ཉིན་ཤས་ཀྱི་སྔོན་ལ་རྗེ་བླ་མའི་རྣམ་ཐར་ལ་རྒྱས་བསྡུས་ལྔ་བཅུ་ང་བརྒྱད་པོད་གྲངས་ལྔ་རུ་བསྡུས་པའི་དེབ་ཚོགས་ཤིག་བླུ་སྐལ་བྱུང་ལ། དེ་རིང་རྣམ་ཐར་གྱི་འཁྲུངས་འདས་སྐོར་ལ་མྱུར་བར་མིག་ཉུལ་རོབ་ཙམ་བྱེད་དགོས་བྱུང་བས་འཚོལ་བདེ་བོ་བྱུང་། ཡོངས་གྲགས་སུ་རྗེའི་རྣམ་ཐར་ཆེན་མོ་ཞེས་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པ་རྣམ་ཐར་གཞན་དང་མ་འདྲ་བ་དེ་ཉིད་དུ་འདི་ལྟར་འཁོད་འདུག་སྟེ།

“སྟོན་པ་ཐུགས་རྗེ་ཅན་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་མཛད་པ་གསུམ་ཀ་བསྟན་པའི་དུས་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མཚུངས་པ་ལྟར། བདག་ཉིད་ཆེན་པོ་འདི་ཡང་དང་པོར་སྐུ་བལྟམས་པ་དང་། མཐར་མྱ་ངན་ལས་འདས་པའི་མཛད་པ་གཉིས་ཆར་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཁྱད་པར་ཅན་ལ”ཞེས“ཧོར་ཟླ”དམིགས་སུ་གླེང་ཡོད་ལ།

ཡང་ཆ་ཧར་དགེ་བཤེས་ཀྱིས་མཛད་པས་རྗེའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་སུ། “རྗེ་ཙོང་ཁ་པ་འཁྲུངས་པའི་ལོ་ནི་རབ་བྱུང་དྲུག་པའི་སོ་གཅིག་པ་མེ་མོ་བྱ་ལོ་ཡིན་ལ། དེ་ཡང་སྟོན་པ་ཤཱཀྱའི་རྒྱལ་པོ་མེ་རྟ་ལ་སྐུ་བལྟམས། དགུང་ལོ་སོ་གཅིག་པ་མེ་བྱི་ལ་རབ་ཏུ་བྱུང་ནས་ནེརཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་ཏིང་ངེ་འཛིན་སྒོམ་པར་མཛད། དགུང་ལོ་སོ་བདུན་པ་ཆུ་ཕོ་རྟ་ལོའི་ཧོར་ཟླ་བཞི་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས། ལོ་དེ་ཉིད་ཀྱི་ཟླ་བ་དྲུག་པའི་ཚེས་དྲུག་གི་ཉིན་ཐོག་མར་འགོ་བརྩམས་ཏེ་འགྲོ་བ་མང་པོ་ལ་ཆོས་གསུངས། སྟོན་པ་ཤཱཀྱའི་ཐུབ་པའི་བསྟན་པ་རིན་པོ་ཆེ་འབྱུང་བའི་དབུ་ནི་དེ་ཡིན་ནོ།། ཆུ་རྟ་ལོ་དེ་ནས་ལོ་ཉིས་སྟོང་ཉིས་བརྒྱ་སོ་ལྔ་སོང་ཞིང་། སོ་དྲུག་པ་མེ་བྱ་ལ་རྗེ་འདི་འཁྲུངས་པ་ཡིན་ནོ།”ཞེས“ཧོར་ཟླ་བཞི་བ”སྟོན་པ་སངས་རྒྱས་པའི་ཟླ་བ་བྱས་ནས་འོག་རྣམས་དཀྱུས་གཅིག་ཏུ་ཧོར་ཟླ་ལ་གཞི་བྱེད་པ་མངོན་གསལ་ཡིན་ནོ།།

