སློབ་ཆེན་ནས་མཐར་ཕྱིན་སྐབས་ང་ལ་དམིགས་ཡུལ་གཉིས་ཡོད་སྟེ་གཅིག་ནི་ཕ་མའི་རེ་འདུན་ལྟར་གཞུང་ཕྱོགས་ནས་ལས་ཀ་བསྒྲུབ་རྒྱུ་དང་གཞན་དེ་ནི་རང་གི་འདོད་མོས་ལྟར་རིག་གནས་དང་འབྲེལ་བའི་ཁེ་ལས་ཀྱི་ལས་རྐང་རེ་བསྒྲུབ་རྒྱུ་དེ་ཡིན། ཡིན་ནའང་སྔ་མ་ནི་གང་ལྟར་ཤུགས་ཆེ་སྟབས་ངས་ཀ་ཁའི་སྦྱོར་ཀློག་ཀྱི་མ་ཡུམ་སློབ་གྲྭ་ནས་གདན་ཞུའི་དགེ་རྒན་བྱས་པ་ཡིན་ལ། རང་ཉིད་ཀྱི་ཆེད་ལས་ནི་བོད་ཡིག་ཨ་ལ་པ་ལ་ཞིག་བསླབས་པ་ཡིན་མོད། བློ་ཡིད་དུ་མ་ཤར་བ་ཞིག་ལ་ངས་དེར་ནས་རྩིས་རིག་སློབ་ཁྲིད་བྱེད་དགོས་ཐུག་པ་འདི་ཡིན། རྒྱུ་མཚན་གཅིག་ནི་ངས་མཐོ་འབྲིང་སྐབས་ནས་རྩིས་རིག་སྦྱོང་འདོད་མེད་སྟབས་དེར་དོ་སྣང་མ་བྱས་པ་དང་གཉིས་ནས་སློབ་ཆེན་སྐབས་མ་འོངས་པར་རང་གི་དགེ་རྒན་བྱེད་དུས་རྩིས་རིག་དགེ་རྒན་ཞིག་མི་བྱེད་ཞེས་སེམས་ཐག་བཅད་པ་དང་ཡོངས་སུ་འགལ་བ་ཡིན།

ཉིན་དེར་ངས་སློབ་གཙོ་ལ་རབ་ཡིན་ན་བོད་ཡིག་སློབ་ཐུན་ཞིག་བཀོད་སྒྲིག་བྱ་རོགས་རྩིས་རིག་ནི་ངས་ཡག་པོ་ཞིག་ཁྲིད་མི་ཤེས་ཞེས་བཤད་པ་ཡིན་མོད། ཡིད་དགའ་བ་ཞིག་ལ་སློབ་གྲྭ་དེར་བོད་ཡིག་དགེ་རྒན་ནི་འཛིན་གྲྭ་རེར་གཅིག་རེ་ཡོད་རྐྱེན་བཀོད་སྒྲིག་བྱས་ཐུབ་མ་ལྡན་ལ། སྐབས་དེར་ངས་རང་ཉིད་ལ་ཚ་འདྲི་བྱས་པ་ཡིན་དེ་གཞི་རིམ་ནས་བྱ་བ་བསྒྲུབ་སྟེ་ཕ་ཡུལ་ལ་ཞབས་ཞུ་བསྒྲུབ་འདོད་སྐྱེས་ཡང་། རྩིས་རིག་སློབ་ཁྲིད་ཀྱིས་བྱིས་པ་དག་ལ་བློ་གསར་ཕུད་ཐུབ་བམ། རྩིས་རིག་ནི་ང་ལ་མཚོན་ན་རབ་རབ་མོག་མོག་ཅིག་ཀྱང་ཡིན་པས། སྐབས་དེེར་ང་ནི་དངོས་གནས་ཐེ་ཚོམ་གྱི་རྒྱུ་རུ་ཚུད་འདུག།

