image


ཉིན་ཤས་རིང་ང་ཚོའི་མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་བ་ཡོད་ཟེར་བའི་བོད་འགྱུར་དེབ་ཆུང་ཁ་བྱང་ལ《རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ》ཞེས་འགྱུར་དེབ་དེ་སློབ་གསེང་བེད་སྤྱད་དེ་བཀླགས་པ་ཡིན། དེ་ནི་ངེད་ཅག་ལུང་བ་འདིར་དུས་རབས་ཉི་ཤུ་བའི་སྟོད་དུ་བྱོན་པའི་རྩོད་མེད་རིག་པའི་དཔའ་བོ་དམ་པ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དང་ལྷན་དུ1938ལོར་བོད་དུ་བསྐྱོད་པའི་པར་རྩལ་པ་སྐུ་ཞབས་ཕེ་ནེ་མུ་ཁར་ཇི་ལགས་ཀྱིས་ཉིན་ཐོའི་རྣམ་པར་བརྩམས་པའི་བོད་མཐའ་ཁུལ་གྱི་གཙོས་གྲོང་གསེབ་ཁག་གི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་ཏེ་མཁས་དབང་དགེ་ཆོས་ལགས་ཀྱི་ལོ་རྒྱུས་ཀྱི་ཟ་ཟུར་རེ་ཡང་མངོན་ཐུབ་པའི་བོད་འགྱུར་ཟིན་ཐོ་ཅུང་ལེགས་པོ་ཞིག་རེད། ང་ཚོས་དེབ་འདི་ལས་མཐོང་ཐུབ་པ་ནི་ལོ་ངོ་བརྒྱད་ཅུ་མ་ཟིན་སྔོན་གྱི་བོད་དབུས་གཙང་མཐའ་ཁུལ་གྱི་འཚོ་བའི་གོམས་གཤིས་དང་ཡུལ་སྲོལ་རེད། ད་དུང་རྒྱ་གར་གྱི་བཙུན་གཟུགས་མཁས་པ་རཱ་ཧུལ་གྱི་གཤིས་ཀ་དང་ཁོའི་ལག་གཡོག་པ་མཁས་དབང་དགེ་ཆོས་སོགས་ཀྱི་ཤེས་རབ་དང་འཇོན་ཐང་རེད། ད་ཐེངས་ཀྱི་མྱུལ་ཞིབ་སྐོར་སྐྱོད་པ་འདི་ཚོ་ཀ་ལིམ་སྦུག་ནས་ཚུར་སྣར་བོད་དུ་འཁོར་བ་ཞིག་རེད་འདུག་ལ། རྒྱ་གར་གྱི་བཙུན་གཟུགས་གདོན་སེམས་ཅན་གང་དེ་བོད་ནང་དུ་མྱུལ་ཞིབ་ཏུ་ཐེངས་བཞིར་སླེབས་འདུག་པས་འགྲུལ་བཞུད་འདི་ནི་འགྲུལ་སྐོར་ཐེངས་བཞི་པ་དེ་ཡིན་ལ་ཐེངས་ཐ་མ་དེའང་ཆགས་འདུག རཱ་ཧུལ་ནི་སེར་མོ་བའི་ཆས་སུ་བོད་ནང་དུ་རྒྱ་ལེགས་སྦྱར་གྱི་སྐད་ལས་ཏྰ་ལའི་ལོ་མར་བྲིས་པའི་ཆོས་དཔེ་དག་འཚོལ་སྡུད་བྱེད་པར་ཁ་གཡར་ཏེ་གང་སར་མྱུལ་གྱིན་ཡོད་པ་ཞིག་རེད་འདུག