༼སུན་རྒྱུ་ནི་ད་ལྟའི་བོད་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོ་ན་ཨེ་འགོག་ཚོགས་པ་ཡིན་ནོ་ལོ་དག་གིས་གཅིག་སྔ་གཅིག་གིས་བརྩད་ནས་གཏམ་བཤད་སྤེལ་ཞིང་འཚོགས་འདུ་བསྡུ་བཞིན་པ་དེ་དག་ལ་སུན། གཅིག་བྱས་ན། ཨེ་ཛི་ནད་རིགས་ལས་བདེ་ཐང་ཤེས་བྱའི་ཕྱོགས་ཀྱི་རྒྱུན་ཤེས་བཀྲམས་ན་ཡག གཉིས་བྱས་ན། ཨེ་ཛིའི་ནད་དེ་སྨན་པའི་གསོ་བྱེད་སྨན་ལ་བསྟེན་རྒྱུ་ཞིག་ལས་ཁྱོད་ཚོའི་མིད་ཐག་ཡན་ཆད་ཀྱི་འུར་གྱིས་བསྒྲགས་པས་མི་ཡོང་། གསུམ་བྱས་ན། ཨེ་ཛིའི་ནད་ལས་སྡུག་པའི་བོད་ཡུལ་ལུང་བ་སོ་སོའི་ཡུལ་སྲོལ་དང་ཉམས་དམས་སྐྱོང་རྒྱུ་གལ། བཞི་བྱས་ན། བོད་ཡུལ་སོ་སོའི་དམངས་མིའི་རང་བདག་འདུ་ཤེས་དང་རང་གཅེས་བསམ་བློ་གཟུག་དགོས། དེ་ལྟར་ཡོད་ཚེ་ད་གཟོད་ཨེ་འགོག་ལྟ་བུའི་དོན་སྣ་ཆུང་ངུ་ཞོར་ལ་འགྲུབ་ཡོང་། གཡམ་རྒྱུག་ཟོལ་འཆོས་ཀྱི་རྗེས་སུ་མི་འདེད་པར་དངོས་བསམ་རྒྱང་གཟིགས་ནི་མཁས་པའི་ལས་སུ་མཐོང་། འབྲོང་གི་ཤ་བསྐྱུར་ཏེ་ཀོ་ཡི་སྟེང་དུ་ལ་མི་འཐམ་འཚལ། ཨེ་ཛི་ཟེར་བ་དེ་བོད་དང་རྒྱང་ཐག་རིང་བའི་ཚོང་ལས་རིགས་གནས་ཤིག་རེད༽

གོང་གི་གཏམ་ཐུང་ངུ་དེ་ནི་གྲོགས་མདོ་སྨད་ཧེ་རུ་ཀའི་སྐད་འཕྲིན་ལས་དྲངས་པ་ཡིན། གྲོགས་པོས་རང་གི་དྲན་ཚུལ་རྣམས་དོན་ཚན་བཞི་རུ་བཀར་ཏེ། ཨེ་ཛི་ནད་རིགས་སྔོན་འགོག་གི་ལས་བྱ་བ་ཚོས་དུས་རྒྱུན་ཨེ་འགོག་སྐོར་གྱི་ཚོགས་འདུ་བསྡུ་བའམ་གཏམ་བཤད་སྤེལ་བར་རང་ཉིད་ཐུགས་སུན་སྐྱེས་པའི་རྒྱུ་མཚན་གནས་ལུགས་རྣམས་ཁ་གསལ་དུ་བརྗོད་འདུག གཏམ་ཐུང་ངུ་དེ་ཐེངས་གཅིག་བཀླགས་པའི་རྗེས་སུ། གུས་པོར་ཡང་རང་གི་དྲན་ཚུལ་རེ་འགའ་གསོང་བོར་བརྗོད་འདོད་ཀྱི་བློ་ཞིག་སྐྱེས་བྱུང་། རྒྱུ་མཚན་ནི་ངའི་དྲན་ཚུལ་དེ་གྲོགས་པོ་དང་ཅུང་མི་འདྲ་བར་སྣང་བ་ཙམ་གྱིས་ཡིན།