གང་ལྟར་མི་ཞིག་ལ་མཚོན་ན་མདུན་གྱི་ལམ་ཕྲན་བརྒལ་དགོས་ན་ངེས་པར་དུ་དཀའ་ཚེགས་ཡོད་པ་ནི་གླེང་མི་དགོས་བ་ཞིག་ཏུ་ཆགས་ཟིན་པས། ངས་རྩིས་རིག་སློབ་དེབ་ལག་ཏུ་བཟུང་སྟེ་སྙིང་རྗེ་བའི་ཡུལ་མི་ཚོའི་གཅེས་ཕྲུག་ཀྱི་གམ་དུ་སླེབས་དུས་ང་ལ་ཏག་ཏག་དོགས་ཟོན་ལྷག་མ་ཞིག་སྐྱེས་ཡོང་སྟེ། རང་ཉིད་ཀྱིས་གཞི་རིམ་དམངས་ཚོགས་དང་ཆེས་ཁ་ཐག་ཉེ་ས་ནས་ཡུལ་མི་ཚོར་ཞབས་ཞུ་བསྒྲུབ་འདོད་སྐྱེས་ཡང་། དེ་ལས་ལྡོག་སྟེ་དྭངས་གཙང་གི་བྱིས་པ་ཚོ་བརླག་བྱེད་ཀྱི་རྒྱུ་རུ་གྱུར་སོང་ན་ངས་ནི་དེ་ལས་ཉེས་པ་ཆེན་པོ་ཞིག་གང་ན་ཡོད་སྙམ་པ་དེ་ཡིན། ཡིན་ན་འང་། རང་ཉིད་འཛིན་བདག་ཅིག་དང་རྩིས་རིག་སློབ་ཁྲིད་ཀྱི་འགན་ཡོད་ཅིག་ཡིན་སྟབས་ནུས་པ་གང་ཡོད་ཀྱིས་སློབ་མ་དེ་ཚོར་ཕན་པའི་སློབ་ཁྲིད་དང་དེ་ལས་གཞན་པའི་ཤེས་བྱ་དག་ཅི་ནུས་ཀྱིས་མཁོ་སྤྲོད་བྱས་ཡང་བསམ་གཞིགས་འདི་གཉིས་ཀྱིས་ང་ལ་རྟག་ཏུ་གནོན་ཤུགས་ལྷག་མ་ཞིག་གིས་དེད་ཡོང་སྟེ། ལན་རེར་གནོན་ཤུགས་དེའི་རང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོང་ལ་སྐབས་རེར་དེ་ལས་ཀྱང་ལྡོག་ཡོང་།

གང་ལྟར་ཤུགས་རྒྱག་དགོས་པ་ནི་དངོས་ཡོད་གནས་ཚུལ་ཀྱིས་ང་ཚོར་དུས་རབས་ཀྱིས་སྤྲད་པའི་འགན་ཁུར་ཅིག་ཡིན་ལ། ངས་ནི་སྐབས་རེར་བསླབ་གཞི་གཙོ་བོ་༼བོད་ཡིག། རྒྱ་ཡིག། རྩིས་རིག༽ལས་སློབ་ཁྲིད་ཕལ་བ་ཤུགས་བརྒྱབ་པ་ཡིན་སྟེ།༼ལུས་རྩལ། གླུ་དབྱངས། རི་མོ། ཀུན་སྤྱོད། ༽ སློབ་ཁྲིད་ཕལ་བ་དག་ནི་རང་འཛིན་གྲྭའི་ལོ་གཅིག་ནང་ལ་ཕལ་ཆེར་ཆད་ལྷག་ཤོར་མ་མྱོང་ལ། གལ་ཏེ་བསླབ་གཞི་དེ་གའི་དགེ་རྒན་ཚོ་མ་ཡོང་བ་ཡིན་ན་ངས་ནི་ཐད་གར་སློབ་མ་ཚོ་མངགས་པ་ཡིན་ཞིང་དེ་ནི་ཆེས་ལེགས་པའི་ཐབས་ཤེས་ཤིག་ཡིན་དེ། སློབ་མ་སྐོར་ཞིག་ནི་བོད་རྒྱ་རྩིས་གསུམ་སོགས་ལས་གཞན་པའི་བསླབ་གཞི་ལ་སྤྲོ་བོ་