྒྲ་རྒྱལ་ཁབ་ཀྱི་ནང་ནས་ཡོང་བའི་ཀྲའོ་རང་ཀྲའོ་ཁྱུང་ཆེན་རུ་ཁག་གཅིག་ལས་གཞན་ཚང་མ་ཨ་མེ་རི་ཀའི་ས་གནས་ཀྱི་རུ་ཁག་རྐྱང་ཡིན། རུ་ཁག་སུམ་ཅུ་འདི་དག་ཨ་རིའི་རྒྱལ་ཁབ་ཀྱི་ཤར་ཁུལ་རུ་ཚོགས་དང་། ནུབ་ཁུལ་རུ་ཚོགས་ཞེས་ས་ཕྱོགས་གཉིས་ལ་རུ་ཁག་བཅོ་ལྔ་རེ་བྱས་བཀར་ཡོད་པ་དང་། ཤར་ཁུལ་རུ་ཚོགས་དང་ནུབ་ཁུལ་རུ་ཚོགས་ཀྱི་ནང་ཁུལ་དུའང་ས་ཁུལ་གསུམ་རེ་ལ་རུ་ཁག་ལྔ་རེ་བྱས་བཀར་ཡོད་པ་ནི་གཤམ་གསལ་ལྟར་ཡིན།

ནུབ་ཁུལ་རུ་ཚོགས། Western Conference  (西部联盟)

ཞི་བདེ་རྒྱ་མཚོའི་ས་ཁུལ། Pacific (太阳评分区)

          ལའོ་སི•ཨན་ཇེ་ལི་སི – མགྱོགས་གྲུ་རུ་ཁག Los Angeles Clippers (快船)

         སན་ཁར་མིན་ཀྲའོ – བཙན་པོ་རུ་ཁག Sacramento Kings (国王)

         ལའོ་སི•ཨན་ཇེ་ལི་སི – མཚོ་མི་རུ་ཁག Los Angeles Lakers (湖人)

         ཧྥིས་ནིས་ཁི་སི – ཉི་མ་རུ་ཁག Phoenix Suns (太阳)

         སྒོལ་སྒྲན•སི་ཀྲའེ་ཀྲི – དཔའ་བརྟུལ་རུ་ཁག Golden State Warriors (勇士)

ལྷོ་ནུབ་ས་ཁུལ། Southwest (西南分区)

         མེམ་ཧྥིས་སི – དོམ་སྐྱ་རུ་ཁག Memphis Grizzlies (灰熊)

         ནེའུ•ཨོར་ལིན – ཁྱུ་དགའ་རུ་ཁག New Orleans Pelicans (鹈鹕)

         སྒྲལ་ལ་སི – བེའུ་རུ་ཁག Dallas Mavericks (小牛)

         ཧིག་སི་ཀྲོན – འཕུར་མདའ་རུ་ཁག Houston Rockets (火箭)

        སན•ཨན་ཀྲའོ་ནིས་འོ – ཡོབ་འབུགས་རུ་ཁག San Antonio Spurs (马刺)

བྱང་ནུབ་ས་ཁུལ། Northwest (西北分区)

        ཡུག་ཁྲ – ཇའེ་སི་རུ་ཁག Utah Jazz (爵士)

        སྒྲེན་ཝིར – གསེར་ལེན་རུ་ཁག Denver Nuggets (掘金)

        ཨོ་ཁེལ་ཧའོ་མ•སིས་ཀྲས – ཐོག་ལྡིར་རུ་ཁག Oklahoma City Thunder (雷霆)

        མིན་ནི་སའོ་ཀྲ – རི་སྤྱང་རུ་ཁག Minnesota Timberwolves (森林狼)

        ཕོར་ཀྲི་ལན་སྒྲི – གསར་གཏོད་རུ་ཁག Portland Trail Blazers (开拓者)

ཤར་ཁུལ་རུ་ཚོགས། Eastern Conference  (东部联盟)