དང་པོ། གྲོགས་པོས་ཨེ་ཛི་ནད་རིགས་ལས་བདེ་ཐང་ཤེས་བྱའི་ཕྱོགས་ཀྱི་རྒྱུན་ཤེས་བཀྲམ་ན་ཡག་ཟེར། ཚིག་ངོས་ལས་གོ་བ་བླངས་ཚེ། གྲོགས་པོས་བདེ་ཐང་གི་རྒྱུན་ཤེས་ཤིན་ཏུ་གཙོ་ཞིང་ཨེ་ཛི་རིམས་ནད་སྔོན་འགོག་བྱེད་པ་ཅུང་ཕལ་བར་འདོད་ཡོད་པར་སྣང་། སྤྱིར་བདེ་ཐང་གི་རྒྱུན་ཤེས་ལ། འཕྲོད་བསྟེན་འདུ་ཤེས། བཟའ་བཏུང་བསྟེན་ཚུལ། འཚོ་བའི་གོམས་གཤིས། ལུས་ཕུང་སྦྱོང་བརྡར་སོགས་མང་དུ་འདུ་བས། རྒྱུན་ཤེས་དེ་དག་ལ་མི་རྨོངས་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་སྨོས་མ་དགོས་མོད། དེ་གཉིས་བསྡུར་ནས་གཙོ་ཕལ་དབྱེ་བ་མི་རིགས་སྙམ་སྟེ་གང་ལགས་ཤེ་ན། ཨེ་ཛི་ཞེས་པའི་རིམས་ནད་དྲག་པོ་འདི་རང་རེའི་བོད་ཡུལ་ལུང་པ་སོ་སོར་བྱུང་དང་འབྱུང་གིན་ཡོད་པས་ན། དེས་ནི་མི་རིགས་ཤིག་གི་རིགས་རྒྱུད་ཚར་གཅད་པར་ཡང་ཉེན་ཁ་ཀུན་ཏུ་རབ་ཏུ་ཆེ་ཞིང་། ཨེ་ཛི་སྔོན་འགོག་བྱ་དགོས་ཚེ་ངེས་པར་དུ་བདེ་ཐང་ངམ་འཕྲོད་བསྟེན་ཐད་ཀྱི་རྒྱུན་ཤེས་དག་བློ་ལ་ངེས་དགོས་པས་ཡིན།

གཉིས་པ། ཡང་གྲོགས་པོས་ཨེ་ཛི་ནད་དེ་སྨན་པའི་གསོ་བྱེད་སྨན་ལ་བསྟེན་རྒྱུ་ཞིག་ལས་ཁྱོད་ཚོའི་མིད་ཐག་ཡན་གྱི་འུར་གྱིས་བསྒྲགས་པས་མི་ཡོང་ཟེར། སྤྱིར་ཨེ་ཛི་ཞེས་པ་འདི་ནི་རིམས་ནད་དྲག་པོ་ཞིག་སྟེ། ད་ལྟའི་བར་ནད་འདི་རྩ་བ་ནས་བཅོས་ཏེ་སངས་དྲག་ཏུ་གཏོང་བའི་སྨན་གྱི་སྡེབ་སྦྱོར་ཡེ་ནས་མེད་སྟབས། རབ་ན་མི་འབྱུང་བ་དང་བྱུང་ན་དུས་འགྱངས་མི་གཏོང་བར་སྨན་བཅོས་བྱས་ཏེ་མིའི་ཚེ་སྲོག་གི་རྒྱུན་བསྲིང་རྒྱུ་ནི་ཐབས་ཁོ་ན་ཉིད་དུ་གྱུར་ཡོད་པས། རིམས་ནད་འདི་མ་བྱུང་བའི་སྔོན་ལ། ནད་རིགས་སྔོན་འགོག་གི་ཤེས་བྱ་བསྒྲག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བདག་གིས་འདོད་དེ། རྒྱུ་མཚན་ནི། ཡུལ་མི་རྣམས་ལས་མང་ཆེ་བ་ཡི་གེའི་གནས་ལ་རྨོངས་པས་ན། རིམས་ནད་དྲག་པོ་འདིའི་འབྱུང་ཁུངས་དང་འགོ་ལམ། བཅོས་ཐབས་དང་འགོག་ཐབས་སོགས་སྒྲ་རུ་ཕབ། བརྙན་དུ་བཟོས་ཏེ་འགྲེམས་རྒྱུ་ནི་ཐབས་ཀྱི་མཆོག་ཡིན་ལ། དེ་ལྟར་བྱས་ཚེ་ཀུན་གྱིས་གོ་སླ་ཞིང་ཡོངས་ཀྱིས་མཐོང་སྐྱེན་པ་ཡིན། གཞན་ནད་བྱུང་ཚེ་སྨན་ལ་བསྟེན་དགོས་པ་ནི་ཆོས་ཉིད་ཡིན་ལ། མ་བྱུང་སྔོན་ལ་འུར་ཆེན་པོས་སྒྲོག་པ་ནི་གནད་ཀྱི་དོན་པོ་ཅི་ལ་མིན།

