དང་པོ། རྟག་ངུའི་རྟོགས་བརྗོད་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

༼བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བའི་ཤོག་ངོས །༢༡༢ ༽ལས་བསྟན་པ་ནི། རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྤྱི་ལོ ༡༣༥༧ ལོར་བལྟམས་ཤིང་། ༡༣༥༩ ལོར་ཀརྨ་རང་བྱུང་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་སྙིང་བོར་གསོལ། ༡༣༦༣ ལོར་ཆོས་རྗེ་དོན་འགྲུབ་རིན་ཆེན་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པར་གསོལ། ཆོས་རྗེ་འདི་བའི་དྲུང་ནས་གཞུང་ལུགས་མང་པོར་གསན་བསམ་མཛད་ཅིང་། བཀའ་དྲིན་ཆེ་བའི་བླ་མ་ཞེས་རྗེ་ཉིད་ཀྱིས་ཀྱང་ཡང་ཡང་གསུངས། ༡༣༧༣ ལོར་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་བཀས་བསྐུལ་ནས་དབུས་སུ་ཕེབས། འབྲི་གུང་དུ་ཕེབས་ནས་སྤྱན་སྔ་བ་ཆོས་ཀྱི་གྲགས་པ་ལས་ཟབ་ཆོས་གང་མང་གསན་ཅིང་། ཚལ་གྱི་སྨན་པ་དཀོན་མཆོག་སྐྱབས་ལས་གསོ་རིག་གསན། ༡༣༧༥ ལོར་གསང་ཕུ་དང་བདེ་བ་ཅན་སོགས་སུ་ཕར་ཕྱིན་གྲྭ་སྐོར་མཛད། ༡༣༧༨ ལོར་ཞུགས་གནས་ཀྱི་རྣམ་གཞག་བློ་གསལ་བགྲོད་པའི་ཐེམ་སྐས་བརྩམས། ༡༣༨༠ ལོར་སྒྲ་བ་ནམ་ཟང་གདན་ས་ཨེར་བྱོན་ནས་སྙན་ངག་མེ་ལོང་གསན། གཞན་འོལ་ཁ་སོགས་སུ་བོ་དོང་བ་སྒྲ་བ་ནམ་བཟང་ལས་ཀ་ལཱ་བ་དང་ཙནྡྲ་བ་ལ་སོགས་པ་གསན་ནས་མཁས་པར་གྱུར་ཀྱང་དངོས་སུ་ཞལ་གྱིས་མི་བཞེས་པར། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་གསུངས། སྙན་ངག་མེ་ལོང་ལ་སོགས་པ་སྙན་ངག་གི་གཞུང་དང་སྙན་ངག་གི་བསྟན་བཅོས་རྣམས་གསན་ནས་ཤིན་ཏུ་མཁས་པར་གྱུར་ཅིང་། དབྱངས་ཅན་མའི་བསྟོད་པ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། ཅེས་སོགས་བརྩམས་པས་རྒྱན་ཉམས་ཐུགས་སུ་འཆར་བར་གྲགས་སོ།།

༡༣༨༡ ལོར་ཚོགས་ཆེན་མཁན་པོ་ཚུལ་ཁྲིམས་རིན་ཆེན་ལས་དགེ་སློང་གི་སྡོམ་པ་བཞེས། ༡༣༨༧ སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་བརྩམས། ༡༣༨༨ ལོར་ལེགས་བཤད་གསེར་ཕྲེང་བརྩམས། ༡༣༩༧ ལོར་རྟེན་འབྲེལ་བསྟོད་པ་བརྩམས། ༡༤༠༢ ལོར་ལམ་རིམ་ཆེན་མོ་བརྩམས། ༡༤༠༤ ལོར་སྔགས་རིམ་ཆེན་མོ་བརྩམས། ༡༤༠༧ ལོར་རྩ་ཤེས་ཊཱིཀ་ཆེན་བརྩམས། ༡༤༠༨ལོར་ལེགས་བཤད་སྙིང་བོ་བརྩམས། ༡༤༡༡ ལོར་རིམ་ལྔ་གསལ་སྒྲོན་བརྩམས། ༼༡༤༡༨ལོར་བརྩམས་པར་བྲིས་པ་ཞིག་ཀྱང་མཐོང་། གང་ཡིན་ཕྲན་ལ་མ་ངེས།༽ ༡༤༡༤ ལོར་འགྲེལ་བ་བཞི་སྦྲགས་བརྩམས། ༡༤༡༩ ལོར་འཁོར་ལོ་སྡོམ་པ་བདེ་མཆོག་བསྡུས་རྒྱུད་ཀྱི་རྒྱ་ཆེར་བཤད་པ་བརྩམས་མཐར་སྐུ་མྱ་ངན་ལས་འདས་སོ།། གསུང་རྩོམ་རིམ་པ་མང་པོ་བཞུགས་པའི་ཁྲོད། བསྟོད་ཆེན་བཞི་དང་། རྟོགས་བརྗོད་གཉིས། བྱ་དཀའ་བའི་སྙན་ངག་ཁག་བཞི། གཞན་བསྟོད་ཚོགས་ཀྱི་རིགས་མང་། ལྷ་སའི་དཔར་མ་གཞི་བཟུང་ན་རྗེ་བླ་མར་གསུང་རྩོམ་པོ་ཏི་བཅོ་བརྒྱད་བཞུགས་ཤིང་། བསྟན་བཅོས་སྣ་ཁ་བརྒྱ་དང་དྲུག་ཅུ་ནས་བདུན་ཅུ་ཙམ་ཡོད་པར་བཤད་ཅིང་། མདོ་སྔགས་གཉིས་ཀྱི་གཞུང་གཙོས། མཚན་ཉིད་དང་རྣམ་ཐར། སྙན་ངག་ཆབ་ཤོག་སོགས་ཀྱི་རིགས་མང་དུ་བཞུགས་སོ། །

