དེ་ཡང་བོད་ཀྱི་རིག་གནས་ཆུང་བ་ལྔའི་གྲས་ཀྱི་སྙན་ངག་རིག་པ་ནི་བསྟན་བཅོས་རྩོམ་པ་ལ་མེད་མི་རུང་བའི་རིག་གནས་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ལུགས། སྔར་གྱིས་མཁས་པ་དག་གིས་ཀྱང་བསྔགས་བརྗོད་གནངས་ཡོད་ལ། བསྔགས་བརྗོད་གནང་མིན་ལ་མ་བལྟས་པར་རྩོམ་པའི་ལས་ལ་འཇུག་ཚེ་ལག་ལེན་གྱིས་ཀྱང་ར་འཕྲོད་འོང་བ་ཞིག་ཡིན། དཔལ་ཚེ་ཏན་ཞབས་དྲུང་མཆོག་གི༼སྙན་ངག་སྤྱི་དོན༽ ལས། 1 སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་མེད་ན། ཤེས་བྱའི་གནས་གཞན་ལ་ཅི་ཙམ་མཁས་ཀྱང་ནེ་ཙོའི་ཀློག་གི་ཚུལ་ལས་མ་འདས་ལ། ཞེས་གསུངས་པ་དང་། ཡང་། འཇུ་མི་ཕམ་གྱི་སྙན་ངག་གི་འགྲེལ་བ༼སྙན་དངགས་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།༽2 ཞེས་པ་ལས་ཀྱང་། དེ་ཡང་སྙན་ངག་ལེགས་པར་བསླབས་ན་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཁོག་དོན་འགྲོལ་བ་ལ་ངང་གིས་ཕན་ཅིང་། ངག་སྦྱོར་རྩོམ་པ་གོམས་པར་བྱས་པའི་ཤུགས་ཀྱིས་ཚེགས་ཆུང་ངུས་གཞན་གྱིས་བརྩམས་པའི་དོན་ཤེས་ཤིང་། རང་ཉིད་ལེགས་བཤད་རྩོམ་པའི་མཐུ་དང་ལྡན་པར་འགྱུར་བ་ཡིན་ལ། ཚུལ་དེ་ལས་སྐྱེས་པའི་ནང་གི་དགའ་བ་རྒྱུན་ཆགས་སུ་འཕེལ་བའི་ཕྱིར་རིག་ལམ་འདི་ནི་བདུད་རྩིའི་རྒྱ་མཚོ་དྲི་མ་མེད་པ་དང་འདྲ་བར་མཁས་པ་རྣམས་ཀྱི་འཇུག་ངོགས་དམ་པ་ཉིད་དུ་ཤེས་པར་བྱའོ། ཞེས་གསུངས་པ་ལྟར་རོ།།