གསུམ་པ། གྲོགས་པོས་ཨེ་ཛི་ནད་ལས་སྡུག་པའི་བོད་ཡུལ་ལུང་པ་སོ་སོའི་ཡུལ་སྲོལ་དང་ཉམས་དམས་སྐྱོང་རྒྱུ་གལ་ཟེར། འདི་ཡང་གུས་པོའི་དྲན་ཚུལ་དང་ཅུང་མི་འདྲ་བར་སྣང་སྟེ། ཨེ་ཛི་ཞེས་པའི་རིམས་ནད་འདི་ནི་རིམས་ནད་གཞན་དག་དང་མི་འདྲ་བར་བཅོས་པའི་ཐབས་མེད་པ། འགོ་བའི་ལམ་མང་བ། ཁྱོ་གས་ཆུང་མར་བགོ་བ། ཆུང་མས་ཁྱོ་གར་བགོ་བ། ཨ་མས་ཕྲུ་གུར་བགོ་བ། ཚེ་སྲོག་གི་རྒྱུ་བ་འགག་པ། རིགས་རྒྱུད་ཀྱི་རྩ་བ་གཅོད་པ་ཞིག་ཡིན་པས། ཨེ་ཛི་རིམས་ནད་ཆེར་འཕེལ་ན་བོད་ཡུལ་འཕུང་བའི་གཞི་རུ་འགྱུར་སྲིད་དེ། གང་ལགས་ཤེ་ན། ང་ཚོ་ལ་འཕྲོད་བསྟེན་གྱི་འདུ་ཤེས་ཡག་པོ་མེད། འཆལ་སྤྱོད་ཀྱི་ཡུལ་སྲོལ་ངན་པ་མང་བས། རིམས་ནད་འདི་མ་བཀག་མ་བཅོས་པར་བསྐྱུར་ན་ག་ལེ་ག་ལེར་མི་རིགས་འདི་རྩ་བ་ནས་བརླག་པར་མི་འགྱུར་བའི་ངེས་པ་མེད་པས། ཡུལ་སྲོལ་སྐྱོབ་པ་དང་རིག་གནས་སྲུང་བ་ཇི་ལྟར་གལ་ཆེ་ན། ཨེ་ཛི་སྔོན་འགོག་བྱེད་པ་ཡང་དེ་ལྟར་གཙིགས་ཆེ་བར་འདོད།