བྱུང་ཡོད་དེ། སློབ་ཆུང་དགེ་རྒན་ཞིག་ཡིན་ན་བསླབ་གཞི་རྐྱང་བ་ཁྲིད་ཤེས་པ་ཙམ་གྱིས་མི་ཆོག་པར་དེ་ལས་གཞན་པའི་སློབ་མ་ཁོ་ཚོར་འཚམས་པའི་ཤེས་བྱ་མཁོ་སྤྲོད་ནི་ཧ་ཅང་གི་གནད་འགག་ཅིག་ཡིན་པར་སྙམ་ལ། སྐབས་རེར་ངས་ནི་རྒྱ་རྩིས་དགེ་རྒན་ལས་བོད་ཡིག་དགེ་རྒན་ཚོས་ལྷག་ཏུ་ཤུགས་རྒྱག་དགོས་པར་བཤད་མོད། དེ་ནི་རང་ཉིད་རྩིས་དགེ་ཞིག་ཡིན་པས་བྱ་བ་སླ་ཐབས་མིན་ལ་མི་རིགས་དང་སྐད་ཡིག་གི་གནས་བབ་ངོས་ནས་ངེས་པར་དུ་ཤུགས་རྒྱག་དགོས་པ་ཞིག་ཏུ་ཆགས་འདུག

སློབ་གསོ་སྒྲུབ་དགོས་ན་ངེས་པར་དུ་གཞི་རིམ་དམངས་ཚོགས་དང་འབྲེལ་འདྲེས་བྱེད་རྒྱུ་ནི་ཐབས་ལམ་བཟང་ཤོས་དང་གྲུབ་འབྲས་མངོན་པའི་ལས་ཤིག་ཡིན་ཞིང་། ངས་ནི་སློབ་སྐབས་སྔོན་མར་འཛིན་གྲྭ་ནང་ཁུལ་གྱི་ཁྱིམ་བདག་སོགས་ལ་འབྲེལ་བ་བྱེད་ཅི་ཐུབ་བྱས་ནས་འཛིན་གྲྭ་ནང་ཁུལ་ནས་“སློབ་མ་དང་ཁྱིམ་བདག་ད་དུང་འཛིན་བདག་གསུམ་གྱི་ཁ་བརྡ”ཞེས་པ་ཞིག་བསྒྲུབས་ཞིང་ཕན་ཚན་ལ་སྐད་ཆ་དྲང་མོ་ལབ་པས། རྗེས་མར་ཁྱིམ་བདག་སོགས་ལ་འབྲེལ་བ་བྱེད་བདེ་བོ་བྱུང་ལ། སློབ་སྐབས་རྗེས་མར་ངས་བསླབ་གཞིའི་དགེ་རྒན་གསུམ་པོ་དང་མཉམ་དུ་འཛིན་གྲྭ་འདིའི་སློབ་མ་ཚོས་ཆེད་དུ་འཚོགས་འདུ་བསྡུས་ནས་གནས་སྐབས་ཙམ་མིན་པར་མ་འོངས་པར་གང་ཐད་ལ་ནུས་ཤུགས་བཏོན་པར་ཕན་གྲོས་བྱས་ཤིང་། ཁྱིམ་བདག་དེ་དག་གི་སྐར་འཕྲིན་ཕྱེ་ཡོད་པ་ཀུན་པོ་ཚོགས་པ་གཅིག་ཏུ་ལས་ཏེ་ཁ་བྱང་ལ་“ཡུལ་སྡེའི་མིག”ཅེས་བཏགས་ནས་གཟའ་འཁོར་རེར་ནང་གི་སློབ་མའི་གནས་ཚུལ་གྱི་པར་སོགས་དང་རང་ཉིད་ཀྱིས་ཚོགས་པ་དེར་སྐར་མ་བཅུ་ཡས་མས་ཤིག་ལ་གཏམ་བཤད་མུ་སྐྱོང་བྱས་པ་དེའི་ངེས་པ་དོན་གྱིས་གྲུབ་འབྲས་བྱུང་བ་མ་ཟད་ཁྱིམ་བདག་དག་གིས་སྒེར