࿑ མི་གང་ཞིག་ཡིན་རུང་རང་གི་ལུང་པ་རུ་ཐོག་མར་དར་བའི་ཆོས་དང་རིག་གཞུང་གིས་མིའི་རིགས་ཀྱི་འཚོ་བ་དང་གནས་བབ། གཉུག་གཤིས་དང་སེམས་ཁམས། ཡུལ་སྲོལ་གོམས་གཤིས་དང་འགྲོ་འདུག་ཉལ་གསུམ་སོགས་ལོ་རྒྱུས་ཀྱི་གཞི་ཁྱོན་ཡོངས་ལ་གསར་བརྗེ་ཆེན་པོ་ཞིག་བཏང་ཡོད། དེ་ལྟའི་གསར་བརྗེ་ཡིས་ཞར་ཞོར་དུ་ངན་ཤུགས་དང་བཙོག་དྲི་དྲུད་ཡོང་ཡོད་ལ། ལེགས་ཚོགས་དང་བཟང་འབྲས་ཀྱང་བཏོན་ཡོད་པ་ཏན་ཏན་རེད། དེ་བས་ང་ཚོར་ལེགས་ཉེས་འབྱེད་པའི་རིགས་ལམ་གྱི་འགྲོས་ཡངས་མོ་ཞིག་ཡོད་པར་འོས་ཀྱི། ལེབ་ཀྱིས་བླངས་ཤིང་ལེབ་ཀྱིས་དོར་བའི་བསམ་བློའི་སྣང་ཚུལ་དེ་ནི་འཐུས་མ་ཚང་བ་ཞིག་རེད།

ཆོས་ལུགས་དང་རིག་གཞུང་གི་བསྐྱེད་འབྲས་ནི་བདེན་པ་དང་གནས་ལུགས་ཁོ་ན་རུ་འདོད་པའི་དུངས་ཞེན་ཤུགས་ཆེ་བའི་བསམ་བློ་གཏོང་སྟངས་དང་། ཆོས་ལུགས་ཀྱིས་མ་ལྡེང་བའི་ཆ་ལ་བསམ་བཞིགས་ཀྱི་བར་གླགས་མི་འབྱེད་པ་ནི་རྒྱུན་འབྱམས་སུ་གྱུར་བའི་གོམས་གཤིས་ཤིག་ལགས། ཡང་ན། ཆོས་ལུགས་དང་རིག་གཞུང་གི་བསྐྱེད་འབྲས་ནི་རྨོངས་དད་དང་ཤེས་རྨོངས། བག་ཆགས་དང་བཀས་བཀོད་འབའ་ཞིག་རེད་ཅེས་ཁས་འཆེས་པ་དག་ཀྱང་རྙིང་བཞུ་གསར་བསྐྲུན་ལ་ཞེན་ཁོག་རྐྱང་པས་ཕྱོགས་པ་ཡིན་གཤིས། དེ་ཚོར་ཅི་བཤད་རུང་གཡག་རྣ་ཁུ་ཚུར་གྱི་དཔེ་ལས་མ་འདས་པས་ངལ་བར་མི་སྤྲོ། འོན་ཏང་། ཆོས་ལུགས་དང་རིག་གཞུང་གིས་བསྐྱེད་པའི་གོམས་གཤིས་རྨོངས་པ་དང་མནར་གཅོད་རིགས་ཤིག་ནི་ང་ཚོའི་ནང་སེམས་ཀྱི་རང་དབང་ཁྱུར་མིད་དུ་གཏོང་བྱེད་ཀྱི་མནར་གཅོད་རིགས་ཤིག་ཡིན། དཔེར་ན། ཆོས་ལུགས་དང་རིག་གཞུང་དར་བས་རང་ཉིད་མི་གཙང་པ་དང་སྡིག་པའི་ཕུང་པོར་ངོས་འཛིན་བྱུང་བ། གདོད་མའི་དྭངས་གཙང་གི་སེམས་རྒྱུད་དེ་མ་རིག་པ་དང་མུན་པར་ངོས་འཛིན་བགྱི་བ། ལྷན་སྐྱེས་ཀྱི་བདག་དབང་གཙང་མ་དེར་རིག་གཞུང་དང་ཆོས་ལུགས་གང་གིས་བཅིང་སྡོམ་དག་ཚད་འཛིན་བརྒྱབ་སྟེ། གང་དེ་རིག་གཞུང་དང་ཆོས་ལུགས་དར་བ་ལས་མིའི་རིགས་ཀྱི་དག་གཙང་གི་སེམས་རྒྱུད་ལ་དྲི་མའི་གཡའ་བསྐོན་པ་རེད་ལ། ལྕགས་ཀྱིས་སྒྲོག་བརྒྱབ་པའང་རེད།