གཉིས་པ་རྟག་ངུའི་རྟོགས་བརྗོད་དང་འབྲེལ་ནས་སྲོལ་རྒྱུན་སྙན་ངག་གི་ཟུར་གླེང་བ།

རྟག་ངུའི་རྟོགས་བརྗོད་ཀྱི་ཁ་བྱང་ཆ་ཚང་ལ༼བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་གྱི་ལྗོན་པ།༽ ཡིན་ཅིང་། ད་ལྟའི་དེབ་གཟུགས་སུ་བསྐྲུན་པ་རེ་འགར། ༼བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད།༽ ཅེས་བྲིས་པའང་སྣང་། རྟོགས་བརྗོད་འདི་ནམ་བརྩམས་ཀྱི་ལོར་གསལ་ཁ་དེ་ཙམ་མེད་ཀྱང་དེང་གི་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི༼གསེར་ནག་གི་ཕྲེང་བ། ཤོག་ངོས། ༨༽ ལས་བསྟན་པ་ལྟར་ན། རྟོགས་བརྗོད་འདི་ཕྱི་ལོ ༡༣༨༠ ནས ༡༤༡༠ ལོ་གང་རུང་ཞིག་ཏུ་བརྩམས་པ་ཐག་གིས་བཅད་ཆོག དེ་ལས་ཀྱང་། དགུང་གྲངས་ཉེར་ལྔ་ཡས་མས་སམ། སུམ་ཅུ་སོ་གཉིས་གཡས་གཡོན་ཞིག་ལ་མཛད་པར་རྗེས་སུ་དཔོག་ནུས་སོ།། ཞེས་དང་། ཡང་དེང་རབས་ཀྱི་ཉམས་ཞིབ་པ་དགེ་འདུན་རབ་གསལ་ལགས་ཀྱིས་བརྩམས་པའི ༼བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ། ཤོག་ངོས། ༢༡༥༽ལས་བསྟན་པ་ལྟར་བྱས་ན། ༡༣༨༠ ལོར་རྗེས་སྒྲ་བ་ནམ་བཟང་བ་ལས་སྙན་དངགས་ཐོག་མར་གསན་པས་ན། རྟོགས་བརྗོད་འདི་ཕྱི་ལོ ༡༣༨༠ ནས་༡༤༡༠ བར་གྱི་དུས་ཡུན་ནང་བརྩམས་པ་གསལ། ༡༣༨༧ ལོར་རྗེས་སྤྱན་སྔ་བ་གྲགས་པ་བྱང་ཆུབ་ཀྱི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་བརྩམས་པ་དང་། ༡༣༨༨ ལོར་གསེར་ཕྲེང་རྩོམ་པའི་སྐབས་དེ་ནི་རྗེ་རང་ཉིད་ཀྱིས་ཤེར་མདོ་ལ་སོགས་པའི་གཞུང་ལ་ཐུགས་སྦྱོངས་ཤུགས་ཆེར་གནང་བའི་དུས་ཡིན་པས། དེ་ལ་ཚོད་དཔག་བྱས་ན་ཕྱི་ལོ་ ༡༣༨༨ ཡས་མས་ཙམ་ལ་བརྩམས་པ་ཡིན་ནམ་སྙམ། ཞེས་རྗེའི་རྣམ་ཐར་གུང་བསྒྲིགས་ནས་དཔྱད་པ་ཡག་པོ་གནང་འདུག

རྗེ་བླ་མ་བྱོན་པའི་དུས་རབས་ནི་བོད་ཀྱི་རིག་གནས་ཀྱི་དབང་དུ་བྱས་ཚེ་འགྲན་གྱི་དོ་མེད་པ་ལྟ་བུའི་སྐབས་སུ་འཁེལ་ཡོད་ཅིང་། ལྷག་པར་དུ་མེ་ལོང་མའི་གཞུང་གི་འཆད་ཉན་ལ་བརྟེན་ནས་སྙན་ངག་གི་རྩོམ་རྩལ་རྫོགས་ཡོད་པའི་དུས་རབས་ལ་ངོས་འཛིན་པའི་མཁས་པ་མང་། དོན་དངོས་ཀྱིས་ཀྱང་དེ་ལྟ་བུ་ཞིག་ཏུ་འཁུམས་སོ།། སྙན་གཞུང་མེ་ལོང་མ་བསྒྱུར་བའི་ཚུན་དང་། རྗེའི་ཡར་སྔོན་དུ་བྱོན་པའི་མཁས་པ་དག་གིས་བསྒྱུར་བ་དང་མཛད་པའི་སྙན་ངག་གི་གཞུང་དང་དེའི་འགྲེལ་བ། ད་དུང་སྙན་ངག་གི་བསྟན་བཅོས་དང་ཆབ་ཤོག་སོགས་ཕུན་སུམ་ཚོགས་པ་གཅིག་ལས་གཅིག་ལྷག་མང་པོར་མཇལ་སྐབས། མེ་ལོང་མའི་འཆད་ཉན་འོག་བོད་ཀྱི་སྙན་ངག་གི་བསྟན་པ་རྒྱ་ཆེར་འཕེལ་ཅིང་། དེའི་མཚན་གཞི་ལྟ་བུར་ངོས་འཛིན་ཆོག་པའི་སྙན་ངག ཀརྨ་རང་བྱུང་རྡོ་རྗེས་མཛད་པའི་སྙན་ངག དཔལ་གྱི་སྡེའི་སྐྱེས་པའི་རབས། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་སྙན་ངག འཕྲིན་ཡིག་ཆོས་ལྡན། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིས་མཛད་པའི་སྙན་ངག པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་སོགས་དང་། འགྱུར་མའི་སྙན་ངག་གི་བསྟན་བཅོས་ལ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་གུས་པོ་རང་ཉིད་ཀྱི་ཡིད་དྲངས་མྱོང་བའི་སྙན་ངག་གི་བསྟན་བཅོས་འདི་དག་དང་དེ་མིན་གཞན་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ཐར་ལོ་ཉི་མ་རྒྱལ་མཚན་སོགས་མཁས་པ་དང་ལོ་ཙཱ་བ་ཇི་སྙེད་ཀྱིས་བསྒྱུར་བ་དང་མཛད་པའི་སྙན་ངག་གི་ཉམས་རྩོལ་མེད་དུ་ཐོན་ཡོད་པའི་ཚིགས་བཅད་ཤིན་ཏུ་མང་ངོ་། །

སྐབས་འདིའི་བོད་ཀྱི་སྙན་ངག་གི་རྩོམ་སྟངས་དང་། འདུ་ཤེས། མཛེས་དཔྱོད་མང་པོ་ཞིག་ལ་མི་རིགས་གཞན་གྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་། གདོད་མའི་དུས་ཀྱི་སྲིད་པ་ཆགས་གླུ་དང་། བཙན་པོའི་དུས་ཀྱི་མགུར་དང་གཞས། བོད་སིལ་བུའི་སྟོད་ཙམ་གྱི་མི་ལའི་མགུར་སོགས་ལ་བལྟས་ཏེ་བོད་རང་གི་མར་དྲི་དང་རྩམ་དྲི་ཅུང་ཞན་ཞུམ་དུ་སོང་ཡོད་པར་ངོས་འཛིན་ཞུ་རིགས་ཀྱང་། སྤྱིར་སྙན་ངག་སྒྱུ་རྩལ་གྱི་ངོས་ནས་རྫོགས་ལྡན་གྱི་དུས་རབས་ལ་བཤད་འོས་སྙམ། རྗེའི་བླ་མའི་སྐུ་དུས་དང་དེའི་རྗེས་སུ་བྱུང་བའི་སྙན་ངག་གི་བསྟན་བཅོས་དང་འཕྲིན་ཡིག་ཚུན་ཆད་ངོ་བགྲང་ཙམ་བྱ་རྒྱུ་ལའང་གྱི་ན་བ་རང་ལྟ་བུར་མཚོན་ན་གླང་ཆེན་གྱི་ཁུར་གྲོག་མར་བཀལ་བ་བཞིན་གད་མོའི་གནས་སུ་འགྲོ་བར་ངེས་ཀྱང་། རགས་ཙམ་མཇལ་མྱོང་བའི་སྙན་ངག་གི་ཕྱོགས་ཤིག་བགྲང་ན། ངོར་ཆེན་ཀུན་དགའ་བཟང་པོའི་སྙན་ངག ཉག་རེ་གསང་སྔགས་ལ་སྤྲིངས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྙན་ངག གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན། རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ། རྗེ་དགེ་འདུན་གྲུབ་ཀྱི་སྙན་ངག སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ། ཤར་གངས་རི་མ། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱི་སྙན་ངག རྗེ་བཙུན་བཟང་པོ་སྐྱོང་གི་སེམས་དཔའ་ཆེན་པོ་ལ་བསྟོད་པ་དྲི་ཟའི་གླུ་དབྱངས། ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད། བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་སྙན་ངག ཀུན་མཁྱེན་སངས་རྒྱས་འཕེལ་ལ་བསྟོད་པ། རྒྱལ་བ་དགེ་འདུན་རྒྱ་མཚོའི་སྙན་ངག གཏམ་དུ་བྱ་བ་བུང་བའི་གླུ་དབྱངས། སྡེ་བ་རིན་སྤུངས་པའི་སྙན་ངག་གི་བསྟན་བཅོས། ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ། ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བ་ལ་ཕུལ་བའི་ཞུ་འཕྲིན་རིག་འཛིན་ཕོ་ཉ། འབྲུག་པ་པདྨ་དཀར་པོའི་སྙན་ངག རྒྱལ་སྲས་གཅུང་རིན་པོ་ཆེའི་རྣམ་ཐར། སོགས་ལྟ་བུའོ།།

