དུས་ཆེན་ནང་མིའི་གཉུག་གཤིས་དང་སེམས་པར་ཁ་ཐག་ཉེ་བའི་དུས་ཆེན་ཡོད་པ་དང་སྲུང་བརྩི་བྱ་རྒྱུ་ནི་འོས་སུ་བབ་པ་ཞིག་རེད། ང་ཚོ་བོད་ལ་མཚོན་ན་ལོ་གསར་ལས་གཞན་པའི་ཐུན་མོང་གིས་སྲུང་བརྩི་ཞུ་རྒྱུའི་དུས་ཆེན་དག་ནི་ཆོས་ལུགས་དང་འབྲེལ་བ་ལས་གཞན་ཆེར་མེད་པའི་ཚོད་དུ་འདུག་ལ། དུས་ཆེན་ཚང་མར་ཆོས་ལུགས་དང་དངོས་ཤུགས་ནས་འབྲེལ་བ་ཡོད་པར་འདོད་པའི་ལྟ་ཚུལ་ཞིག་མི་བྱིངས་ཀྱི་སེམས་སུ་བསྒྱུར་མི་བཏུབ་པར་གནས་ཡོད་པ་རེད། མི་རིགས་ཤིག་ལ་མཚོན་ན་ལྷ་ཆོས་ཀྱི་དུས་ཆེན་དང་མི་ཆོས་ཀྱི་དུས་ཆེན་གཉི་ག་ཡོད་དགོས་པ་ལས། ལྷ་ཆོས་རྐྱང་པའི་དུས་ཆེན་གྱིས་ཡིད་ཚིམས་ཏེ་བསྡད་པ་ནི་འཐུས་མ་ཚང་བ་ཞིག་རེད་སྙམ།

དེ་ལས་འཕྲོས་ཏེ་རོབ་ཙམ་གླེང་འོས་པ་ཞིག་ནི། དཔལ་ལྡན་དྲག་མོའི་དུས་ཆེན་གྱི་བྱུང་བར་ཕྱིར་རྟོག་བྱས་ན། དུས་ཆེན་དེ་ནི་ཡུམ་ཆེན་དཔལ་ལྡན་དམག་ཟོར་རྒྱལ་མོས་རང་གི་བུ་མོ་ཆེ་བ་དཔལ་ལྷ་དྲག་མོར་བཀའ་བཏང་སྟེ་རང་གི་ཁྱོ་ག་དང་ལོ་རེར་ཐེངས་གཅིག་ལས་མི་འཕྲད་པར་བཏང་བ་ལས་བྱུང་བའི་དུས་ཆེན་ཞིག་རེད། དེ་ལྟའི་གཏམ་རྒྱུད་དེར་མིའི་གཉུག་གཤིས་དང་བརྩེ་དུང་གི་གཏམ་རྒྱུད་ཕུན་སུམ་ཚོགས་པ་ཡོད་ལ། འདོད་ཆགས་ཞེ་སྡང་གིས་ཤ་ཁྲག་ལྟར་བསླད་འདུག་པའི་འགྲོ་བ་མིའི་སེམས་ཀྱི་ལོངས་སྤྱོད་ཅིག་སྣ་འཛོམས་པོ་ཞིག་མངའ་བ་རེད། འོན་ཀྱང་། ང་ཚོས་དུས་ཆེན་འདི་ཡང་ཆོས་ལུགས་ཀྱིས་ཕྱི་ཤུན་ནང་ཤུན་བརྒྱབ་སྟེ་མིའི་བརྩེ་དུང་དང་དགའ་སྐྱོ་ཆགས་སྡང་ཐེད་ལ་བོར་བའི་གནས་ཚུལ་ཡ་མ་བརླ་ཞིག་སླེབ་ཀྱིན་པ་ནི། ཡོད་ཚད་ཆོས་ལུགས་ཀྱིས་མ་འཐུས་པ་མེད་པར་སྙམ་པའི་གླེན་པའམ་རྨོངས་པ་རེ་འགས་བཟོས་པ་ལས། བློ་གཟུ་བོར་གནས་པ་ཞིག་གིས་གཞིགས་ན། དཔལ་ལྡན་དྲག་མོའི་དུས་ཆེན་ནི། བོད་ལ་མཚོན་ན་ཆོས་ལུགས་དང་རྦད་དེ་འབྲེལ་བ་མེད་པའི་འཇིག་རྟེན་མི་ཆོས་ཀྱི་དུས་ཆེན། ཕོ་མོའི་བརྩེ་དུང་གི་དུས་ཆེན་ནམ་དགའ་རོགས་མཇལ་འཛོམས་ཀྱི་དུས་ཆེན་ཞིག་རེད།