ཨ་ཀྲི་ལན་ཀྲིས་ཁིའི་རྒྱ་མཚོའི་ས་ཁུལ་ལམ་ལྷོ་བྱང་ས་ཁུལ། Atlantic (大西洋分区)

         ཧྥིས་ལ་སྒྲེལ་ཧྥིས་ཡ – བདུན་ཅུ་དོན་དྲུག་རུ་ཁག Philadelphia 76ers (76人)

         སྦའོ་སི་ཀྲོན – སེལ་ཀྲིས་ཁིའི་ཡུལ་མི་རུ་ཁག Boston Celtics (凯尔特人)

         ནེའུ•ཡོག་ཁི – ནིས་ཁི་སི་རུ་ཁག New York Knicks (尼克斯)

         སྦི་རུའུ་ཁི་ལིན – དྲ་བ་རུ་ཁག Brooklyn Nets (篮网)
          ཀྲའོ་རང་ཀྲའོ – ཁྱུང་ཆེན་རུ་ཁག Toronto Raptors (猛龙)

ཤར་ལྷོའི་ས་ཁུལ། Southeast (东南分区)

         ཞར་ལའོ་ཁྲི – སྦྲང་སེར་རུ་ཁག Charlotte Hornet (黄蜂)

         ཨ་ཀྲི་ལན་ཀྲ – བྱ་ཁྲ་རུ་ཁག Atlanta Hawks (老鹰)

         མ་ཡའེ་མིས – ཚ་རླབས་རུ་ཁག Miami Heat (热火)

         ཨོར་ལན་སྒྲའོ – སྒྱུ་འཕྲུལ་རུ་ཁག Orlando Magic(魔术)

         ཝ་ཞིན་ཀྲོན – དྲང་སྲོང་རུ་ཁག Washington Wizards (奇才)

དཀྱིལ་གནས་ས་ཁུལ། Central (中英分区)

         མིལ་ཝ་ཁིས – ཤྭ་བོ་རུ་ཁག Milwaukee Bucks (雄鹿)

         ཆིས་ཁ་སྒོ – གླང་དམར་རུ་ཁག Chicago Bulls (公牛)

         ཁི་ལའེ་ཧྥི་ལན་སྒྲི – སྐྱ་དམག་རུ་ཁག Cleveland Cavaliers (骑士)

         ཨིན་སྒྲིས་ཡ་ན – གོམ་སྟབས་རུ་ཁག Indiana Pacers (步行者 )

         སྒྲིས་ཀྲོར་ཡེ་ཀྲི – སྲུབ་གཏུན་རུ་ཁག Detroit Pistons (活塞)

 

snip20161103_3

 

ལོ་གཅིག་གི་འགྲན་སྡུར་ནང་དུ་དེང་ཐོག་རུ་ཁག་རེ་རེས་འགྲན་བསྡུར་ཐེངས82 རེ་བྱེད་དགོས་ཀྱི་ཡོད་ལ། འགྲན་རྩོད་ཐེངས་82ནང་ནས་ཐེངས་41 ལ་སོ་སོའི་ས་གནས་སུ་འགྲན་སྡུར་བྱེད་རྒྱུ་དང་། ཐེངས41 ལ་ས་གནས་གཞན་དུ་སོང་སྟེ་འགྲན་སྡུར་བྱེད་དགོས་ཀྱི་ཡོད། ལོ་གཅིག་གི་འགྲན་སྡུར་ནང་རུ་ཁག་གཅིག་གིས་སོ་སོའི་ས་ཁུལ་གྱི་རུ་ཁག་རེའི་དབར་ལ་འགྲན་རྩོད་ཐེངས་བཞི་དང་། ཁྱོན་བསྡོམས་པས་ཐེངས་བཅུ་དྲུག་ལ་འགྲན་རྩོད་བྱེད་དགོས་ཡོད་ཅིང་། སོ་སོའི་རུ་ཚོགས་གྱི་ས་ཁུལ་ནང་གི་རུ་ཁག་དྲུག་གི་མཉམ་དུ་ཐེངས་བཞི་རེ་བཅས་ཁྱོན་བསྡོམས་ཐེངས་ཉི་ཤུ་རྩ་བཞི་ལ་དང་། ས་ཁུལ་གྱི་རུ་ཁག་བཞི་ལྷག་ཡོད་པའི་མཉམ་དུ་ཡང་འགྲན་རྩོད་ཐེངས་གསུམ་རེ་བཅས་ཁྱོན་བསྡོམས་ཐེངས་12་ལ་འགྲན་བསྡུར་བྱས་མཐར། རུ་ཚོགས་མ་འདྲ་བའི་རུ་ཁག་བཅོ་ལྔའི་མཉམ་དུ་འགྲན་བསྡུར་ཐེངས་གཉིས་རེ་བཅས་སྤྱིའི་ཁྱོན་བསྡོམས་ཐེངས་30ལ་འགྲན་བསྡུར་བྱེད་དགོས་ཀྱི་ཡོད།

སྤྱི་ཟླ་2 བའི་ནང་ལོ་གཅིག་གི་འགྲན་སྡུར་དེ་མཚམས་བཞག་ཏེ་ལོ་རེའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་ཆེད་ཤར་ནུབ་ཀྱི་རྩེ་ཕུད་ལུས་རྩལ་བའི་འགྲན་བསྡུར་དེ་འཚོགས་ཀྱི་ཡོད། རྩེ་ཕུད་ལུས་རྩལ་བ་དག་ཨ་རི་དང་ཁེ་ན་སྒྲར་ས་གནས་སུ་ཡོད་པའི་སྤོ་ལོ་དགའ་མཁན་ཚོས་དྲ་རྒྱ་བརྒྱུད་དེ་འདེམས་ཤོག་བླུགས་ཏེ་རྩེ་ཕུད་ལུས་རྩལ་བ་ལྔ་འདེམས་ཀྱིན་ཡོད་པ་དང་། རུ་ཁག་ཡོངས་ཀྱི་རྩལ་འཁྲིད་པ་ཚོས་རྩེ་ཕུད་ལུས་རྩལ་བ་གཞན་14འདམས་རྗེས། ཤར་ཁུལ་རུ་ཚོགས་ཀྱི་རྩེ་ཕུད་ལུས་རྩལ་བ་དང་ནུབ་ཁུལ་རུ་ཚོགས་ཀྱི་རྩེ་ཕུད་ལུས་རྩལ་བས་འགྲན་བསྡུར་ཐེངས་གཅིག་བྱས་མཐར། ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་ལ་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་མ་ཟད། སྐབས་འདི་ལ་འགྲན་རྩོད་གཞན་ཡང་བྱེད་ཀྱིན་ཡོད་དེ། སྤོ་ལོ་ཐུར་འཇུག་ལག་རྩལ་འགྲན་སྡུར་དང་། ལག་རྩལ་འདྲ་མིན་གདོང་ལེན་འགྲན་སྡུར། སྐར་གསུམ་ཐིག་ནས་འཕངས་པའི་སྤོ་ལོའི་མང་ཉུང་འགྲན་བསྡུར་བཅས་ཀྱང་འཚོགས་ཀྱིན་ཡོད།