་ནས་བཀའ་དྲིན་ཞུས་ཤིང་། རང་གི་བུ་ཕྲུག་ཀྱི་ཆེད་དུ་རོགས་ཅི་ཞིག་བྱ་དགོས་ན་རམ་འདེགས་ཆེན་པོ་བྱ་ཟེར་བ་འདིའི་ང་ལ་དགའ་ཚོར་ཆེན་པོ་སྐྱེས་མྱོང་ལ། སློབ་མ་ཚོར་ཡང་ང་ལས་རིག་ཡག་དཔེ་མེད་དག་དག་ཡིན་པས། རང་ཉིད་ཁོ་ཚོའི་དགེ་རྒན་དུ་གྱུར་བ་ནི་རང་གི་བསོ་ནམས་ཀྱི་མཆོག་ཡིན་པར་སྙམ།

ང་དང་སློབ་མ་ཚོའི་བར་ན་བརྗོད་དཀའ་བའི་བརྩེ་བ་ཞིག་ཆགས་ཡོད་ལ། ཁོང་ཚོ་པྲ་ཆལ་ཡིན་པར་མ་ཟད་ང་ལ་ལྷག་ཏུ་མི་སྐྲག་སྟེ་སྐབས་རེར་ཚུར་བཀོད་པ་འཇོག་ཡོང་ཞིང་ལན་རེར་ངའང་སློབ་ཁྲིད་ལ་ཡོང་སྐབས་ཕར་སྐྱེལ་ཚུར་བསུ་བྱེད་སྲིད་དེ། སོ་སོའི་བར་ལ་གསང་བ་ཅི་ཡང་མེད་པར་སྙིང་གཏམ་བཤད་པ་འདིའི་ང་ལ་རྟག་ཏུ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་མོད། དེའི་ཁྲོད་ཀྱི་སློབ་མ་གཅིག་ནི་སློབ་སྐབས་རྗེས་མ་ནས་སློབ་ཞུགས་མ་བྱས་པ་འདི་ནི་དངོས་གནས་ཀྱིས་ཡིད་སྐྱོ་བ་ཅིག་ཡིན། ཁོང་ནི་ས་གནས་འདིའི་མི་མིན་ཡང་ངས་ཁོ་ཚང་གི་ཡུལ་ལ་བརྡ་བྱས་ནས་སློབ་གྲྭ་ཡོང་དགོས་རབས་དང་དགེ་རྒན་གྱིས་སྒུག་ཡོད་ཚུལ། སྐབས་རེར་ཆད་པ་ཆེ་རབས་སོགས་མང་བོ་བཤད་ཡང་དོན་མེད་དུ་ཆགས་ཡོད། ཞིབ་རྒྱུས་ལོན་པ་ལྟར་ན་ཁོའི་ཕ་མ་གཉིས་གཉེན་འཐོར་བྱུང་བ་དང་ཁོ་ནི་མ་སར་གནས་ལ་མ་ནི་ཡུལ་ངེས་མེད་ཅིག་དང་ཁ་པར་སོགས་མེད་སྟབས་ཐད་གར་དུ་སློབ་མའི་མ་ལ་ཐུག་ཐབས་མ་ལྡན་ཡང་མའི་ཉེ་འབྲེལ་དག་ལ་ནི་བར་སྐབས་རེ་རེར་བརྡ་བྱས་པ་ཡིན་མོད། སློབ་ཞུགས་བྱེད་ཐུབ་མ་སོང་། འོན་ཀྱང་། འདིའི་སློབ་སྐབས་གསར་བ་འཚོགས་དུས་ཁོ་རང་སློབ་གྲྭར་ཡོང་བར་ཉིད་ལ་ཡིད་ཆེས་ཡོད།