བཞི་པ། ཡང་གྲོགས་པོས་བོད་ཡུལ་སོ་སོའི་དམངས་མིའི་རང་བདག་འདུ་ཤེས་དང་རང་གཅེས་བསམ་བློ་གཟུག་དགོས། དེ་ལྟར་ཡོད་ཚེ་ད་གཟོད་ཨེ་འགོག་ལྟ་བུའི་དོན་སྣ་ཆུང་ངུ་ཞོར་ལ་འགྲུབ་ཡོང་། གཡམ་རྒྱུག་ཟོལ་འཆོས་ཀྱི་རྗེས་སུ་མི་འདེད་པར་དངོས་བསམ་རྒྱང་གཟིགས་ནི་མཁས་པའི་ལས་སུ་མཐོང་། འབྲོང་གི་ཤ་བསྐྱུར་ཏེ་ཀོ་ཡི་སྟེང་དུ་ལ་མི་འཐམ་འཚལ། ཨེ་ཛི་ཟེར་བ་དེ་བོད་དང་རྒྱང་ཐག་རིང་བའི་ཚོང་ལས་རིགས་གནས་ཤིག་རེད་ཟེར། ཧོབ་སྟེ་བཀླགས་ན་ཅི་ཞིག་གསལ་ཁ་དོད་པོར་བརྗོད་འདུག་སྙམ་ཡང་། ཞིབ་ཏུ་བསམས་ན་ཚིག་འདི་ལས་དོན་རྡོག་རྡོག་ཅིག་ལ་གོ་བ་ལེན་མ་ནུས་པས། མང་པོ་ལབ་ཏུ་མེད་མོད། གང་ལྟར་ཨེ་ཛི་རིམས་ནད་བོད་ལ་འབྱམས་པ་འདི་ནི་དོན་ཆུང་ཞིག་ཏུ་གུས་པོས་ཡེ་མི་འདོད་ལ། ཨེ་ཛི་ཟེར་བ་དེ་བོད་དང་རྒྱང་ཐག་རིང་བ་ཞིག་ཀྱང་ཁྱོན་ནས་མ་རེད་སྙམ། འཆི་བ་མགོ་ཐོག་ཏུ་སླེབས་ན་མི་ཞེད་པ་མི་སྲིད་ལ། ཉེན་ཁ་མིག་མདུན་དུ་ལྷགས་ན་བག་ལྷོད་པོར་སྡོད་དུ་མེད་པས། གྲོགས་པོའི་གཏམ་གྱི་གཏམ་ལན་དུ་མི་འགྲོ་ཡང་། རང་གི་འདོད་ཚུལ་རེ་འགའ་ཡང་ཞར་ལ་ཞུ་དགོས་བྱུང་སོང་།

དེ་ཡང་ལོ་ངོ་ཧྲིལ་བོ་གཅིག་གི་རིང་ལ། གུས་པོས་ཨེ་ཛི་རང་འདུན་པ་ཆོས་དཔལ་བཟང་བོས་གཙོར་བསྒྲུབས་པའི་ཨེ་ཛི་སྔོན་འགོག་སྐོར་གྱི་གཏམ་ལ་ཉན་ཞིང་བརྙན་ལ་བལྟས་པའི་རྗེས་སོར། ཁོང་དང་ཁོང་ལྟ་བུའི་རིགས་ཞེན་གྱི་བརྩེ་བས་ཐུགས་རྒྱུད་ཀུན་ནས་བརླན་པའི་སྐྱེས་བུ་འདི་ཚོར་དད་གུས་མི་བྱེད་རང་བྱེད་དུ་གྱུར་ཅིང་། གཞན་ཕན་ལྷག་བསམ་གྱི་རང་མདངས་འོ་མ་ལས་དཀར་ལ། རང་དཔེ་གཞན་སྟོན་གྱི་བགྱི་བ་ཁ་མིན་དོན་དུ་གཉེར་ནས། འཛེམ་དོགས་དང་སྦ་གསང་མེད་པར་རང་གི་ནད་གཞི་ཀུན་ལ་བསྒྲགས་པའི་ཧྲེ་གྱའི་དྲི་མེད་མཆོག་ལ་ཡི་རང་དང་བཀུར་སྟི་མི་བྱེད་རང་བྱེད་དུ་གྱུར། སྤྱིར་ན་འདི་དང་འདི་ལྟ་བུའི་ཨ་མའི་བུ་རུས་པ་ཅན་མང་དུ་ཡོད་པས། ང་ཚོ་མི་རིགས་འདིའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཤིང་རེ་བས་བརྟས་ནས་བསྡད་ཆོག་མོད། ཡིན་ནའང་། ད་ལྟ་བོད་པའི་ཡུལ་ལུང་རེ་འགའི་མི་རྣམས་ཀྱིས་ཧྲེ་གྱའི་དྲི་མེད་ལགས་ནི་ཨེ་ཛི་ནད་པ་ངོ་མ་ཞིག་མིན་ཚུལ་དང་། བརྙན་དེ་ནི་རང་འདུན་པ་ཚོས་དགོས་དབང་གིས་བཟོས་པ་ཡིན་ཚུལ་གྱི་གཏམ་གཟུ་ལུམ་དུ་སྨྲ་བ་ཐོས་རྗེས། བློ་ཕམ་འུ་ཐུག་གི་སེམས་བྱུང་ཕྲ་ཞིང་རྣོ་བ་དག་གིས་བདག་སེམས་ཨར་ལ་གཏད་བྱུང……

2016ལོའི་ཟླ12པའི་ཚེས20ཉིན།