ད་དུང་གཞན་མང་པོ་དྲང་དུ་ཡོད་ཀྱང་འཁྲུངས་འདས་ལོ་ཚིགས་དང་ཧོར་ཟླ་ཡིན་པའི་སྒྲུབ་བྱེད་ལ་འདིས་མ་ཚིམ་པ་གང་ཡང་མེད་དོ་སྙམ་ནས་བསྐྱུངས་པར་བྱས་ལ། དེས་ན་གོང་དུ་དྲངས་པའི་ལུང་འདི་གཉིས་ཀྱིས་ཁྱེད་ཀྱིས་བཀོད་པའི་དྲི་བ་རྟ་ཟླའི་ལྔ་མཆོད་ནམ་ཡིན་ལ་ལན་ཚིམ་པོ་ཞིག་བཏབ་ཡོད་ལགས། ལར་མདོ་སྨད་པ་ནི་རྟ་རིག་རིག་གི་འཕོངས་ལ་ཞོན་པ་ཞིག་ཏུ་མ་བསམ་པར་གྱིས་ལ། ལྷག་ཏུ་ཉིད་ཀྱིས་བཞེད་པའི“རྒྱ་ནག་ཞིང་རྩིས”ཀྱི་ལར་ཞེན་པར་བརྩི་བ་དེ་ནོར་འཁྲུལ་དུ་འོས་མེད་དུ་ཁས་ལོངས་ཤིག

སྤྱིར་བཏང་ཁྱེད་ཀྱི་དྲི་བ་དེ་དག་ལོ་མང་གི་སྔོན་ནས་ལོ་སར་ལ་བར་ཁྱད་ཤོར་དུས་དང་། ལྔ་མཆོད་ལ་བར་ཁྱད་ཤོར་དུས་ལྕེ་ཡོད་མེད་གཉི་གས་དྲ་སྟེང་ནས་ཚ་ཚ་འུར་འུར་བྱས་ཏེ་གླེང་མྱོང་ལ། ཡིན་ཡང་མདོ་སྨད་ཡུལ་དུ་ཧོར་རྩིས་འདི་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བ་ནི་ཁ་སང་དེ་རིང་བྱུང་བ་ཞིག་མ་ཡིན་པར། གནའ་སྔ་མོ་ཡི་སྲོལ་བཟང་ཞིག་རྒྱུན་འཛིན་བྱས་ནས་ད་ལྟའི་བར་དུ་འོངས་པ་ཡིན་ལ། ལོ་རྒྱུས་དང་མཐུན་པའི་ཡབ་མེས་ཀྱི་སྲོལ་བཟང་འདི་ག་བསྐྱུར་ནས་ཁྱོད་ཀྱི་ཚིག་ཤོམ་མམ“ཚོགས་གཏམ”ཐུང་ཐུང་ཞིག་གིས་མདོ་སྨད་ཡུལ་གྲུ་ཁག་གི་སྔར་སྲོལ་བསྒྱུར་དགོས་པའི་སྐད་ཆ་ནི་ཧམ་པ་ཆེ་དྲགས་པ་རེད་སྙམ་སོང་། བསམ་གཟས་ནས་ཧོར་ཟླའི་བརྩི་སྲོལ་ལ“རྒྱ་ནག་ཞིང་རྩིས”ཞེས་ཐ་སྙད་ངན་པ་ཞིག་གིས་ཚོས་བསྒྱུར་པ་ནི་ཀུན་སློང་ཤིན་ཏུ་མ་དག་པར་སེམས་ལ། ཞིང་རྩིས་ནི་རྒྱའི农历ཚུར་བསྒྱུར་བ་སུས་ཀྱང་ཧ་གོ་བ་ཡིན། བོད་དུ་ཧོར་རྩིས་སུ་བསྙད་པ་ནི་ཇིང་གུར་བུ་རྒྱུད་ཀྱིས་རྒྱ་ཁྱབ་དུ་སྤེལ་པ་ཡོངས་གྲགས་ཀྱི་ངག་རྒྱུན་ན་ཡོད་ཅིང། ཧོར་རྩིས་ཞེས་ཧོར་གྱི་ཟླས་དྲངས་ཏེ་བརྗོད་པ་ཡང་རྒྱུ་མཚན་ངེས་ཅན་མཆིས་སོ།།