དུས་ཚོད་ཀྱི་ངོས་ནས་ལོ་གཅིག་འགོར་ཡང་སློབ་ཁྲིད་བྱེད་པའི་དུས་ཚོད་ནི་ཏག་ཏག་ཟླ་དགུ་ཙམ་ཡིན་ལ། དེའི་ནང་དུ་ང་ལ་ཡི་ཆད་གཉིས་བྱུང་སྟེ། གཅིག་ནི་རང་ཉིད་གསར་དུ་དགེ་རྒན་གྱི་ལས་རྐང་དུ་ཞུགས་པ་ཡིན་རྐྱེན་རེ་བ་དང་སྤོབས་པའི་ངར་ལྕགས་ལ་རབ་ཏུ་རྣོ་བའི་སྐབས་ཀྱི་ཉིན་དེར་དགེ་རྒན་དུས་ཆེན་ལ་སློབ་གྲྭའི་དགེ་རྒན་ཚོར་ལེགས་སྐྱེས་ཅི་ཡང་མེད་པའི་སྟོང་སང་སང་དེའི་ངའི་སེམས་རྩ་རབ་ཏུ་གཉོམ་སོང་། སྐབས་དེར་ང་ལ་མཁོ་བ་ནི་ལེགས་སྐྱེས་བཟང་ངན་དང་རིན་གོང་ཆེ་མིན་སོགས་གཙོ་བོ་མིན་དེ། གཙོ་བོ་ནི་གལ་ཏེ་ལེགས་སྐྱེས་ཞིག་ཡོད་པའི་དབང་དུ་བཏང་ན་དེའི་རང་ཉིད་གཞི་རིམ་དགེ་རྒན་ཞིག་ཡིན་པ་ང་རྒྱལ་དང་གཟི་བརྗིད་དུ་རྩིས་པ་སྒོམ་འདོད་ཡིན། གཞན་དེ་ནི་ཟི་ལང་གི་བཙན་པོ་རིག་གནས་ལས་སྒྲུབ་ཁང་གིས་སློབ་ཆུང་ཚོར་ཆེད་དུ་ཁ་གཏད་ནས་རྩོམ་ཡིག་འགྲན་བསྡུར་ཅིག་སྤེལ་བའི་བརྡ་དེ་ངས་ལོ་རིམ་བཞི་བ་ཡན་གྱི་སློབ་མ་དང་དེའི་བོད་ཡིག་དགེ་རྒན་ཚོ་བརྡ་བྱས་ཏེ་དེ་ནི་གོ་སྐབས་ཡག་ཤོས་ཤིག་ཡིན་ཞེས་ཡང་དང་བསྐྱར་དུ་བཤད་མོད། རེ་འབྲས་དོན་མེད་དུ་སོང་བ་དེ་ཡིན།

མཐར་རང་ཉིད་སློབ་ཆེན་ནས་མཐར་ཕྱིན་པའི་བར་སྐབས་དེར་མཛེས་སྡུག་གི་ཤེས་རིག་ལ་འཐིམ་པའི་དགེ་སློབ་ཚོར་ཐུག་པར་བཀའ་དྲིན་དང་སློབ་མ་དང་དེའི་ཁྱིམ་བདག་ཚོར་འགྱོད་ཤགས་ཞུས་པ་ཡིན་ལ། ངས་ནི་ཁོ་ཚོའི་གནས་སྐབས་ལ་འཚམས་པའི་ཤེས་བྱ་མ་གཏོགས་མ་འོངས་པར་མཁོ་བའི་ཤེས་བྱ་ཉག་གཅིག་ཀྱང་མཁོ་སྤྲོད་བྱ་ཐུབ་མེད་པའི་ཡིན། རྗེས་ཀྱི་མཐར་དེད་ན་མ་ཡུམ་སློབ་གྲྭའི་དགེ་སློབ་ཚོས་བྱ་བཞག་ཡར་ངོས་ཟླ་ལྟར་ཚེས་བ་དང་གྲལ་མཐའ་འཛིན་པའི་ཕྲན་ང་ཡང་ཁྱེད་ཅག་གི་དཔུང་རོགས་ཡིན་ཞེས་པ་ལས་མ་འདས་སོ། །

2012- 8- 22
རང་ཁྱིམ་ནས་ཞོ་གྲོ་འཐུང་སྐབས་བྲིས།