སྤྱི་ཟླ་4 བའི་ཟླ་མཇུག་ཙམ་ལ་རུ་ཁག་རེ་རེའི་འགྲན་སྡུར་ཐེངས་82 རེ་བྱས་ཚར་རྗེས། ཤར་ཁུལ་རུ་ཚོགས་དང་ནུབ་ཁུལ་རུ་ཚོགས་ཀྱི་ནང་གི་ས་ཁུལ་སོ་སོའི་རྒྱལ་ཕམ་གྱི་མང་ཉུང་ལ་བལྟས་ཏེ་ཤར་ཁུལ་རུ་ཚོགས་ཀྱི་རུ་ཁག་8 དང་ནུབ་ཁུལ་རུ་ཚོགས་ཀྱི་རུ་ཁག་8 བཅས་ཁྱོན་བསྡོམས་རུ་ཁག་16 (མཐའ་མཇུག་གི་རུ་ཁག་16 ཞེས་ཀྱང་འབོད།) འདེམས་བཀོད་དང་ཨང་རིམ་དགར་མཐར། ཤར་ཁུལ་རུ་ཚོགས་དང་ནུལ་ཁུལ་རུ་ཚོགས་སོ་སོའི་ཨང་རིམ་དང་པོ་དང་ཨང་བརྒྱད་པའི་དབར་འགྲན་སྡུར་བྱེད་ཀྱི་ཡོད་པ་དང་།  དེ་བཞིན་ཨང་གཉིས་པ་དང་ཨང་བདུན་པ།  ཨང་གསུམ་པ་དང་ཨང་དྲུག་པ།  ཨང་བཞི་བ་དང་ཨང་ལྔ་བ་བཅས་རིམ་པ་ལྟར་འགྲན་སྡུར་མང་ཚེ་ཐེངས་བདུན་ལས་བྱེད་ཀྱི་མེད་ནའང་། སྔོན་ལ་རུ་ཁག་གང་ཞིག་གིས་འགྲན་སྡུར་ཐེངས་བཞི་ལ་རྒྱལ་ཁ་ཐོབ་པ་དེ་དག་མཐའ་མཇུག་གི་རུ་ཁག་8 ཡི་ནང་དུ་འཛུལ་བཞུགས་བྱེད་ཐུབ་ཀྱི་ཡོད། རྩེད་སྟངས་དེ་ལ་གཞིར་བཞག་དེ་མཐའ་མཇུག་གི་4་དང་མཐའ་མཇུག་གི་2བཅས་འགྲན་སྡུར་བྱས་ཏེ། དེའི་མཐའ་མར་ཤར་ཁུལ་རུ་ཚོགས་ཀྱི་རུ་ཁག་གཅིག་དང་ནུབ་ཁུལ་རུ་ཚོགས་ཀྱི་རུ་ཁག་གཅིག་བཅས་ཁྱོན་བསྡོམས་རུ་ཁག་གཉིས་ཀྱིས་མཐའ་མའི་འགྲན་སྡུར་རམ་ཨང་དང་པོ་ཐག་གཅོད་འགྲན་སྡུར་ལ་ཞུགས་ཏེ་ལོ་འཁོར་དེའི་ཨང་དང་པོ་དེ་རྩོད་དགོས།  མཐའ་མཇུག་གི་འགྲན་སྡུར་དེ་ཡང་འགྲན་ཐེངས་བདུན་ལས་བྱེད་རྒྱུ་མེད་དེ། འགྲན་སྡུར་ཐེངས་དང་པོ། གཉིས་པ། དྲུག་པ། བདུན་པ་བཅས་ནི་རུ་ཁག་ཞིག་གི་སོ་སོའི་ས་གནས་ཀྱི་རྩེད་ཐང་དུ་བརྩེ་རྒྱུ་ཡིན་པ་དང་། འགྲན་སྡུར་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ནི་རུ་ཁག་གཞན་དེ་ཡི་རྩེད་ཐང་དུ་བརྩེ་རྒྱུར་ཐག་བཅད་བྱས་ཡོད། ཡིན་ནའང་། རུ་ཁག་གང་ཞིག་གིས་འགྲན་སྡུར་ཐེངས་བདུན་པའི་ནང་ནས་ཐེངས་བཞི་སྔོན་ལ་ཐོབ་པ་ཡིན་ན། དེ་ནི་ལོ་གཅིག་གི་ལག་རྩེད་སྤོ་ལོའི་རྒྱལ་ཁ་ཨང་དང་པོ་ཡིན་ནོ།།