རྗེའི་བདག་ཉིད་ཆེན་པོ་ཞིང་དུ་གཤེགས་པའི་ལོ་ནས་བརྩིས་ཏེ་འབྲུག་པ་པདྨ་དཀར་པོའི་བར་དུ་ལོ་ངོ་བརྒྱ་དང་བརྒྱད་ཙམ་སོང་བའི་ཡུན་ལ་བརྩམས་པའི་སྙན་ངག་དང་སྙན་ངག་གི་བསྟན་བཅོས་ནི་སའི་རྡུལ་གྱིས་ཀྱང་གཞལ་དཀའ་བ་ཞིག་ཏུ་ངེས་ཀྱང་། དེ་དག་གི་ཁྲོད་ནས་ཟུར་ཙམ་མཇལ་མྱོང་བའི་སྙན་ངག་འདི་དག་ནི་སྙན་ངག་གི་བསྟན་པ་ཆེས་ཆེར་དར་བའི་སྒང་གི་སྙན་ངག་ཡིན་ལ། རྩ་བའི་ཁྱད་ཆོས་ནི་སྙན་གཞུང་མེ་ལོང་མའི་ཤུགས་རྐྱེན་འོག་བརྩམས་པ་རྐྱང་རེད་འདུག སྐབས་འདི་ལ་རྗེ་བདག་ཉིད་ཆེན་པོ་སོགས་མཁས་གྲུབ་མང་པོས་སྙན་ངག་གི་རིག་པ་འདི་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་དེའང་སྙན་ངག་གི་བསྟན་པ་དར་བའི་མཐུན་རྐྱེན་བླ་ན་མེད་པ་ཞིག་ཏུ་འཁུམས། དེ་ཡང་། རྗེ་བདག་ཉིད་ཆེན་པོའི་ཞལ་ལས། གང་ཞིག་མཐོང་ན་དད་ལྡན་དང་བའི་སྤུ་ལོང་གཡོ།། རློམ་པས་ཁེངས་རྣམས་གདོང་ནི་ས་ལ་དུད་པར་བྱེད།། ཕྲག་དོག་ཅན་རྣམས་ཡིད་ནི་ཚེར་མའི་མལ་ན་ཉལ།། གཟུར་གནས་རྣམས་ཀྱིས་གྲགས་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་།། དེ་དག་མཁས་པའི་དགའ་སྟོན་མཆོག། སྙན་ངག་དག་གི་ཡོན་ཏན་ཡིན།། ཞེས་དང་། དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི།། མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ།། སྙན་དངགས་གཞུང་བཞིན་ལེགས་པར་སྦྱར་བ་ན།། བློ་གསལ་རྣམས་ཀྱི་དགའ་བ་རྒྱས་པར་བྱེད།། ཡང་། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་དང་། ཞང་ཞུང་ཆོས་དབང་གྲགས་པས། སྙན་ཚིག་ཟློས་གར་རོ་འཛིན་དང་།། བྲལ་བའི་སྐྱེ་བོ་ལྐུགས་པ་སྟེ།། ཞེས་གསུངས་པ་དང་། ཡང་། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་མདོ་ལུང་སོགས་དྲངས་ནས་སྙན་ངག་གི་རིག་པའི་ཆེ་བ་བརྗོད་པ་ནིི། དེ་ཡང་བླུན་པོ་རྣམས་ཀྱི་ནང་ཁྲོལ་འཚོགས་འདུས་སུ་འགྲེམས་པའི་སྐད་མུ་ཅོར་དུ་རྒྱུ་བས། ཡང་དག་པའི་དོན་མཐོང་བའི་ལམ་དང་བྲལ་བས་ན། ཤེས་བྱ་ཀུན་ལ་བལྟ་བའི་མིག་ཏུ་གྱུར་པ་སྙན་ངག་གི་རིག་པ་ཕ་རོལ་ཏུ་སོན་དགོས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་མདོར་དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ།། གཞན་ཡང་དཀོན་མཆོག་གསུམ་ལ་བསྟོད་པར་བྱའོ།། ཞེས་དང་། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ཡིས།། སྙན་ངག་མཁན་དེ་བདེ་གཤེགས་རྩ་མཆོག་ལ།། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་།། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།། ཞེས་སོགས་གསུངས་ཏེ་སྙན་ངག་ནི་ས་སྟེང་འདིའི་རིན་པོ་ཆེ་གསུམ་གྱི་ཡ་གྱལ་ཡིིན་པ་སོགས་ཆེ་བ་མང་དུ་བརྗོད་པ་ནི་ངེད་ཅག་གི་སྙིང་ནོར་དམ་པ་ཡིན་ཅིང་། མང་དུ་ཐོས་པ་དང་ལྡན་པ་རྣམས་ཀྱིས་བློ་ལ་འཛིན་དགོས་པའི་ཞལ་གདམས་སོ།།

དུས་ཡུན་འདིའི་རིང་བརྩམས་པའི་སྙན་ངག་གི་ཚིགས་བཅད་གཅིག་ལ་རྐང་བ་བཞི་དང་ཚེག་ཁྱིམ་ལྔ་ནས་སོ་གསུམ་བར་དུ་ཡོད་ཅིང་། ཚིག་སྡུད་ཆེ་ལ་བརྗིད་པའི་ཉམས་དང་ལྡན་པ་ཤ་སྟག་ཏུ་མཐོང་། གཞན་སྙན་ངག་ལ་གྲོང་སྐད་དམ་ཕ་སྐད་ཀྱིས་མ་བསླད་པར་སུམ་རྟགས་ཀྱི་དགོངས་དོན་གཞི་བྱས་ཏེ། སྙན་ངག་གི་ཉམས་དང་འགྱུར་བ་ཡར་ལྡན་དུ་ཚང་བར་བྱས་ཡོད། བརྗོད་བྱའི་ཐད་ནས་འཇིག་རྟེན་མི་རྟག་པ་དང་། འཁོར་བའི་སྡུག་བསྔལ། དམ་པའི་རྣམ་ཐར། མྱང་འདས་ཀྱི་དགེ་བ་སོགས་གཙོར་བཟུང་ཡོད་པར་མ་ཟད། རིག་བྱེད་ཀྱི་གཏམ་རྒྱུད་དང་། དབེན་གནས་དང་དགོན་པར་བསྟོད་པ། བླ་སློབ་བར་གྱི་མཛའ་བརྩེ་སྟོན་པ། གྲུབ་མཐའ་ཐུན་མིན་གྱི་ལྟ་གྲུབ་སོགས་ལ་བསྔགས་པ་མང་ཞིང་། གོང་དུ་སྨོས་པ་འདིར་མ་འདུས་པའི་བརྗོད་བྱ་འང་གྲངས་ཀྱིས་ག་ལ་ཟིན། འདི་རུ་སྐབས་དེའི་སྙན་ངག་ལས་ཚིགས་བཅད་རེ་འགའ་ཚུར་དྲངས་ན།

པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་ལས། ཡིད་འོང་འཕགས་པའི་བཞུགས་གནས་པོ་ཏ་ལ།། མཛེས་ཤིང་ཉམས་དགའ་དྲང་སྲོང་ཆེན་པོའི་གནས།། མཆོད་པའི་སྤྲིན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ།། སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ།། སྐྱེད་ཚལ་མེ་ཏོག་བུང་བ་འཕུར་ལྡིང་ཞིང་།། མཚོ་བསིལ་རྫིང་བུ་ཙནྡན་ནགས་ཁྲོད་རྣམས།། བྱ་དང་རི་དྭགས་མང་པོས་རབ་ཏུ་གང་།། སྤྱན་རས་གཟིགས་དབང་བཞུགས་གནས་དེ་འདྲའོ།།

ཉག་རེ་གསང་སྔགས་ལ་སྤྲིངས་པ་ལས། ཁྱོད་སྐུ་སྐབས་གསུམ་དབང་པོའི་ཕོ་བྲང་ལ།། རྣམ་གཡེང་ལྷ་མིན་དཔུང་དང་མི་ལྡན་པར།། བློ་གསལ་ལྷ་བུའི་ཚོགས་དང་ལྷན་ཅིག་ཏུ།། ཆོས་དོན་བདུད་རྩིའི་ཟས་ལ་སྤྱོད་དོ་ཞེས།། རིང་ནས་འོངས་པའི་སློབ་གཉིས་རྒྱུད་མངས་ཀྱི།། པི་ཝང་སྒྲ་སྙན་སྒྲོག་པ་ཡང་ཡང་ཐོས།།

རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ་ལས། བློ་བཟང་མཁྱེན་པའི་གཏིང་མཐའ་མི་མངོན་ཞིང་།། གྲགས་པའི་རླབས་ཕྲེང་རོལ་བའི་འཇུག་ངོགས་ལས།། དཔལ་ལྡན་ཡོན་ཏན་ཆུ་ཡི་ཐིགས་པ་ཞིག། བཟུང་ཕྱིར་འདི་ནི་དད་པའི་འབབ་སྟེགས་ལགས།། ཐུབ་བསྟན་ནུབ་ཀྱི་རི་རྩེར་ནི།། ཐུན་མཚམས་གོས་དམར་འཛིན་གྱུར་པ།། དེ་ཚེ་ཁྱོད་ཀྱིས་ཤར་རིའི་རྩེར།། ལེགས་བཤད་འོད་བརྒྱའི་ཕྲེང་བ་འཛིན།།

 

སྒྲོལ་མའི་ཕོ་བྲང་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་ལས། སེང་ལྡེང་ཨུ་དུམ་ཝ་ར་རྒྱ་ཤུག་དང་།། ཐང་ཤིང་ཏ་ལ་དང་ནི་ནྱ་གྲོ་ངྷ།། མྱ་ངན་མེད་དང་བིལ་བ་ཨ་ཀ་རུ།། ཙན་དན་ཛ་ཏི་ལི་ཤི་སོགས་ཀྱི་ཚལ།། རྐང་འཐུང་བུ་མོ་ལོ་འདབ་གོས་ཀྱིས་བཀླུབས།། མེ་ཏོག་ཐོང་མཛེས་འབྲས་བུའི་རྣ་རྒྱན་འཆང་།། ཕན་ཚུན་ཡལ་གའི་ལག་སྦྲེལ་དོ་ར་ན།། རླུང་གིས་སྐྱོད་པའི་ལྗོན་ཤིང་གར་མཁན་མ།། པདྨའི་ན་ཆུང་སྦྲང་རྩིས་མྱོས་པ་རྣམས།། གླུ་ལེན་འཕུར་ལྡིང་རོལ་བས་སྣང་བ་འཁྲིགས།། ནེའུ་ཙོ་སྨྲ་མཁས་བདེན་པའི་ཚིག་བརྗོད་ཅིང་།། རྨ་བྱ་མཇུག་སྒྲོ་བཏེགས་ནས་ཟློས་གར་བྱེད།།
བཅོམ་ལྡན་འདས་རྗེ་བཙུན་བཞད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད་ལས། གྲངས་རིང་བགྲོད་དཀའ་གྲགས་ལྡན་སངས་རྒྱས་ལམ།། ཁྱབ་འཇུག་ཁྱོད་ནི་གོམ་པ་གཅིག་གིས་ནི།། བགྲོད་ཚེ་ཐུབ་བསྟན་སྟོབས་ལྡན་ས་འོག་ཏུ།། ཞུགས་པར་དོགས་ནས་རྒྱལ་རྣམས་སྐྲག་པ་འཛིན།། འཕོང་སྐྱེན་དགའ་བྱེད་མདའ་ཡིས་འབོད་སྒྲོགས་ཀྱི།། རི་དྭགས་མཆོག་འདི་གཟུང་བར་མ་ནུས་ཏེ།། ཁྱོད་ཀྱི་སྙིང་སྟོབས་མཚོན་ཆས་ཉོན་མོངས་ཀྱི།། དགྲ་སྡེ་སྐད་ཅིག་གཅིག་ལ་ཐལ་བར་བརླགས།།