དྭངས་གཙང་བཅོས་མིན་གྱིས་གྲུབ་པའི་མིའམ་བདག་ནི། རིམ་གྱིས་རིག་གཞུང་གིས་བསྡམ་བཀྱིག་དང་བཞུ་སྦྱང་བྱས་ཏེ་ཤ་ཐང་རུས་ཐང་ཆད་ཅིང་། ངན་གཤིས་དེར་ཤ་འདྲེས་པགས་འདྲེས་སུ་གྱུར་ཏེ། ལྟ་ཚུལ་དེ་དག་རང་གིས་རང་ཉིད་དང་ཐབས་སྣ་ཚོགས་ཀྱིས་ངོ་བོ་དབྱེར་མེད་པར་བསྲེས་ནས་རང་ཉིད་རང་གིས་གཅུན་སྡོམ་བརྒྱབ་པ་རེད། སྣང་ཚུལ་དེས་མནར་གཅོད་དང་དཀའ་སྡུག་བསྐྲུན་མྱངས་ཡོད་ལ། བརྙེས་བཅོས་དང་མགོ་གནོན་བྱས་མྱངས་ཡོད། འོན་ཀྱང་དེ་དག་ཚང་མ་རང་གི་ལོབས་ཕྱོགས་སུ་བསྐྱུར་ཏེ་ཅི་མི་སྙམ་པར་དང་ལེན་དང་རང་གི་ནོར་འཁྲིལ་དུ་ངོས་འཛིན་རྒྱག་གི་འདུག་པ་དེ་ཇི་འདྲའི་ཞེ་སྨྲེང་བྱེད་ཨང་། ང་ཚོ་བག་ཆགས་དེའི་ནང་ཡུན་རིང་པོར་ལུས་པ་ནི་གོམས་གཤིས་དང་ངན་ཤུགས་དེར་ཁ་རྒོལ་དང་རྩོད་པ། ངོ་ལོག་དང་གསར་བརྗེ་མ་ཐུབ་པའི་ལན་འབྲས་རེད། དེ་བས་མ་གཞི་བསྒྱུར་མི་བཏུབ་པའི་གྱོང་མཁྲེགས་ཅན་གྱི་ཆོས་ཤིག་ཡིན་པའི་གཏན་ཚིགས་སུ་ཇི་ལྟར་འགྲོ་ཨང་། དེས་ན། ང་ཚོས་རིག་གཞུང་བདག་གཉེར་གྱི་བསམ་པའི་རླབས་རྒྱུན་དེར་བཅོས་བསྒྱུར་དང་དག་ཐེར་ཞིག་དགོས་པ་ཆགས་ཡོད།