ཁ་གཡར་ཟེར་དོན་ནི། སྐུ་ཞབས་པར་རྩལ་པའི་ཉིན་ཐོ་ལས་འདི་ལྟར་གསལ་ཏེ། «ང་ཚོས་རྒྱུན་དུ་དམིགས་ཡུལ་གཙོ་བོ་སྦས་ནས་ང་ཚོ་ནི་རྒྱ་གར་གྱི་གྲྭ་བ་ཡིན་པ་དང་། ཞེས་དང་། ང་ཚོ་བོད་དུ་ཡོང་དགོས་པའི་རྫུན་སྒྲིག་གི་སྒྲུང་དེ་བཤད་པ་ཡིན།» ཞེས་པ་སོགས་ལས་ཁོ་ཚོའི་དམིགས་ཡུལ་ངོ་མ་དེ་ཏ་ལའི་ལོ་མར་བྲིས་པའི་ཆོས་དཔེ་དག་བསྐྱར་པར་གྱིས་རྒྱ་གར་དུ་གདན་དྲང་རྒྱུ་དེ་ཁོ་ན་མ་ཡིན་པ་གསལ་བོ་ཆགས་འདུག

སྤྱིར་རཱ་ཧུལ་ཟེར་བའི་ཟོག་པོ་འདི་ནི་ཆོས་སེམས་གཏན་ནས་མེད་པའི་མར་ལེ་རིང་ལུགས་ལ་དད་པའི་དམར་ཕྱོགས་པ་ཤ་བརྩེད་མེད་པ་ཞིག་སྟེ། ཉིན་ཞིག་པར་རྩལ་པ་ཕེ་ནེ་མུ་ཁར་ཇི་ལགས་རྒྱལ་རྩེ་དགོན་ནང་གི་གཙོ་སྐུ་ཞིག་གི་མདུན་དུ་ཕྱག་འཚལ་དུ་ཕྱིན་སྐབས། གློ་བུར་དུ་རྒྱབ་ཕྱོགས་ནས་ཕྱིར་འཐེན་བྱུང་། «འཐེན་མཁན་ནི་ལུས་ལ་ངུར་སྨྲིག་གི་གོས་འཆང་བའི་ནང་བའི་ཆོས་ཀྱི་རྗེས་འབྲངས་པ་ར་ཧུལ་ལགས་རེད།ཁོང་གིས་ང་ལ“གླེན་རྟགས་མ་སྟོན་”ཅེས་བརྗོད་བྱུང་། ངས “ལྷ་ལ་གུས་འདུད་བྱེད་བཞིན་ཡོད་ ”ཅེས་བཤད་པར། ཁོང་གད་མོ་དགོད་བཞིན་ “ལྷ་ལ་ཡིད་ཆེས་པའི་དད་པ་ནི་སྨྱོན་པ་རེད། ཆོས་ཀྱིས་མགོ་སྐོར་གཏོང་བ་དང་། དངུལ་ལེན་ཆེད་དུ་སྐུ་རྫུན་མ་ཞིག་བཟོས་བཞག་པ་རེད”ཅེས་དང་། ངས་ “དེས་ན་ལྷ་སྐུ་ངོ་མ་གང་དུ་ཡོད་དམ་”ཅེས་དྲིས་པར་ཁོང་གིས། “དེ་ནི་རླབས་ཆེན་གྱི་ལེ་ཉིན་ཁོང་ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་ལ་བཞུགས་ཡོད་པ་རེད་”ཅེས་དང་། སྐད་ཆ་འདི་གོ་ནས་ངའི་སྙིང་རྨས་མ་འཕར་ལྡིང་བྱེད་མཚམས་ཆད་པ་ལྟར་ང་རང་ཁ་ཁུ་སིམ་པོར་སྡོད་དགོས་བྱུང་། ཡང་རཱ་ཧུལ་ལགས་ཀྱིས་བརྗོད་རྒྱུར། “ཕེ་ནེ་བྷ་བྷོའི་ག་རེ་བྱས་ནས་ཁོང་ཁྲོ་ལང་གི་ཡོད། ངས་ཁྱེད་རང་གི་སྐྱེ་བ་སྔོན་མའི་བག་ཆགས་ནོར་འཁྲུལ་དེ་བཅོས་ནས། ཁྱེད་ལ་དངོས་ཡོད་ཀྱི་མི་ཚེའི་ཆོས་ཀྱི་རྩ་བ་སློབ་ཀྱི་ཡོད། བ་གླང་གི་ཤ་ཟོས། དར་དམར་གྱི་བསྟོད་གླུ་ལོངས། དེ་འདྲ་བྱས་ན། ཁྱེད་རང་དང་རྒྱ་གར་བ་ཡོངས་ལ་དགེ་ལེགས་ཡོང”ཞེས་བཤད་པས་ང་རང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ལན་འདེབས་འདོད་ཀྱིས་ངའི་ལུས་ཡོངས་རྫོགས་མེ་འབར་བ་བཞིན་འདར་སིག་སིག་བྱས་བྱུང་།» ཞེས་དང་། ཡང་ཁོ་ཚོ་སྤོས་ཁང་དགོན་པར་ཡོད་དུས་ཤིག་ལ་དགོན་པའི་སྣེ་ལེན་འོག་ར་ཧུལ་ནས་ཀྱང་ཕྱག་འཚལ་བ་སོགས་ཀྱི་རྫུན་ཆས་མང་བོ་བསྟན་པར་པར་རྩལ་པ་ཕེ་ནེ་མུ་ཁར་ཇི་ལགས་ནས་འདི་ལྟར། «ངས་རཱ་ཧུལ་ལགས་ལ། “ཁྱེད་ཀྱིས་ཆོས་ཁས་མི་ལེན་ཡང་དེ་རིང་སྟོན་པའི་སྐུ་བརྙན་ལ་ཕྱག་འཚལ་དགོས་དོན་ཅི་ཡིན།” ཞེས་དྲིས་པར། ཁོང་དགོད་ཞོར། “དགོས་དབང་གིས་སྐབས་རེར་བོང་བུ་ཡང་ཕ་ལ་བརྩི་དགོས་ཀྱི་འདུག”ཅེས་བརྗོད། ངའི་སེམས་ལ་ཁོང་ཁྲོ་ཆེན་པོ་ལངས་བྱུང་།» ཞེས་པ་སོགས་ལས་རཱ་ཧུལ་གྱི་བསམ་བློའི་འཁྱེར་སྟངས་ནི་ཅི་ལྟ་བུ་ཞིག་ཡིན་པ་ང་ཚོས་མཐོང་ཐུབ།

རཱ་ཧུལ་ནི་མཁས་པ་དྲན་འཕྲུལ་ཚ་བོ་ཡོད་མཁན་ཞིག་ཡིན་ངེས་ཏེ། ང་ཚོའི་མཁས་དབང་དགེ་ཆོས་ལགས་ཀྱང་ཕལ་ཆེར་ཁོའི་བསམ་ཚུལ་དང་དྲན་སྟངས་ལ་ཡིད་སྨོན་དང་རེ་སྟོང་རྒྱག་མཁན་ཞིག་ཡིན་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་སྟེ། {བདག་ཉིད་ཆེན་པོ་རཱ་ཧུལ་ལགས་ལྟ་བུའི་དེང་རབས་བསམ་བློ་ཡོད་མཁན་གྱི་ཤུགས་རྐྱེན་ལ་བརྟེན་ནས། དགེ་བཤེས་ལགས་གསར་བརྗེ་ལམ་ཁར་ཕྱིན་པ་རེད}ཅེས་སྐུ་ཞབས་ཕེ་ནེ་མུ་ཁར་ཇིས་བྲིས་འདུག འོན་ཀྱང་མཁས་དབང་དགེ་ཆོས་ལགས་ནི་འཕྲལ་ཕུགས་གསལ་བའི་དྲན་ཤེས་ཀྱི་རྟོགས་པ་སྔོན་སོང་གི་སྒོ་ནས་གསར་བརྗེ་ལ་དགའ་བ་ཞིག་རེད་མ་གཏོགས། དེང་སང་ཧོལ་རྒྱུག་པ་ཚོ་དང་ག་ལ་འདྲ་སྟེ། གཏན་ནས་མི་འདྲའོ། །