ཞེས་ལྷ་མོ་དབྱངས་ཅན་མའི་ལྗག་ཐོག་ཏུ་ཡང་ཐོན་དཀའ་བའི་སྙན་ངག་འདི་ལྟ་བུ་དག་གི་རྩོམ་རྩལ་ལ་ང་ཚོས་བསླབ་པར་བྱ་ཞིང་བརྩོན་པར་འོས་པ་ཁོ་ན་ཡིན། སྙན་ངག་འདི་དག་ཀློག་པའི་སྐབས་སུ་ལྕེ་ཐོག་ལ་རང་བཞིན་གྱིས་ལྷུང་འོང་བ་དང་། ཚིག་ཉམས་ཀྱིས་བརྗོད་བྱའི་དོན་མིག་སྔར་འཆར་རྒྱུ་ཡོད་པར་བཟོས་འདུག་པ་ནི་སྙན་ངག་འདི་དག་གི་ཁྱད་ཆོས་བླ་ན་མེད་པ་ཞིག་གོ། གཞན་རིག་བྱེད་ཀྱི་གཏམ་རྒྱུད་དང་འབྲེལ་ནས་སྐབས་ཀྱི་དོན་སྟོན་པ་ལ་གསོན་ཉམས་དང་ལྡན་པར་བྱེད་པའི་ཚུལ་འདི་ལ་སོགས་པ་ནི། དེང་གི་སྣང་བརྙན་དང་ཚུལ་འདྲ་བར་སྙམ། སྣང་བརྙན་ལ་གོ་བ་མི་འདྲ་བ་སྤྱི་དང་བྱེ་བྲག་གི་མང་ཡང་། མཁས་པ་ཁ་ཅིག་གིས། རྩོམ་རིིག་སྣང་བརྙན་ནི་རྩོམ་པ་པོས་རང་གི་ཉམས་མྱོང་ལ་བརྟེན་ནས་ཐོག་མར་རང་ལ་མཛེས་དཔྱོད་ཀྱི་མྱོང་ཚོར་སློང་བ་དང་། མྱོང་ཚོར་དེ་རྨང་གཞི་དང་རྒྱུ་བྱས་ཏེ་སྐད་བརྡའི་ནུས་པ་ལ་བརྟེན་ནས་གསར་བསྐྲུན་བྱས་པའི་སྒྱུ་རྩལ་སྣང་བརྙན་གྱིས། ཀློག་པ་པོ་ལ་རང་དང་ཆ་མཚུངས་སམ་ཡང་ན་ཅུང་ཉེ་བའི་མཛེས་དཔྱོད་མྱོང་ཚོར་སློང་བའི་ཐབས་ཤེས་ལ་སྟོན། ཞེས་བཤད་པ་ལྟར་དུ། སྙན་ངག་པ་དང་ཀློག་པ་པོས་སྙན་ངག་གི་རོ་ཉམས་སུ་མྱོང་བར་བྱེད་པ་ལ་མེད་དུ་མི་རུང་བའི་ཐབས་རྩལ་ཞིག་ལ་འདོད་པ་དེ་བཞིན། གོང་དུ་སོང་བའི་སྙན་ངག་དག་ལ་དེ་ལྟའི་ཁྱད་ཆོས་ཡོངས་སུ་རྫོགས་ཡོད་པ་ནི་བསྐྱར་དུ་བཤད་དགོས་པའི་དོན་ཞིག་ག་ལ་ཡིན། སྤྱིར་སྙན་ངག་ནི་གང་ཟང་སོ་སོའི་ལྷན་སྐྱེས་ཀྱི་ཤེས་རབ་ལས་ཐོན་པ་ཞིག་ཡིན་སྟབས། འདི་དང་འདིའོ་ཞེས་ཚད་བཟུང་ནུས་པ་ཞིག་དང་ཚད་འཛིན་རིགས་པ་ཞིག་ཀྱང་མ་ཡིན་མོད། འོན་ཀྱང་སྙན་གཞུང་ལས་བསྟན་པའི་བླང་དོར་གྱི་ལམ་དུ་ཞུགས་ཡོད་པ་ནི་སྨོས་མེད་རེད། དཔེར་ན་སྙན་གཞུང་མེ་ལོང་མ་བོད་དུ་འགྱུར་བ་དང་མཁས་པ་དག་གིས་དེ་ལ་འཆད་ཉན་བྱས་པའི་ཤུགས་རྐྱེན་གྱིས། རྗེས་སུ་སྙན་ངག་གི་དགེ་སྐྱོན་གླེང་བའི་ཚད་ནི་མེ་ལོང་མར་བསྟན་པའི་ལུས་རྒྱན་སྐྱོན་གསུམ་དང་འབྲེལ་ནས་དཔྱད་པ་དང་། གཞན་རྩོམ་གཤིས་ལ་ཡང་དེ་ལྟར་རྒྱ་གར་ལྷོ་ཤར་གཉིས་སུ་འབྱེད་པའི་ལུགས་བཞིན་མཚན་མཚོན་སྔར་བཞག་པ་དང་། ད་ལྟར་འཇོག་་བཞིན་པ་ནི་མེ་ལོང་མར་གཙིགས་འཛིན་གནང་མཁན་གྱི་མཁས་པ་རྒན་པ་མང་པོ་ཞིག་གི་སྲོལ་རྒྱུན་གྱི་ལྟ་བ་རེད ། འོན་ཀྱང་གསར་དར་སྙན་ངག་ནི་དེའི་འོག་ཏུ་མི་འདུས་སོ།།

གཞུང་མེ་ལོང་མ་ལས་བསྟན་པའི་སྙན་ངག་གི་སྐྱོན་བཅུ་ནི། དོན་ཉམས་དོན་འགལ་དོན་གཅིག་དང་། ཐེ་ཚོམ་ཅན་དང་རིམ་པ་ཉམས།། སྒྲ་ཉམས་གཅོད་མཚམས་ཉམས་པ་དང་།། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ།། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་།། ལུང་རིགས་དག་དང་འགལ་བ་སྟེ།། སྐྱོན་བཅུ་དེ་དག་སྙན་ངག་ལ།། སྙན་ངག་མཁན་གྱིས་སྤང་བར་བྱ།། དམ་བཅའ་གཏན་ཚིགས་དཔེ་ཉམས་པ།། ཞེས་པ་དེ་ཡང་སྐྱོན་མིན་ནམ།། ཕལ་ཆེར་དཔྱད་པར་དཀའ་བ་ཉིད།། སྦྱོར་བ་དེ་ཡི་འབྲས་བུ་ཅི།། ཞེས་སྙན་ངག་མེ་ལོང་མ་བོད་དུ་འགྱུར་བ་ནས་བཟུང་སྙན་ངག་གི་སྐྱོན་བཅུས་མ་གོས་པ་ཞིག་རྩ་བར་བཟུང་ནས་སྙན་ངག་གི་འཕྲིན་ལས་སྤེལ་བ་ཡིན་ཅིང་། སྐྱོན་བཅུ་བསྟན་པའི་རྗེས་སུ་འོང་བའི་དམ་བཅའ་དང་གཏན་ཚིགས། དཔེ་ཉམས་པ་སོགས་ནི་སྙན་ངག་ལ་སྦྱར་རྒྱུ་མ་ཡིན་པར་རྟོག་གེ་རིག་པ་གཞན་ལ་སྦྱོར་དགོས་པར་འདོད་དོ།།

མདོར་ན་གོང་དུ་རྟག་ངུའི་རྟོགས་བརྗོད་དང་འབྲེལ་ནས་སྐབས་དེ་དང་དེའི་སྔ་རྗེས་ཀྱི་སྙན་ངག་རེ་འགའི་ཟུར་གླེང་བ་ནི། རང་དང་ན་མཉམ་པ་དག་ལ་མཚམས་སྦྱོར་གྱི་སླད་དུ་དང་། རང་ཉིད་ལ་ཐོས་པ་བསྐྱེད་པའི་ཕྱིར་དུ་སྨོས་པའོ།།