གཞན་མི་རིགས་ཤིག་གི་ལོ་རྩིས་ནི་མི་རིགས་གང་དེའི་ཡུལ་སྲོལ་དང་འགྲོ་འདུག་ཉལ་འཆག བསམ་གཞིག་བྱ་སྟངས། རོང་གི་ཞིང་རྨོ་ལོག་རྒྱག་དང་། འབྲོག་གི་རུ་སྤོར་སྟངས། མདོར་ན་ཉིན་གཅིག་གི་ལས་ཀ་ལས་སྟངས་སོགས་ལའང་འབྲེལ་བ་ཧ་ཅང་ཟབ་ཅིང་མི་རིགས་དེ་དང་ངོ་བོ་དབྱེར་མེད་དུ་འདྲེས་ཡོད་ཅེས་ཟེར་ཆོག་པ་ཡིན། དེས་ན་ཉིད་ཀྱི་གསུང་སྟངས་ལྟར། ཆོས་དང་འབྲེལ་བའི་དུས་ཆེན་དབུས་ལ་བསྟུན། ལོ་སར་ནམ་གཏོང་རང་གི་རང་དབང་ཡིན་ཞེས་པ་ལྟ་བུའི་ལས་སླ་བོ་ཞིག་ག་ནས་ཡིན། བརྒྱ་ལ་དེ་ལྟར་བྱུང་བའི་དབང་དུ་བཏང་ན་གནས་ཚུལ་ཧ་ཅང་ཛ་དྲག་ཆེ་ངེས་ཏེ། གོང་དུ་བཤད་པ་བཞིན་ཨ་མདོའི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ཧོར་རྩིས་ལ་གནས་བཅས་ཡོད་པས། ང་ཚོས་རྩ་ཆེན་དུ་འཛིན་པའི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ལ་བརྡབ་གསིག་དང་གཏོར་བརླག་ཐེབས་པ་ནི་སྨོས་མེད་ཡིན་ལ། སྐབས་དེར་ཨ་མདོ་རང་དུ་ཡང་སྔར་སྲོལ་བྱེད་པ་ཞིག་དང་། སྒོ་ཤེར་གྱི་ལུགས་བཞིན་བྱེད་པ་གཉིས་འབྱུང་ངེས་པས་དོན་མེད་ཀྱི་འཁྲུག་པ་ཞིག་གི་འགོ་བརྩམས་པ་ཡང་མ་ཡིན་ནམ།

ཉིད་ཀྱི་ཡུས་དེ་དག་ནི་ང་ཚོ་ཐུན་མོང་ལ་ཡོད་པས་བསམ་ཤེས་བྱེད་ཐུབ་ལ། མདོ་དབུས་གཉིས་ཀྱི་ལོ་སར་ཁ་ཁ་དང་དུས་ཆེན་སོ་སོར་རོལ་དགོས་པ་ནི་ཐུན་མོང་གི་སེམས་ནད་དུ་གྱུར་ཡོད་ཀྱང་། བརྟག་དཔྱད་མེད་པའི་གཏམ་ཐུང་འདི་ལྟ་བུའི་རྔོ་ཅི་ཡང་མི་ཐོགས་ལ། གཡམ་རྒྱུག་པ་ཁ་ཤས་རླུང་ལ་བསྐུར་བ་ལས་ཕན་ཐོགས་ཅི་ཡང་མེད། དེས་ན་ང་རང་ཚོས་གནས་སྐབས་རང་རང་སོ་སོའི་སྤྱོད་པ་བསྐྱངས་ནས། ཆོལ་ཁ་གསུམ་གྱི་ལོ་རྩིས་གཅིག་གྱུར་བྱེད་ཆོག་པའི་དུས་ཚོད་ཅིག་ལ་བསྒུག་རྒྱུ་ནི་གནད་འགག་རེད་སྙམ་མོ།།

མདོར་ན། ད་ལྟའི་གཉན་འཕྲང་གི་སྐབས་འདི་ལ་ཡུལ་སྲོལ་ནི་ཡུལ་སྲོལ་རང་དུ་བཞག་ན་མཛེས་པ་ལས། གང་དྲན་དྲན་གྱིས། ཡས་འཐེན་མས་འཐེན། དཀྱོགས་འཐེན་གསིག་འཐེན་བྱས་ན། སའི་གོ་ལའི་སྟེང་ན་བོར་ལ་ཉེ་བའི་འུ་ཚང་གི་ལུས་པོས་ལྕོགས་ཐུབ་ཚོད་མ་རེད་ཅེས་ཞུ་འདོད་བྱུང་སོང་།