ང་ཚོའི་ལུང་བ་འདི་ནི་སྔོན་ཞིག་ནས་ཕྱི་མཐའི་རྒྱལ་ཁབ་དག་ལ་འབྲེལ་འདྲིས་ཡག་པོ་བྱུང་མེད་པའི་རྐྱེན་གྱིས། ངོ་མི་ཤེས་པའི་ཕྱི་མི་དག་ནང་ལ་འོང་ན་རང་ཚོད་ཀྱིས་སྣེ་ལེན་གང་གཟབ་བྱེད་པ་དང་ཁྱད་པར་དུ་རྒྱ་གར་གྱི་ར་ཧུལ་ལྟ་བུའི་སྣོག་རྐྱལ་ཡོག་ལི་ཚོ་འབྱོར་བའི་ཚེ་ནའང་སྟོན་པ་སངས་རྒྱས་ཀྱི་ཕ་ཡུལ་ནས་བྱོན་པ་ཡིན་པར་སེམས་ཏེ་དགའ་དད་སྤྲོ་གསུམ་གྱིས་བརྩི་བཀུར་བླ་ན་མེད་པ་བྱེད་ཀྱིན་འདུག་སྟེ། འགྱུར་དེབ་ལས། «ཁོ་ཚོར་གཙང་སྦྲ་མེད་པར་མཐོང་ནས་མ་རབས་ཀྱི་ཚིག་ངན་བཤད་སྲིད་ཀྱང་། ང་ཚོའི་བོད་ཀྱི་སྤུན་གྲོགས་ཚོས་དུས་དེང་སང་ཡང་ང་ཚོར་གུས་ཞབས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རིགས་རྒྱུན་ཞེས་ང་ཚོར་བརྩི་བཀུར་གྱིས་ཉེ་བར་བཅར་ཡང་། ང་ཚོས་དྲི་ངན་བྲོ་ཡི་འདུག་ཅེས་གླེན་རྟགས་ཀྱིས་རྒྱང་བཀྱེད་འདུག» ཅེས་བྲིས་འདུག འོན་ཀྱང་སེམས་ངོར་དཔོག་མི་ཐུབ་པ་ཞིག་ལ། དེང་སང་ཡང་ང་ཚོས་ཆོས་ལུགས་ལ་བཅངས་པའི་བརྩེ་སེམས་ནི་རས་དཀར་སྣུམ་གྱིས་ཟིན་པ་ལྟར། ཕལ་ཆེར་སོར་གནས་བཞིན་རང་རང་གི་ས་གནས་སོ་སོའི་བླ་སྤྲུལ་དམ་པ་རྣམས་ཀྱིས་གཙོས་བན་སྔགས་བོན་གསུམ་གྱི་སེར་གཟུགས་ཚང་མར་ཡིད་སྨོན་གྱིས་གློ་བ་ཉེ་བའི་རྣམ་འགྱུར་སྟོན་གྱིན་ཡོད་པ་འདི་ག་རང་ངོ་། །

ད་ཐེངས་ཀྱི་འགྲུལ་བཞུད་འདིའི་ཁྲོད་ཀྱི་མཁས་དབང་དགེ་ཆོས་ལགས་ནི་རྒྱ་གར་ནས་རང་ཡུལ་དུ་འབྱོར་ཐེངས་དང་བོ་དེ་ཡིན་ལ། དགོས་པ་དུ་མའི་རྐྱེན་གྱིས་ང་ཚོའི་མཁས་དབང་ལགས་ཀྱང་ཁུ་སིམ་མེར་བྱོན་པ་ལས་རིགས་ཞེན་གྱི་མཛེས་པ་དེ་གང་ཡིན་སར་མངོན་གྱིན་མེད་པའི་ཚོར་བ་ཞིག་སྦྱིན་ཡོང་། ཁྱད་པར་དུ་རཱ་ཧུལ་གྱི་ཧམ་སྲེད་དང་བསྟུན་ཅི་ཐུབ་ཀྱིས་རང་དོན་ཞོར་སྒྲུབ་བྱེད་ཀྱིན་ཡོད་པ་འདྲ་མོད། འོན་ཀྱང་། ཁོང་གིས་བོད་ཀྱི་གོམས་སྲོལ་ཐད་དོ་སྣང་ཆེ་བཞེས་སྒོས་གང་སར་གསེད་བཀྲོལ་བྱེད་ཀྱིན་ལོས་ཀྱང་ཡོད་ངེས་ཏེ། ཐེངས་ཤིག་ལ། «དགེ་བཤེས་ལགས་ཀྱིས། བོད་མི་མང་གིས་རང་བྱུང་ཁོར་ཡུག་གི་གནོད་འཚེ་ལས་སྐྱོབ་ཆེད་ལུས་ལ་གོས་གྱོན་པ་ལས་ཕྱིའི་རྣམ་པ་སྟོན་བྱེད་དུ་གོས་གྱོན་གྱི་མེད་ཟེར།»ཞེས་སྐུ་ཞབས་པར་བས་བྲིས་འདུག