གསུམ་པ། རྟག་ངུའི་རྟོགས་བརྗོད་ཀྱི་བརྗོད་བྱ་དང་ཁུངས་གང་ཡིན་པ་དེ་ངོ་སྤྲོད་པ།

སྤྱིར་ད་ལྟའི་བར་ང་ཚོའི་རྩོམ་སྟེགས་སུ་སྙན་ངག་ལ་རིགས་ཆེན་པོ་གཉིས་བཀར་བའི་སྲོལ་བྱུང་ཡོད་པ་རེད། དོན་གྱི་བྱུང་རབས་སྟོན་པའི་སྙན་ངག་དང་། ཡིད་ཀྱི་འགྱུར་བ་སྟོན་པའི་སྙན་ངག་གོ། དེའང་དོན་གྱི་བྱུང་རབས་སྟོན་པའི་སྙན་ངག་ཅེས་པ་ནི། དོན་བརྗོད་རང་བཞིན་གྱི་རྩོམ་རིག་སྤྱི་དང་འདྲ་བར་དེར་གཏམ་རྒྱུད་དང་། མི་སྣ། བྱུང་རིམ་བཅས་ཡོད་ལ། སྐབས་འགའ་རེར་ད་དུང་ཁྱབ་ཆེ་ཁྱད་གཟུགས་ཀྱི་མི་སྣའི་སྣང་བརྙན་ཡང་འགོད་པ་དང་། ཐུང་ན་མི་སྣ་ཞིག་གི་བྱ་བྱེད་གཏམ་རྒྱུད་སོགས་ཆེས་རགས་འབྲིའི་བྱ་ཐབས་སྤྱད་དེ་བརྗོད་དོན་ཞིག་མཚོནཔར་བྱེད་ལ། རིང་ན་མི་སྣའི་གཤིས་ལུགས་འཕེལ་ཚུལ་གྱི་བྱུང་རིམ་ཞིབ་འབྲི་བྱས་པ་བརྒྱུད་དུས་མཚམས་གཅིག་རིང་གི་ལོ་རྒྱུས་ཀྱི་གནས་ཚུལ་མཚོན་ཐབས་བྱས་པ་སོགས་ཅི་རིགས་སྣང་། སྙན་ངག་གི་ནང་གསེས་འདིའི་རིགས་ལ་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དེ་ཐད་ཀར་བརྗོད་པ་མ་ཡིན་པར་བརྩམས་ཆོས་ཁྲོད་དུ་ཞིབ་འབྲི་བྱས་པའི་མི་སྣ་དང་དོན་རྐྱེན་སོགས་བརྒྱུད་དེ་མཚོན་པར་བྱེད་པ་ཡིན་ནོ།། གཉིས་པ་ཡིད་ཀྱི་འགྱུར་བ་སྟོན་པའི་སྙན་ངག་གམ། ཡང་ན་སེམས་ཀྱི་ཉམས་སྣང་སྟོན་པའི་སྙན་ངག་ཅེས་པ་ནི། རྩོམ་པ་པོའི་བརྗོད་བྱ་མཐོང་སྣང་བསམ་དོན་ཅི་རིགས་ལ་བརྟེན་ནས་རང་སེམས་ཀྱི་དགའ་སྡུག་ཆགས་སྡང་སོགས་ཐད་ཀར་མཚོན་པའམ། ཡང་ན་ཡུལ་ལྗོངས་དང་དངོས་པོ། གནས་ལུགས་སོགས་བརྗོད་པའི་ཁྲོད་ནས་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་མངོན་སུམ་དུ་མཚོན་པར་བྱེད་པ་ཞིག་ཏུ་འདོད་དོ།།

དེས་ན་འདི་རུ་གླེང་བའི་འཕགས་པ་རྟག་ཏུ་ངུའི་རྟོགས་བརྗོད་ནི་རིགས་སྔ་མར་གཏོགས་ཤིང་། མི་སྣ་དང་བྱུང་རིམ་བཅས་གང་འཚམ་གྱིས་རྩོམ་ཡིག་འདིའི་བརྗོད་བྱ་གྲུབ་ཡོད། རྟོགས་བརྗོད་འདི་ནི་དེང་རབས་ཀྱི་ཉམས་ཞིབ་པ་དགེ་འདུན་རབ་གསལ་ལགས་ཀྱིས་བོད་རང་གི་རྟོགས་བརྗོད་ཀྱི་ཐོག་མར་འདོད་དེ།༼ནོར་མཛོད་ཅེས་པའི་དུས་དེབ་དེའི་ཤོག་ངོས། ༢༢༽ རྗེ་རིན་པོ་ཆེས་རྟོགས་བརྗོད་འདི་བརྩམས་པ་ནི་བོད་ཀྱི་མཁས་པས་རྟོགས་བརྗོད་རང་རྩོམ་དུ་མཛད་པའི་ཐོག་མ་ཡིན་ལ། དེ་ནི་རྟོགས་བརྗོད་རྩོམ་རིག་དེ་འགྱུར་རྩོམ་ནས་རང་རྩོམ་དུ་འཕོས་པའི་དུས་རབས་ཀྱི་མཚམས་ཤིག་ཀྱང་ཡིན་ཞེས་བྲིས་འདུག

ཡང་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་དགེ་འདུན་རབ་གསལ་ཀྱིས་དེ་ལྟར་འདོད་པ་ནི་ཐག་གཅོད་སྔ་དྲགས་པར་དགོངས་ཚུལ་བཏོན་ནས། དེ་མིན་པའི་གསལ་བྱེད་ལ༼གསེར་ནག་གི་ཕྲེང་བའི་ཤོག་ངོས།༡༧༽ལས། ཆག་ལོ་ཙཱ་བས་མཛད་པའི༼གནས་བཅུའི་རྟོགས་བརྗོད༽ཅིག་ཡོད་པར་མཁས་དབང་དུང་དཀར་བས་དཔེ་རྒྱུན་དཀོན་རིགས་བསྡུ་རུབ་མཛད་པའི་སྐོར་གྱི་ཐོ་ཡིག་ལས་མཇལ་ཚུལ་གསུངས་འདུག གང་ལྟར་གུས་པོ་རང་ཉིད་ལ་འདི་དང་འདིའོ་ཞེས་ཁ་ཚོན་གཅོད་པའི་གདེང་ཅི་ཡང་མེད་མོད། གོང་གི་མཁས་པ་འདི་རྣམ་པ་གཉིས་ཀྱིས་གསུངས་སྟངས་ལ་གཞིགས་ན། རྟོགས་བརྗོད་འདི་ནི་བོད་རང་གི་མཁས་པས་བརྩམས་པའི་རྟོགས་བརྗོད་ཐོག་མ་འམ་ཡང་ན་ཐོག་མའི་གྲས་ཡིན་པར་གོ་ཞིང་། རང་ཉིད་ཀྱིས་དཔེ་ཀློག་ཉུང་ཙམ་བྱས་པའི་ཁྲོད་ནས་ཀྱང་རྟོགས་བརྗོད་འདིའི་གོང་དུ་བོད་རང་གི་མཁས་པའི་བརྩམས་པའི་རྟོགས་བརྗོད་ཀྱི་རྩོམ་ཡིག་ཅིག་མ་མཐོང་མོད། མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པའི་དོན་ལྟར། ཕྲན་གྱིས་མ་མཐོང་བ་ཙམ་ལས་ཡོད་མི་ཆོག་པའང་ག་ལ་ཡིན།