དཔལ་ལྡན་དྲག་མོའི་དུས་ཆེན་ནི་ཉེ་བའི་ལོ་གཉིས་གསུམ་ཙམ་ནས་བོད་ཀྱི་སྐྱེས་མའི་དུས་ཆེན་དུ་ངོས་འཛིན་དང་སྲུང་བརྩི་ཞུ་བཞིན་ཡོད་དེ། དེའང་གཅིག་བྱས་ན་མི་ཆོག་པ་གཅིག་ཀྱང་མི་འདུག་སྙམ། ལོ་འགའི་སྔོན་བདག་གིས་དེ་ལས་ལྡོག་སྟེ་དུས་ཆེན་འདི་བོད་ཀྱི་བུད་མེད་དུས་ཆེན་ལ་མི་འཐད་པའི་སྐོར་ནས་རྩོམ་ཡིག་རེ་བྲིས་པ་ཡིན་ཏེ། ཞིབ་དང་ཚགས་ཀྱིས་འདང་བརྒྱབ་ན་དེ་ནི་ནོར་བ་སྟེ། བོད་ཀྱི་བུད་མེད་དུས་ཆེན་ཟེར་ན་ངེས་པར་དུ་རྒྱལ་བོ་དང་བླ་ཆེན་གང་གིས་བཀའ་བསྒྲགས་འོག་ཡོང་དགོས་པ་ཞིག་མ་རེད་སྙམ། དེ་བས། འཛམ་གླིང་ཤར་ནུབ་གང་གི་དུས་ཆེན་ཚོར་གཞིགས་ན་ངེས་ཅན་དུ་ཆོས་དང་འབྲེལ་དགོས་པ་མི་འདུག་ལ། མི་དམངས་ཐུན་མོང་གིས་བྱས་པའི་བྱ་བ་ཞིག་གི་སྟེང་ནས་དུས་ཆེན་དེ་གཏན་འབེབས་དགོས་པ་ཞིག་ཀྱང་མི་འདུག་སྙམ།

ད་ཆར་བོད་ཀྱི་སྐྱེས་མའི་དུས་ཆེན་དུ་གྲགས་པའི་དཔལ་ལྡན་དྲག་མོའི་དུས་ཆེན་ནི་གཅིག་བྱས་ན་བོད་ཀྱི་ཡུལ་དབུས་ལྷ་ས་རུ་དར་ཁྱབ་ཆེ་བའི་ལོ་མང་པོའི་གོང་གི་དུས་ཆེན་སྲུང་བརྩི་ཞུ་ཡུལ་ཞིག་ཡིན་ན། ཡུལ་དབུས་ཙམ་མ་ཡིན་པར་སྟོད་མངའ་རིས་ནས་སྨད་ཚ་བ་རུང་ཡན་གྱི་བོད་ཀྱི་བུད་མེད་ཐུན་མོང་གི་མནར་གཅོད་དང་། སྡུག་བསྔལ། སེམས་ཚགས་བཅས་ལ་འགྱོད་བཤགས་ཞུ་བའི་དུས་ཆེན་ཞིག་ཏུ་འགྱུར་ཐུབ་ན། བོད་ཀྱི་སྐྱེས་མའི་གོ་བབ་ལ་སྲུང་བརྩི་དང་བོད་ཀྱི་ན་གཞོན་ཕོ་མོ་ཚོའི་བརྩེ་དུང་ལ་སྲུང་བརྩི་ཞུ་བའི་དུས་ཆེན་ཕུན་སུམ་ཚོགས་པ་ཞིག་ཏུ་འགྱུར་འགྲོ་བ་རེད་སྙམ། དེས་ན། དཔལ་ལྡན་དྲག་མོའི་དུས་ཆེན་འདི་ཆོས་ལུགས་དང་འབྲེལ་བ་མེད་པའི་དུས་ཆེན་ཞིག་ཡིན་པར་གསལ་རྟོགས་དགོས་ཀྱི་ཕོ་མོའི་བརྩེ་དུང་གི་མནར་གཅོད་ཁྲོད་ན་ཆོས་པ་ཚོས་ཆོས་ལུགས་བསྲེ་རྒྱུ་ནི་མི་མཛའ་སྟེ། སྐྱེས་པ་ཞིག་ཕོའི་སྤྱོད་ཁང་དུ་མ་འཛུལ་བར་མོའི་སྤྱོད་ཁང་དུ་ལྕེབས་པ་དང་ཨ་ན་མ་ན་རེད།