མི་སུ་ཞིག་ཡིན་ཡང་བླ། ཆོས་ལུགས་དང་རིག་གཞུང་ནང་འདྲེན་བྱས་པའི་བསྐྱེད་འབྲས་དེ་མི་རིགས་དང་མི་སྒེར་རེ་རེ་ཡི་ཕྱི་ནང་གི་འཇིག་རྟེན་དེ་ཕུན་སུམ་ཚོགས་པར་གཏོང་ཐབས་ལ་དམིགས་པ་འདྲ་མཚུངས་ཡིན་པས། དེའི་ར་བ་ལས་བརྒལ་བའི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ལུགས་གཞན་དག་ནི་ང་ཚོས་འདོར་བྱ་ལས་བསྲུང་བྱ་མི་འདུ། མིའི་སེམས་རྒྱུད་སྣ་ཚོགས་པ་ཡིན་པ་བཞིན། དེའི་དགོས་འདུན་སྐུང་བྱེད་ཀྱང་སྣ་ཚོགས་པ་ཡིན་འོས་ཀྱི། བརྒྱ་ཁ་གཅིག་ཆོད་ཀྱི་སྨན་ཞིག་བཙན་གྱིས་སྤེལ་བ་ནི་ཁྲིམས་ཀྱིས་བཅས་པའི་སྡུག་བསྔལ་རེད། དེ་བས། མི་རང་ཉིད་ལའང་དུད་འགྲོ་སོགས་སྲོག་ཆགས་གཞན་ལས་འཚོ་བ་སྐྱེལ་སྟངས་དམིགས་བསལ་བ་ཞིག་ཡོད་པ་ལྟར། ང་ཚོ་འཇིག་རྟེན་ཕུན་ཚོགས་དོན་དུ་གཉེར་མཁན་དང་མི་ཚུལ་སྨྲ་མཁན་གྱི་སྐྱེ་བོ་དག་ནི་དབེན་པར་སྙེག་པའི་འཕགས་པའི་དགེ་སྤྱོང་དག་དང་ལར་གྱིས་གཤིབ་ས་མི་འགྲོ་བས་ཁོང་ཚར་བསྟུན་དགོས་པ་རང་མི་འདུག །ཡིན་ཙ་ན། འདོད་ཆགས་ཞེ་སྡང་བསྟུད་མར་རྒྱུ་བཞིན་པའི་འཇིག་རྟེན་པ་དག་ནི་བཅིང་སྡོམ་ཅི་ཙམ་བརྒྱབ་ཀྱང་དོན་འབྲས་ཅི་ཡང་མེད་པས། རང་གི་འདོད་པ་ལྟར་གྱི་མི་ཞིག་ཆགས་ཐུབ་པར་རེ་ཨང་།

མིའི་སྐྱེ་གནས་རྒ་འཇིག་གི་འཕེལ་རིམ་དང་འཚོ་བའི་འཇིག་རྟེན་ཡོད་ཚད་ཆོས་དང་རིག་གཞུང་རིགས་གཅིག་གིས་འགྲེལ་བཤད་དང་ཚོད་འཛིན། ཐག་གཅོད་དང་བཅད་གཏུབ་བྱ་རྒྱུ་ནི་རང་ཉིད་རྒུད་པ་ལས་རྒུད་པ་རུ་གཏོང་བྱེད་དང་མཐར་གཉི་ག་བཅོས་ཐབས་མེད་པའི་ཚད་དེར་བསླེབ་པར་འགྱུར་བས། ཆོས་ལུགས་དང་རིག་གཞུང་དར་རྒུད་ཅེས་ཁ་ནས་གླེང་སྟེ་འཇིག་རྟེན་ཕུན་ཚོགས་ལ་ཁ་ཡ་མི་བྱེད་པ་དེ་ཅི་འདྲའི་ཞེད་སྔངས་སྐྱེ་ས་ཞིག་རེད། ཡིན་ཙ་ན། ང་ཚོས་དེའི་གནད་ཀ་ཅིས་ཀྱང་མཁྱེན་དགོས། ནམ་དུའང་སྐྱ་བོའི་ལམ་དང་གྲྭ་པའི་ལམ་གཉིས་སྣེ་གཉིས་ར་འཕྲོད་ས་ཞིག་མི་མཆིས་པས། འཚོ་བའི་ཁ་དོག་དང་ཕུགས་རེ་སོགས་ངོས་མི་མཉམ་པའི་སེམས་ཁམས་གཉིས་ལྟ་གྲུབ་དང་འདོད་ཚུལ་རིགས་གཅིག་གིས་གཅུན་སྡོམ་བྱེད་པ་ནི། མི་རིགས་བྱིངས་དང་མི་ཚུལ་སྨྲ་ལ་དགའ་མཁན་དག་གི་བློ་མིག་དོག་པོར་བཏང་བ་དང་མིག་ཞར་བར་སྒྱུར་བྱེད་ལས། སྐྱེ་བོ་སུ་ཞིག་ཡིན་རུང་མཐར་ཡི་ག་རྨོངས་པའི་རྒྱུ་ལས་ཅི་ཞིག །དེས་ན། ང་ཚོས་བསམ་པའི་རླབས་རྒྱུན་ལའང་གསར་བརྗེ་ཡི་ནུས་པ་ཞིག་ཐོན་དགོས་ཀྱི་འདུག །