མཚམས་འདིར་རྟོགས་བརྗོད་དང་རྣམ་ཐར་གཉིས་ཀྱི་ཁྱད་པར་ལ། གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་རྩོམ་ཡིག༼བོད་རིག་པའི་རྩོམ་པ་པོའི་རིག་རྩོམ་ལུས་ཀྱི་རྣམ་པའི་རབ་དབྱེར་རགས་ཙམ་དཔྱད་པ།༽ ཞེས་པ༼བོད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་དང་པོའི་ཤོག་ངོས།༢༢༥༽ཐོག་ཏུ། རྣམ་ཐར་དང་རྟོགས་བརྗོད་གཉིས་ལ་བརྗོད་བྱའི་སྒོ་ནས་དབྱེ་ན་ཁྱབ་ཆེ་ཆུང་ཡོད་དེ། རྣམ་ཐར་ཡིན་ན་རྟོགས་བརྗོད་ཡིན་པས་ཁྱབ་པ་དང་། རྣམ་ཐར་ནི་སྐྱེས་བུ་གཅིག་གི་གཏན་བདེ་ཐར་བ་དང་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་བདེ་བླག་ཏུ་བརྙེས་ཚུལ་རྣམས་གཙོ་བོར་བཟུང་ནས་བཀོད་པ་དང་། རྟོགས་བརྗོད་ནི་ཆོས་སྲིད་གཉིས་ཀའི་ཆ་ནས་གང་ཟག་གཅིག་གི་མཛད་པ་འཕྲིན་ལས་གཙོ་བོར་བྱས་ན་བཀོད་པ་ཞིག་རེད། ཅེས་དེ་རྣམ་ཐར་དང་རྟོགས་བརྗོད་ཀྱི་ཁྱད་པར་བརྗོད་བྱའི་ཁྱབ་ཆེ་ཆུང་གི་སྒོ་ནས་བཞག་པ་དང་། ཡང་། ཁྲི་བསམ་གཏན་དང་རྣམ་སྲས་གཉིས་ཀྱིས་བསྒྲིགས་པའི༼རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཤོག་ངོས༢༠༥༽སྟེང་དུ། ས་པཎ་རྟོགས་བརྗོད་དང་སྒེའུ་སྟེང་རྟོགས་བརྗོད་ལྟ་བུ། སྙན་ངག་ཡིན་ལ་རྣམ་ཐར་ཀྱང་ཡིན་པ། རཱ་མ་ཎའི་རྟོགས་བརྗོད་དང་རྟག་ངུའི་རྟོགས་བརྗོད་ལྟ་བུ། སྙན་ངག་ཡིན་ལ་སྒྲུང་གཏམ་ཡང་ཡིན་པ། ཞེས་ཁྱད་པར་དང་ཡིན་པ་བཞག་འདུག གཞན་ཡང་གསེར་ནག་གི་ཕྲེང་བའི་ཤོག་ངོས།༡༤༽ལས། རྗེ་རིན་པོ་ཆེའི་རྣམ་ཐར་ཆེན་མོའི་ལུང་དྲངས་པ་འདིར་ཆ་ཚང་བཀོད་ན། རྗེ་རིན་པོ་ཆེའི་རྣམ་ཐར་ཆེན་མོ་ལས། དེ་ལ་སྤྱིར། དམ་པ་རྣམས་ཀྱི་རྣམ་པར་ཐར་བ་ཞེས་པ་ནི། འཁྲུངས་རབས་ཀྱི་ཕྲེང་བ་སྔོན་མའམ་སྐུ་ཚེ་འདི་ཉིད་གང་ཡིན་ཡང་རུང་སྟེ། གང་ཟག་ཕལ་བ་གཞན་ལས། ཁྱད་པར་དུ་འཕགས་ཤིང་། ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་རྒྱལ་བའི་བསྟན་པ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་མཛད་པའི་ཚུལ་དང་། དེ་ལ་བརྟེན་ནས། མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་དང་། བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ། བཟང་བོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་། འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་བར་སྤེལ་བ་ལས། མཐོང་བ་དང་ཐོས་པའི་གདུལ་བྱ་གང་གི་རྒྱུད་ལ་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང་། དེ་ལ་བརྟེན་ནས། གདུལ་བྱ་དེ་དག་གིས་རྣམ་པར་ཐར་བ་ཞེས་བརྗོད་པ་ཡིན་གྱི། དེ་ལས་གཞན་གང་ཟག་རང་ག་བ་དག་གིས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་དང་། ཚོང་ཁེ་སྤོགས་སོགས་ཀྱི་ནོར་སྒྲུབ་ཚུལ། དགེ་བ་ལྟར་སྣང་འགའ་ཙམ་བྱས་ཚུལ་སོགས་རབ་བཏགས་ཀྱི་ཚིག་གིས་བརྒྱན་ཏེ། འཇིག་རྟེན་པ་རྣམས་ཡ་མཚན་སྐྱེ་ཐབས་ཙམ་སྤེལ་བ་དག་ནི། གཏམ་རྒྱུད་ཀྱི་གྲངས་སུ་གཏོགས་པ་ཙམ་ལས། རྣམ་པར་ཐར་བ་ཞེས་པའི་གྲངས་སུ་མི་འགྲོ་ལ། དེར་མ་ཟད། རྣམ་ཐར་འགོད་ཡུལ་བདག་ཉིད་ཆེན་པོ་ཡིན་དུ་ཆུག་ཀྱང་རྩོམ་པ་པོ་རྣམ་དཔྱོད་དང་མི་ལྡན་པའི་བྱེད་ལས་ལ་བརྟེན་ནས་དམ་པའི་ཡོན་ཏན་མཁས་བཙུན་བཟང་གསུམ་སོགས་ལས་བརྩམས་པ་ཆེར་མེད་པར་གདུལ་བྱར་བསྙད་པའི་འདི་ནས་འདིར་ཕེབས་དང་། འདི་ནས་འདིར་བཞུགས། མཇལ་ཁ་འདིར་གནང་། འབུལ་བ་འདི་བྱུང་སོགས་གཙོ་བོར་བཏོན་པ་ཙམ་གྱིས་ཀྱང་གདུལ་བྱའི་རྒྱུད་ལ་དད་གུས་ཆེར་བསྐྱེད་མི་ནུས་པས་དེ་དག་རྣམ་ཐར་གྱི་གྲངས་སུ་གཏོགས་པ་ཡིན་ཤས་ཆེ་རུང་། རྣམ་ཐར་གྱི་དོན་ཇི་བཞིན་ནི་མ་ཚང་སྟེ། ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་བ་ཞེས་དོན་དངོས་ནི། བརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་། ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་པའི་ཕྱིར་གསུངས་པ་ལྟར་གྱི་ལོ་རྒྱུས་ཡི་གེ་ཞིག་ལ་ཟེར། རྟོགས་བརྗོད་ནི། ཨ་བ་དཱ་ནམ་སྟེ། མ་རྟོགས་པའི་དོན་དཔེ་དང་བཅས་གསལ་བོར་སྟོན་པའི་སྡེ་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ཚུན་རྟོགས་པ་བརྗོད་པའི་སྡེ་ནི། འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་སོ།།