          དེའི་ཕྱིར་ང་ཚོས་སྙན་ངག་གི་རིག་པ་འདི་མེད་མི་རུང་དུ་རྟོགས་ཤིང་ལག་ཏུ་བསྟར་བའི་ཚེ་ན། རིག་གཞུང་གཞན་ལྟར་ནག་པོ་འགྲོ་ཤེས་ཁོ་ནས་བཀླག་ན་རུང་བ་ཞིག་དང་། བྲིས་ན་འཁྱོངས་པ་ཞིག་རེད་དམ་ཞེས་ན། དེ་ནི་དེ་ལྟར་ལས་སླ་བོ་ཞིག་ག་ལ་ཡིན། ཐོག་མར་སྙན་ངག་བཀླག་འདོད་པ་ཞིག་ལ་མཚོན་ནའང་རྩ་བའི་སྙན་ངག་གི་ཁྱད་ཆོས་དང་སྒྱུ་རྩལ་དེ་ཤེས་དགོས་པ་རེད། དེ་ཡང་སྙན་ངག་གི་རྩ་བའི་ཁྱད་ཆོས་ནི། ཉམས་དང་འགྱུར་གཉིས་ཀྱི་སྒོ་ནས་ཐོན་དགོས་ཤིང་། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྙན་ངག་གི་འགྲེལ་བ༼ སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད༽3 ལས། སྐབས་འདིར་ཉམས་དང་འགྱུར་བ་ཞེས་པ་ནི། དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་འགྱུར་བ་ནི། ལུས་ངག་ཏུ་མ་ཤར་བའི་ནང་གི་འགྱུར་བ་ཡིན་ལ། དེ་ཉིད་ཇེ་ཆེར་འཕེལ་ནས་འཛུམ་པའམ་ཁྲོ་གཉེར་བསྡུས་པ་ལྟ་བུ། ལུས་ངག་ཏུ་ཤར་བ་ནི་ཉམས་ཡིན་ཞིང་། དེ་ཡང་ཁོང་ནས་དགའ་བའི་འགྱུར་བ་ལ་ཕྱི་རོལ་ཏུ་སྒེག་པའི་ཉམས་དང་། རྒོད་བྲོ་བ་ལ་བཞད་གད་དམ་གད་མོ་དགོད་པའི་ཉམས་དང་། ཤི་འབྲལ་སོགས་ཀྱི་མྱ་ངན་ལ་བཞིན་མདངས་ཉམས་ཤིང་། སྙིང་རྗེ་བའི་ཉམས་དང་། ཁྲོ་བ་ལ་དྲག་ཤུལ་ལམ། ཁྲོ་གཉེར་བསྡུས་པའི་ཉམས་དང་། སེམས་ཀྱི་གཟེངས་མཐོ་བ་ལ་སྤོབས་པ་ཆེ་ཞིང་དཔའ་བའི་ཉམས་དང་། སྐྲག་པ་ལ་འཇིགས་ཤིང་བག་འཁུམས་པའི་ཉམས་དང་། སྐྱུགས་བྲོ་བ་ལ་ཞེ་མེར་ཞིང་མི་སྡུག་པའི་ཉམས་དང་། ངོ་མཚར་བ་ལ་རྨད་བྱུང་ངམ་རྔམ་པའི་ཉམས་ཏེ་ཉམས་བརྒྱད་ཡོད་ལ། ཞེས་གསུངས་པ་བཞིན་རྩོམ་པ་པོའི་ནང་གི་འགྱུར་བ་དང་ཕྱིའི་ཉམས་གཉིས་རྒྱུ་འབྲས་ཀྱི་ཚུལ་དུ་ཕྱིར་མངོན་ལུགས་ལ་ཞིབ་ཏུ་བཏང་ན་དབྱེ་བ་མང་དུ་འཕེལ་རྒྱུ་ཡིན་པ་སྨོས་མ་དགོས་མོད། རགས་པར་བསྡུ་ན་བརྒྱད་དུ་འདུ་སྟངས་མཁས་པ་དང་མཁས་པའི་གསུང་དུ་བསྟན་པ་འདི་ཀོ མིང་དང་ཚིག་གི་ལམ་ནས་ཕྱིར་ཀློག་པ་པོའི་མདུན་ལ་མངོན་སུམ་དུ་སྣང་བར་བྱེད་པ་ནི་སྙན་ངག་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན་པ་ལས། ཚད་མ་རིག་པ་སོགས་རིག་གནས་གཞན་ལ་དེ་འདྲའི་བྱེད་ནུས་མེད་པ་ཤེས་དགོས། དེ་འདྲའི་སྙན་ངག་གི་རྩ་བའི་འགྲོ་སྟངས་དེ་ཞེ་ལ་འཁོར་ན། གཟོད་སྙན་ངག་ཀློག་པ་དང་སྙན་ངག་འབྲི་བའི་རྨང་དེ་ཅུང་ཟད་རྙེད་པར་འཇོག་རིགས་པ་རེད། དེ་མིན་སྙན་ངག་གི་རྩ་བའི་ཁྱད་ཆོས་འདི་ལ་རྨོངས་བཞིན་སྙན་ངག་ཀློག་པ་དང་སྙན་ངག་འབྲི་བའི་སྐད་དུ་བྱེད་པ་ནི་ཕྱོགས་ཀྱིས་བསླད་པའི་མགྲོན་པོ་ལྟ་བུ་ཞིག་ལས་གང་ཡང་མིན་པར་ཐག་གིས་བཅད་ཆོག་པའོ།།