སྐབས་དེ་དག་ཏུ་བོད་མཐའ་མཚམས་ཀུན་ཏུ་གྱོན་གོས་རྣམས་གཙོ་བོ་གྲང་སྐྱོབ་དང་ཚ་སྐྱོབ་ཏུ་བཀོལ་བ་ཙམ་ལས་ནམ་རྒྱུན་ངོ་ཚའི་སྒྲིབ་གཡོག་ཏུ་ཆེར་མི་འཛིན་པའམ། ནམ་རྒྱུན་ཕོ་མོ་ཉིས་ཆ་རོ་སྟོད་གཅེར་གཟུགས་སུ་ཡོད་པ་འདྲ་སྟེ། འགྱུར་དེབ་ལས། «གླ་པ་མི་བཞི(སྐྱེས་པ་གཉིས་དང་བུད་མེད་གཉིས)པོའི་ལྭ་བའི་ནང་གོས་ཅི་ཡང་གྱོན་མེད་པར་ལུས་དམར་ཧྲེང་དང་། མགོའི་སྐྲ་རིང་པོར་བསྡམས་ཏེ་ཆུ་བརྒལ་ནས་ཕར་ཚུར་འགྲོ་བ་ནི་ཡ་མཚན་པོ་བྱུང་། ཁོང་ཚོས་རང་གི་ལུས་དམར་ཧྲེང་སྟོན་པར་ངོ་ཚ་མེད་པར་སྣང་། ར་ཧུལ་ལགས་དགོད་ཞོར། “ཕེ་ནེར་ལགས། ལྟོས་དང་། འདི་ནི་གདོད་མིའི་མི་རིགས(Red lndian)ལྟ་བུ་རེད། འདི་དང་མཉམ་དུ་འདྲིས་རྒྱུར་གྲ་སྒྲིག་གྱིས”ཞེས་དང་། རོགས་པ་ཚོས་རེ་སྐུལ་བྱས་ཀྱང་ངས་བོད་ཀྱི་ལྷ་དང་ལྷ་མོ་ལྟ་བུའི་སྐྱེས་ཕོ་མོའི་ལུས་དམར་ཧྲེང་དེ་པར་མ་བརྒྱབ་པ་ཡིན།» ཞེས་གསལ་འདུག་ལ། དེ་ནི་སྐྱོན་ཆ་ཞིག་གཏན་ནས་མིན་ཏེ། ང་ཚོའི་མིའི་རིགས་ཡོངས་ཀྱི་གདོད་མའི་འཚོ་བ་རོལ་སྟངས་སམ་ཡང་ན་ཡུལ་གྱི་མཐའ་མཚམས་དག་གི་ཡུལ་གཤིས་ཀྱི་སྣང་ཚུལ་ཞིག་རེད། ར་ཧུལ་ཁོ་ཚོ་བོད་ལ་འབྱོར་བའི་སྐབས་དེར་ང་ཚོ་བོད་པའི་གནས་བབ་ནི་ཧ་ཅང་སྐྱོ་ལ་སྡུག་པའི་གཉན་འཕྲང་ཆེ་བའི་དུས་ཚོད་ཅིག་སྟེ་དབྱིན་ཇི་བ་གཙོ་བྱས་ཕྱི་གླིང་བ་བརྩེ་མེད་གཡོ་སྒྱུ་ཅན་ཚོ་ཉེན་ཁ་ལས་ཐར་བའི་ཆེད་དུ། བོད་མིའི་ཚེ་སྲོག་རང་དགར་རྩེ་སྤྱད་བྱས་ན་ཆོག་པའི་བཤད་སྟངས་ཤིག་ཡོད་པ་འགྱུར་དེ་ལས། «དེ་དུས་བོད་ནང་ནས་རྒྱ་གར་དབྱིན་གཞུང་གི་མི་སྣས་སོ་སོའི་རང་སྲོག་སྐྱོབ་ཆེད་བོད་མི་སུ་ཡིན་རུང་གསོད་ཆོག་པའི་ཐོབ་ཐང་ཡོད་ཟེར།» ཞེས་བྲིས་འདུག