གསར་བརྗེ་གང་ཞིག་ཡིན་རུང་བློས་བཏང་ཆེན་པོ་ཞིག་གི་བསྐྱེད་འབྲས་ཡིན་རྐྱེན། ང་ཚོ་བོད་ཀྱི་སློབ་ཆེན་པ་དག་ནི“རང་སྔུན་གྱི་ཀོར་བར་བདག་རྒྱག་མི་ཐུབ་པར་གཞན་སྔུན་ལ་སྔངས་ལང”མཁན་རྐྱང་མ་རེད་དམ། ལམ་ཁ་གང་དེར་བགྲོད་པའི་བློས་གཏོང་གི་སྙིང་སྟོབས་ཡེ་ནས་ཡོང་གི་མི་འདུག་པ་དེ་ནི། ལོ་རབས་བརྒྱ་སོང་ཡང་ང་ཚོ་སོ་ན་གནས་པ་ལས་ཐབས་གཞན་མེད་པའི་ལྟས་སྒྲིག་གི་ཡོད་པ་རེད། ཞར་དུ་ཕྲན་ཙམ་ཞུས་ན། ང་ཚོ་བོད་ཀྱི་སློབ་ཆེན་ཚོའི་ཁྲོད་ན་རྩོད་པ(ཆོས་རྩོད)ཀྱི་བྱེད་སྒོ་གསར་བ་ཞིག་སྤེལ་གི་འདུག་སྟེ། འདི་ནི“མགོ་མ་ཚོས་གོང་ནས་ལྕེ་ལ་བསྙབས” པའི་དཔེ་ལས་མ་འདས།

ད་ལྟ་ང་ཚོར་མི་རུ་གྲུབ་པའི་གཞི་རྐང་ཞིག་ཚུགས་པའི་འགོ་རྩོམ་གྱིན་ཡོད་པ་མིན་ནམ། ང་ཚོར་མཁོ་བ་ནི་འཇིག་རྟེན་མི་ཆོས་ཀྱི་འདོད་འདུན་དཀྲོལ་བའི་ཐབས་དང་ཤེས་རབ་ཡིན། ང་ཚོར་མཁོ་བ་ནི་བདག་དོན་གཉེར་བའི་དྲག་ཏུ་ལྡིང་བའི་སྙིང་གསོན་པོ་དེའི་རིགས་ཡིན། ང་ཚོ་མཁོ་བ་ནི་གནའ་རྫས་དང་བག་ཆགས་རྒྱུན་འཛིན་གྱི་ཆགས་སྡང་རྙིང་རོ་དག་མིན་པར། ཐད་ཀའི་མིའི་འཇིག་རྟེན་དང་འཚོ་བར་ཁ་ཐག་ཉེ་བའི་ཁ་ཡོད་ལག་ཡོད་ཀྱི་བསམ་པའི་རླབས་རྒྱུན་གསར་བ་དེ་ཡིན། མདོར་ན་ང་ཚོར་མཁོ་བ་ནི་ཚེ་འདིའི་འཇིག་རྟེན་ཕུན་ཚོགས་ཀྱི་ཡོ་ཆས་དེ་དག་རེད།

༢༠༡༦ལོའི་ཟླ༤པའི་ཚེས༡༠ལ་ལྷ་ས་རུ་མཇུག་གྲུབ་པར་སྤྱར།