          སྙན་ངག་ནི་རིག་གཞུང་གསར་བའི་ཁྲོད་ཀྱི་ངོས་འཛིན་ལྟར་བྱས་ན་སྒྱུ་རྩལ་བརྩམས་ཆོས་སུ་རྟོགས་ཤིང་། སྒྱུ་རྩལ་བརྩམས་ཆོས་ཀྱི་རྩ་བའི་ཁྱད་ཆོས་ནི། མཁས་དབང་དོར་ཞི་མཆོག་གི་ཆེད་རྩོམ༼སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ༽ 4 ལས། སྒྱུ་རྩོམ་གྱི་བརྗོད་བྱ་ནི་སྒྲོ་བཏགས་ཀྱི་འཇིག་རྟེན་དང་། རྟོག་བཟོས་ཀྱི་འཇིག་རྟེན་ཞིག་ཡིན། སྒྲུང་གཏམ་དང་སྙན་ཚིག་ཟློས་གར་ནང་དུ་བཤད་དོན་སྒྲོས་ཟིན་ལྟར་གྱི་བདེན་པ་གཅིག་ཀྱང་མེད་ལ། ཚད་མས་གྲུབ་པའི་བརྗོད་བྱ་མིན་ནོ།། ཞེས་༼དེང་དུས་སྒྱུ་རྩོམ་རིག་གཞུང༽ གི་ཚིག་ཁ་ཤས་ལུང་དུ་དྲངས་ནས་བསྒྲུབས་ཡོད་པར་མ་ཟད། ཡང་ཁོང་གིས། ཚད་ལས་བརྒལ་བར་བརྗོད་པའི་ཕུལ་བྱུང་དང་།། རང་བཞིན་ཁྱད་ཆོས་སོགས་ལ་བསྙོན་བཙུགས་པས།། བརྗོད་བྱའི་རང་བཞིན་ཁྱད་ཆོས་འབུར་དོད་དུ།། སྟོན་པ་སྐྱ་ཐིག་སྟེང་དུ་ཚོན་སྒོས་འདྲ།། 5 ཞེས་སྒྱུ་རྩལ་བརྩམས་ཆོས་སྤྱི་དང་བྱེ་བྲག་ཏུ་སྙན་ངག་རིག་པར་རིག་གཞུང་གཞན་དང་མི་མཚུངས་པར་རྟོགས་བཏགས་དང་འཁྱོགས་བརྗོད་གབ་བསྡུས་སོགས་ཀྱི་འཕར་ཤུགས་ཆེ་བར་བསྟན་ཡོད་ཅིང་། སྙན་ངག་ལ་འཇུག་མཁན་ཞིག་ཡིན་ན་ཐོག་མར་སྙན་ངག་གི་སྒྱུ་རྩལ་ཞེས་པ་འདི་ལ་གོ་བ་ཟབ་མོ་ཞིག་ལེན་ཐུབ་དགོས། གལ་སྲིད་སྙན་ངག་གི་ཐུན་མིན་གྱི་ཁྱད་ཆོས་འདི་དག་མ་རྟོགས་པ་ཡིན་ན། རྟོགས་བཏགས་དང་འཁྱོགས་བརྗོད་ཀྱི་གོ་བ་གཞན་ཞིག་ཏུ་ཁྱེར་ནས་སྙན་ངག་ལ་མྱོང་རོལ་བྱ་མི་ཐུབ་ལ། སྙན་ངག་ཅེས་པ་ནི་དོན་དུ་རྫུན་གྱི་ཁར་རྫུན་བརྩེགས་པའི་དོན་སྙིང་མེད་པ་ཞིག་ཏུ་འང་གོ་སྲིད། ཡིན་ཡང་། སྙན་ངག་གི་གཞུང་དུ་གསུངས་པའི་རྟོགས་བཏགས་དང་འཁྱོགས་བརྗོད་ཀྱི་རྒྱན་སོགས་ནི་ཕྱི་ནང་གསང་གསུམ་གྱི་དོན་གང་རུང་ཞིག་གི་རྣམ་པ་ཕྱི་རུ་གསོན་ཉམས་ཅན་དུ་སྟོན་སླད་བྱུང་བ་ཞིག་ལས། དོན་གྱི་ས་བོན་མེད་པར་སོག་མའི་ཡལ་ག་ཐོགས་པ་ཞིག་ག་ལ་ཡིན་མོད།     སྙན་ངག་གི་སྒྱུ་རྩལ་དང་སྙན་ངག་གི་རྩ་བའི་གསང་གནད་མི་ཤེས་པ་དག་ལ་གོལ་ས་འབྱུང་ངེས་པ་རེད།