སྤྱིར་རཱ་ཧུལ་ཁོ་ཚོ་ཐོག་མར་མི་ལྔ་ཡོད་ཅེས་བྲིས་མོད། དོན་དམ་པར་མི་བཞི་མ་གཏོགས་མཉམ་དུ་འདུག་ཐུབ་རྩ་བ་ནས་ཡོང་གི་མི་འདུག རྒྱུ་རྐྱེན་གཙོ་བོ་ནི་ཟོག་པོ་རཱ་ཧུལ་གྱི་འཁུ་ལྡོག་གི་ཆོ་འཕྲུལ་ལ་འབྲེལ་བ་ཡོད་ངེས་ཤིང་། ཁོ་ཚོ་ནང་ཕན་ཚུན་ལ་རྒྱུ་ནོམ་སོགས་གང་ཐད་ནས་མ་འཆམ་པར་ཐ་ན་ལག་ཀྱང་འགུལ་གྱིན་ཡོད། ཁོ་ཚོ་བོད་ནང་དུ་སླེབས་དུས་ཚང་མ་རྒྱ་གར་གྱི་གྲྭ་བ་ཡིན་ཞེས་ཐ་ན་པར་རྩལ་པ་སྐུ་ཞབས་ཕེ་ནེ་མུ་ཁར་ཇི་ནས་ཀྱང་གྲྭ་གཟུགས་ཀྱི་རྣམ་པས་འཁྲབ་སྟོན་མང་བོ་བྱས་འདུག འགྱུར་དེབ་ལས། «རྒྱལ་ཁབ་འདིའི་བླ་མ་དང་གྲྭ་བ་ཚོས་ཐ་མག་འཐེན་མི་ཆོག་པ་ལྟར་ང་ཚོ་རྒྱ་གར་གྱི་གྲྭ་བ་ཡིན་ཞེས་བརྗོད་ཀྱི་ཡོད་པས་འདི་གའི་ཆོས་ལུགས་ཀྱི་བྱ་སྤྱོད་འཁུར་དགོས། ཞེས་དང་། རཱ་ཧུལ་ལགས་ཀྱིས་བརྗོད་པ་ལྟར་ང་ཚོས་གྲྭ་བ་ངོ་མ་ཡིན་པར་ཡིད་ཆེས་ཡོང་ཆེད་གཟུངས་སྔགས་སྐད་ཤུགས་ཆེན་པོས་བཏོན་པ་ཡིན། བོད་མི་རྣམས་སྨན་ལ་ཡིད་ཆེས་མེད་པར་གཟུངས་སྔགས་ལ་ཡིད་ཆེས་ཆེ་བ་འདུག ཅེས་དང་། ང་ཚོ་ཉིན་བཞིའི་རིང་ངལ་གསོ་བྱེད་ཁོམ་བྱུང་བས་གྲོང་གསེབ་དེ་ནས་བྱ་དེ་གཉིས་བརྐུས་པ་རི་རྒྱབ་ཏུ་འཁྱེར་ནས་སྤྲོ་སྐྱིད་གཏོང་བར་ཕྱིན། གལ་སྲིད་སྒོར་མོ་སྤྲད་ནས་གྲོང་མིའི་ལག་ནས་བྱ་དེ་ཟ་རྒྱུ་ཉོས་ན་ང་ཚོ་གྲྭ་བ་རྫུན་མ་གཡོ་སྒྱུ་ཅན་རེད་བསམས་ནས་འཛིན་སྲིད། འདི་གའི་གྲོང་མི་ཚོས་བྱ་མང་བོ་གསོས་རུང་ཁོང་ཚོས་བྱ་སྒོང་གཅིག་པུ་མ་གཏོགས་བྱ་ཤ་ཟ་སྲོལ་མེད་ཟེར།» ཞེས་གསལ་ལ། རྒྱ་གར་བ་འདི་དག་གི་ཁྲོད་ལས་པར་བ་ཕེ་ནེ་མུ་ཁར་ཇི་ཁོ་རང་ཅུང་ལེགས་ལེགས་འདྲ་ཞིག་བྲིས་འདུག དེ་མིན་རྒྱ་གར་གཞན་པ་གཉིས་དེ་དམིགས་བསལ་མཐོང་ཐུབ་ཀྱི་མི་འདུག་ལ། རཱ་ཧུལ་ནི་ཟོག་པོ་ཁྲམ་རྒན་འདོད་ལོག་བག་མེད་དུ་སྤྱོད་མཁན་ཧ་ལས་པ་ཞིག་སྟེ་ཞིབ་བུར་ཟིན་ཐོར་བཀོད་པས་དགོས་པ་མཐོང་བས་བཞག མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ནི་འགྱུར་དེབ་འདི་ལས་དགེ་བཤེས་སྙིང་རྗེ་ཅན་ཞེས་བོས་ཡོད་པ་ཙམ་ལས་དམིགས་བསལ་གྱིས་གཞན་ལ་སྙིང་རྗེ་སྒོམ་ཚུལ་ཀྱང་མང་བོ་བྲིས་མི་འདུག དེའི་ཕྱིར་མཁས་དབང་དགེ་ཆོས་ལགས་ཀྱི་སྐོར་ཀྱང་ཞེ་དྲགས་གསལ་བོ་ནི་མི་འདུག་སྙམ། ཐོས་ཆུང་བདག་ལྟ་བུར་མཚོན་ན་ད་བར་དུ་རྣ་ལམ་དུ་མ་སོན་པའི་མཁས་དབང་ཁོང་གི་ཆུང་མར་འབོད་པའི་དགའ་རོགས་པ་སངས་སྒྲོལ་མ་ཟེར་བ་ཞིག་དང་། བསམ་བློ་དགེ་བཤེས་ཟེར་བ་ཞིག་གཙང་བཀྲ་ཤིས་ལྷུན་པོ་དགོན་པར་ཡོད་པ་ཐོས་པ་ཙམ་ལས་མཚན་ཀྱང་གསལ་བོ་ཞིག་བྲིས་མི་འདུག ད་དུང་ཆེས་དགོད་བྲོ་བ་ཞིག་ལ་མཁས་དབང་དགེ་ཆོས་ལགས་ནས་དབུས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་གཉིས་སུ་ལོ་ངོ་བཅོ་ལྔར་སློབ་གཉེར་གནང་ཞིང་དམིགས་བསལ་སེ་ར་དགོན་པ་ནས་ལོ་ངོ་གཉིས་ཀྱི་རིང་ལ་རི་མོ་སྦྱངས་ཏེ་ཁྱོན་ལོ་བཅུ་བདུན་གྱི་རིང་ལ་དབུས་སུ་སློབ་གཉེར་གནང་ཚུལ་སོགས་ཀྱང་བྲིས་འདུག

གཞན་དམིགས་བསལ་ཅི་ཡང་མི་འདུག་ཟེར་ན་མི་འོས་ཏེ། བོད་མཐའ་ཁུལ་གྱི་འཚོ་བའི་གནས་བབ་དགོད་བྲོ་བ་དང་ཞེ་མེར་བ་རེ་ཟུང་གིས་མཚོན་པའི་གཏམ་རྒྱུད་གང་འཚམ་རེ་མིག་ལ་ཐོགས་རྒྱུ་དང་སེམས་ལ་འབབ་རྒྱུ་ཡོད་ངེས་པས་སྐུ་ཞབས་ཕེ་ནེ་མུ་ཁར་ཇི་ལགས་ལ་ཐུགས་རྗེ་ཆེ་ཞུ་གིན་ཡོད། གཞན་ཟིན་ཐོ་འདི་ཉིད་བོད་འགྱུར་མཛད་མཁན་ཇོ་ལེབ་ཆོས་འཕེལ་ལགས་ལ་ཐུགས་རྗེ་ཞུ་བ་དང་ཆབས་ཅིག་ཏུ་དེབ་འདིའི་ཚིག་དང་དོན་གྱི་ཐད་ནས་བཟང་ལས་ཅི་ཡང་བཤད་རྒྱུ་མི་འདུག་མོད། འོན་ཀྱང་བདག་གི་མིག་རྣ་ལྕེ་གསུམ་ལ་ཆེས་མི་བདེ་བ་ཞིག་ནི་དཔེ་ཆའི་ཁ་བྱང་ར་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་ཞེས་པ་འདི་ཁོ་ནའོ། །

ཞེས་དེབ་ཆུང་ཀློག་ཞོར་ཁ་ཟིན་སྣ་ཟིན་རེ་རང་གི་ཚོར་བར་བརྒྱུས་ཏེ་སྒང་བ་བོད་ཀྱི་མྱི་ཆེན་གྱིས་ཡི་གེར་ཕབ་པའོ། །