བོད་ཀྱི་དུས་ཆེན་ཚང་མར་ཆོས་ལུགས་ཀྱིས་ཁེབས་ཡོད་པའི་བརྡ་རྟགས་ཤིག་ནི། དུས་ཆེན་དང་འབྲེལ་ནས་སྦྱིན་པ་གནང་རྒྱུ་སྲོག་བླུ་བྱ་རྒྱུ་སོགས་བྱེད་ཀྱིན་ཞིག་ཡོད་པ་རེད་ཨང་། དེའི་གཤིས་ཀའི་འོག་ནས་དེ་རིང་དཔལ་ལྡན་དྲག་མོའི་དུས་ཆེན་གྱི་ཉིན་མོར་བུད་མེད་སློང་མོ་བྱེད་མཁན་སྔར་ལས་ལྡབ་ཀྱིས་འཕེལ་ཏེ་ཡོད་པ་རེད། དེ་རིང་བུད་མེད་ཚོས་སློང་མོ་བྱ་རྒྱུར་རྒྱུ་མཚན་ཞིག་འདི་ག་ཨེ་ཡིན་སྙམ་སྟེ། ཡུམ་ཆེན་དཔལ་ལྡན་དམག་ཟོར་རྒྱལ་མོའི“བུ་མོ་གདོང་བཙན་རྒྱལ་མོ་ཨ་མའི་ཁ་ལ་མ་ཉན་པར་ནམ་རྒྱུན་རྩེད་འཇོར་གཡེངས་ཏེ་འདུག་པར། ཨ་མས་ཁྱོད་རང་བསང་རྩམ་གྱིས་འཚོ་བའི་སློང་མོ་བ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུས། རྗེས་སུ་སློང་མོ་བ་རུ་འགྱུར་བ་རེད”ཟེར་སྐད། དེ་ལ་ལྟོས་ནས་དེང་སང་བུད་མེད་ཚོས་དངོས་དང་དྲྭ་ལམ་ཀུན་ནས་སློང་མོ་བྱེད་ཀི་ཡོད་པ་མིན་འགྲོ་སྙམ། འོན་ཀྱང་། དེ་རིང་ནི་དཔལ་ལྡན་དྲག་མོའི་དུས་ཆེན་ཏེ། དཔལ་ལྡན་དྲག་མོའི་དུས་ཆེན་ནི་སློང་མོ་དགོས་པའི་བྱུང་བ་དང་གཞི་ནས་མི་འབྲེལ་བར། བོད་མོ་དཀྱུས་མ་ཞིག་གི་བརྩེ་དུང་དང་དགའ་རོགས་ལ་མཇལ་ཁ་བྱུང་བའི་དུས་ཆེན་ཞིག་ཡིན་པས། བོད་ཀྱི་བུད་མེད་ཚོས་རང་གི་དུས་ཆེན་འདི་སློང་མོ་བའི་དུས་ཆེན་དུ་བསྒྱུར་བ་ནི་མ་འོས་པ་ཞིག་རེད་ལ། དེ་ནི་བོད་ཀྱི་སྐྱེས་མའི་དུས་ཆེན་དང་བརྩེ་དུང་གི་གཏམ་རྒྱུད་ལ་ཟུར་ཟ་དང་དམའ་འབེབས་ཞིག་ཀྱང་མིན་འགྲོ་སྙམ་མོ། །

ཞེས་ཟླ་ཚེས་བཟང་པོ་ལ་བོད་ཀྱི་སྐྱེས་མའི་དུས་ཆེན་ཉིན་ཡུལ་དབུས་ལྷ་ས་ནས་ཕུལ།༢༠༡༦བོད་ཟླ༡༠ཚེས༡༥ལ།