          སྤྱིར་སྙན་ངག་གི་ཁྲོད་དུ་བྱུང་བའི་དཔེ་དང་ཐ་སྙད་དག་ཀྱང་རིག་གཞུང་གཞན་ལྟར་གཏན་ཚིགས་དང་དོན་དངོས་དབང་བཙན་པ་ཞིག་མ་ཡིན་པར། རྟོགས་བཏགས་དང་འཆར་ཡན་གྱི་རྣམ་པ་ཤོས་ཆེ། དཔེར་ན། གསེར་གྱི་ལྷུན་པོ་བཞིན་དུ་བརྗིད་པའི་སྐུ། འོ་མའི་རྒྱ་མཚོ་བཞིན་དུ་ཟབ་པའི་ཐུགས། དཔྱིད ཀྱི་དུས་འདི་ལྷ་ཡུལ་ལྟ་བུར་སྐྱིད། ཉི་མ་འབུམ་ལས་ལྷག་པའི་མཛེས་སྡུག་ལྡན། ལྟ་བུའི་དངོས་ཡོད་ཀྱི་་འཇིག་རྟེན་འདིར་མི་སྲིད་པའི་དཔེ་མང་པོ་བཀོད་ནས་སྐབས་ཀྱི་བརྗོད་བྱ་གང་ཡིན་པ་དེ་ཉམས་ཅན་དུ་བྱས་པ་སོགས་ཀྱི་དོན་འདི་འང་སྙན་ངག་གི་དཔེ་འགོད་ལུགས་ཀྱི་གསང་ཚིག་ཅིག་ཏུ་འཁུམས། དེ་མིན་ཚད་མ་རིག་པ་སོགས་སུ་ཡང་དོན་རྟོགས་པ་ལ་དཔེ་བཀོད་པ་ཤིན་ཏུ་མང་ཡང་། དཔེ་དེ་གཏན་ཚིགས་དབང་བཙན་དུ་བྱས་ཡོད། བུམ་པ་ཆོས་ཅན། མི་རྟག་དེ། ཀ་བ་བཞིན་ཞེས་བཀོད་ཚེ། ཀ་བ་དཔེ་ཡིན་ཡང་། དཔེ་དེ་སྙན་ངག་ཁྲོད་ཀྱི་དཔེ་བཞིན་རྟོགས་བཏགས་དང་འཆར་ཡན་གྱི་བསྡུས་གཟུགས་ལྟ་བུ་ཞིག་མ་ཡིན་པར། དངོས་པོའི་གནས་ཚོད་ལ་མཐུན་ཞིང་རྟགས་དང་གཏན་ཚིགས་ཀྱིས་འཇལ་ཐུབ་པ་ཞིག་དགོས་པ་རེད། དེའི་ཕྱིར་དཔེ་འགོད་ལུགས་ཀྱི་ཧེ་བག་འདི་འང་ངེས་པར་དུ་ཤེས་དགོས།

         གཞན་ཡང་། མཁས་དབང་དོར་ཞི་མཆོག་གིས། སེམས་ལྡན་མི་ཡི་ཁྱད་ཆོས་སེམས་མེད་ཀྱི།། དངོས་པོའི་སྟེང་དུ་འདོད་པས་བཏགས་བྱས་ཏེ།།སེམས་མེད་སེམས་ལྡན་ཁྱད་ཆོས་ལྡན་པ་ཡི།།གསོན་ཉམས་སྟེར་བའི་ཐབས་མཆོག་རབ་རྟོག་བསྟེན།།5 གསུངས་པ་ལྟར་སྙན་ངག་གི་སྒྲོ་འདོགས་ལུགས་འདོགས་སྟངས་སོགས་ནས་བཟུང་། རྩ་བའི་སྙན་ངག་གི་ཉམས་འགྱུར་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ལ་བློ་མིག་ཡོད་མེད་ཀྱི་སྒོ་ནས། སྙན་ངག་པ་དང་སྙན་ངག་གི་ཀློག་པ་པོ་ཡིན་མིན་གྱི་ས་མཚམས་དབྱེ་ཐུབ་པར་མ་ཟད། སྙན་ངག་གི་རིན་ཐང་དང་སྙན་ངག་གི་བཟང་ངན་ལ་མི་རྨོངས་པའི་སྤོབས་པའང་འཐོབ་ངེས་སོ།།

 

དཔྱད་གཞི།

1 ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་པའི་བློ་གྲོས་ཀྱི་མཆོག་གི་གསུང་འབུམ།༼གླེགས་བམ་བཞི་བ༽ ཤོག་ངོས 351 མི་རིགས་དཔེ་སྐྲུན་ཁང་། 2007 ལོའི་ཟླ 4 པར་ཐེངས་དང་པོ། རྩོམ་པ་པོ། ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིག་པའི་བློ་གྲོས།

2 སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། ཤོག་ངོས85 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1984 ལོའི་ཟླ 9 པར་ཐེངས་ 1 རྩོམ་པ་པོ། འཇུ་མི་ཕམ་གྱིས་བརྩམས།

3 སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།༼མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཀ་བ༽ ཤོག་ངོས། 54 མི་རིགས་དཔེ་སྐྲུན་ཁང་། 2004 ལོའི་ཟླ 3 པར་ཐེངས་པོ། རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།

4 སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ། ༼བོད་ཀྱི་དེང་རབས་དཔེ་ཚོགས༽ ཤོག་ངོས་ 264 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990 ལོའི་ཟླ་8 པར་ཐེངས་དང་པོ། རྩོམ་པ་པོ། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། འགྱུར་མེད་ཀྱིས་བསྒྲིགས།

5 སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ། ཤོག་ངོས་ 323 ན་གསལ།

6 སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ། ཤོག་ངོས་ 334 ན་གསལ།

 

ཟུར་ཞུ། རྩོམ་འདི་གྲོགས་ཤིག་ལ་དོགས་ལན་གྱི་ཚུལ་དུ་ཕུལ་བ་ཞིག་ཡིན།