དེས་ན། རྣམ་ཐར་དང་རྟོགས་བརྗོད་གཉིས་ལས་རྟོགས་བརྗོད་ཁྱབ་ཆེ་བ་ཡང་ཤེས་ནུས་ཏེ། རྟོགས་བརྗོད་ལ་རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད་སོགས་ཀྱང་ཡོད་པས་སོ།། སོགས་གསུངས་པའང་གོང་དང་མཐུན་ཏེ། དོན་ལ་རྣམ་ཐར་ལས་རྟོགས་བརྗོད་ཁྱབ་ཆེ་བར་བཞེད་ཅིང་། རྟོགས་བརྗོད་དུ་དམ་པ་ཞིག་གི་ཆོས་སྲིད་གཉིས་ཀའི་བྱ་བ་བྱས་ཚུལ་སྟོན་རིགས་ཤིང་། རྣམ་ཐར་ཡིན་ན་དམ་པ་ཆོས་ཀྱི་བྱ་བ་བྱས་ཚུལ་ཁོ་ན་སྟོན་པ་ལས་འཇིག་རྟེན་པའི་ལས་ཀ་བྱས་སྟངས་དེར་སྟོན་ཚུལ་མེད་པར་གོ་འོང་། དེས་ན་རྣམ་ཐར་ཡིན་ན་རྟོགས་བརྗོད་ཡིན་པས་ཁྱབ་ཅིང་། རྟོགས་བརྗོད་ཡིན་ན་རྣམ་ཐར་ཡིན་པས་ཁྱབ་པ་མེད་པར་གསུངས་པའི་ཤུགས་སུ། རྣམ་ཐར་དང་རྟོགས་བརྗོད་གཉིས་ཀྱི་ཡིན་པ་ཞིག་ཀྱང་གྲུབ་འོང་བས། རྟག་ངུའི་རྟོགས་བརྗོད་འདི་ལྟ་བུ་ནི་རྣམ་ཐར་ཡང་ཡིན་ལ་རྟོགས་བརྗོད་ཀྱང་ཡིན་པར་གོ་ན་སྐྱོན་མི་འཇུག་མོད། ད་དུང་རྣམ་ཐར་དང་རྟོགས་བརྗོད་གཉིས་ལ་རྗོད་བྱེད་ཀྱི་ཐད་ནས་ཁྱབ་ཆེ་ཆུང་ཞིག་ཀྱང་བཞག་ན་མི་ཆོག་པ་མེད་པར་སྣང་། དཔེར་ན་ད་སྔའི་བར་མཇལ་དུ་ཡོད་པའི་རྣམ་ཐར་ཡིན་ན་ཚིགས་བཅད་ཡིན་པའི་ངེས་པ་མེད་པར་མ་ཟད། རྗོད་བྱེད་ཀྱི་ཚིག་ལ་སྙན་ངག་གི་ཉམས་དང་ལྡན་པའི་ངེས་པ་མེད་མོད། རྟོགས་བརྗོད་ཡིན་ན་བཅད་ལྷུག་སྤེལ་གསུམ་གང་གི་སྒོ་ནས་བྲིས་པ་ཞིག་ཡིན་རུང་དེ་ལ་སྙན་ངག་གི་ཉམས་ངེས་པར་ལྡན་པ་མ་ཟད། རྟོགས་བཏགས་དང་འཁྱོག་བརྗོད་ཀྱི་ཉམས་ཀྱིས་ཀྱང་ཚིག་ལ་མཛེས་པ་བྱིན་ཡོད་ཕྱིར། དེ་གཉིས་ཀྱི་ཁྱད་པར་དེ་བརྗོད་བྱ་རྐྱང་བའི་སྟེང་དུ་བཞག་ན་ཅུང་ཁྱབ་ཆུང་བར་འདོད་པ་ནི་རྨོངས་བློར་ཤར་ཚུལ་ལོ།། གཞན་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་རྟོགས་བརྗོད་འདི་ཁྲིད་པའི་སྒྲ་ཞིག་ཁོང་གི་དངོས་སློབ་ཞིང་གཤེགས་པ་རྒན་འཇམ་དབྱངས་གྲགས་པས་ཟིན་བྲིས་སུ་བཏབ་པ༼བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་གྱི་ལྗོན་པ་དང་དེའི་འགྲེལ་བཤད་ཉིན་མོའི་སྣང་བའི་ཤོག་ངོས། ༧༤༽ལས་ཀྱང་། རྟོགས་པ་བརྗོད་པ་ཞེས་པ་ནི་རྣམ་པར་ཐར་བའམ་ཉམས་རྟོགས་ཀྱི་ཡོན་ཏན་ཇི་ལྟ་བུ་ཡོད་པ་དེ་ལ་སྙན་གང་གི་ལམ་ནས་བསྟོད་བྱས་པ་ལ་རྟོགས་པ་བརྗོད་པ་ཟེར་བ་དང་། གཞན་ཡང་།༼ དེབ་འདིའི་ཤོག་ངོས༧༣༽ ལས་ཁོང་གིས། ངས་བལྟས་ན་རྟག་ངུའི་རྟོགས་བརྗོད་འདི་སྙན་ངག་གི་བསྟན་བཅོས་ཡིན་དགོས། རྒྱུ་མཚན་ཅི་རེད་ཅེ་ན། འདིའི་ནང་དུ་དཔེ་རྒྱན་དང་གཟུགས་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་ཡོད་པའི་སྟབས་ཀྱིས་སྙན་ངག་གི་བསྟན་བཅོས་ཟེར་དགོས་ལ། ས་སྐྱ་ལེགས་བཤད་ལྟ་བུ་ལ་མཚོན་ན། སྙན་ངག་གི་བསྟན་བཅོས་ཀྱི་མིང་མི་ཐོགས་ཏེ། རྒྱུ་མཚན་ནི། གཙོ་ཆེ་བ་འབོལ་རྩོམ་བྱས་ཏེ་བརྩམས་པ་ལས་སྙན་ངག་གི་ཚིག་རྒྱན་གཙོ་བྱས་ཏེ་བརྩམས་མེད། དེའི་ཕྱིར་ས་སྐྱ་ལེགས་བཤད་ལ་སྙན་གང་གི་བསྟན་བཅོས་མིང་མི་ཐོགས་སྙམ། ས་སྐྱ་ལེགས་བཤད་སྙན་ངག་གི་བསྟན་བཅོས་ཡིན་ན་ཚིགས་བཅད་ཡོད་ཚད་སྙན་ངག་གི་བསྟན་བཅོས་སུ་འགྱུར་བས་ཧ་ཅང་ཁྱབ་ཆེ་སོང་སྙམ། ཞེས་གསུངས་པར་བསམ་བློ་བཏང་ནའང་རྟོགས་བརྗོད་དང་རྣམ་ཐར་མི་འདྲ་ལུགས་བརྗོད་བྱ་ཁོ་ནས་སྟེང་དུ་མ་ཡིན་པར། རྗོད་བྱེད་ཐོག་ནས་ཀྱང་གཞག་ཏུ་ཡོད་པར་འདོད། གང་གི་ཕྱིར་ཟེར་ན། ད་སྔའི་བར་བོད་རང་གིས་མཁས་པས་བརྩམས་པའི་རྟོགས་བརྗོད་ཡིན་ན་དཔེ་རྒྱན་དང་གཟུགས་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་ཉམས་བཏོད་མེད་པའི་རྟོགས་བརྗོད་ཅིག་གཞག་རྒྱུ་མི་རྙེད་པའི་ཕྱིར་རོ།།

འདིར་ཞར་བྱུང་དུ་ཞུ་རྒྱུར། སྐྱེ་བོ་རེ་འགས་ས་སྐྱ་ལེགས་བཤད་ནི་སྙན་ངག་ཡིན་པར་མ་ཟད། སྙན་ངག་ཚད་མཐོ་ཤོས་ཤིག་ཏུ་བརྩི་དགོས་པར་གསུངས། དེ་ལྟར་ན་ས་སྐྱ་ལེགས་བཤད་ནི་སྙན་ངག་གི་བསྟན་བཅོས་ཤིག་ཏུ་འདོད་རིགས་ཀྱང་། རྗེ་ཞབས་དྲུང་རིན་པོ་ཆེས་ས་སྐྱ་ལེགས་བཤད་སྙན་ངག་གི་བསྟན་བཅོས་ཡིན་ན་ཚིགས་བཅད་ཡོད་ཚད་སྙན་ངག་ཏུ་ཐལ་བའི་ཐལ་བ་འཕེན་པའི་ཤུགས་ལས་སྙན་ངག་གི་བསྟན་བཅོས་སུ་བཞེད་མི་འདུག ད་ལྟའི་བསམ་ལུགས་ལྟར་བྱས་ཀྱང་ས་སྐྱ་ལེགས་བཤད་ནི་བདེན་དོན་བརྗོད་པའི་རྩོམ་ཡིག་ཅིག་ཡིན་པས། སྙན་ངག་གི་བསྟན་བཅོས་སུ་བཞག་ན་མི་འགྲིག་པར་འདོད། དེང་རབས་ཀྱི་སྐད་དུ་བཤད་ན་སྙན་ངག་ནི་འཁྱོག་བརྗོད་རྩོམ་རིག་གམ། ཡང་ན་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་པས་འཕྲུལ་རྟོག་དང་འཆར་ཡན་གྱི་བཟོས་པ་ཞིག་ཡིན་དགོས་སྟབས། ས་སྐྱ་ལེགས་བཤད་དེའི་ཁོངས་སུ་ག་ལ་འདུ་འམ་སྙམ་མོད། འོན་ཀྱང་རྗེ་ཞབས་དྲུང་རིན་པོ་ཆེས་ས་སྐྱ་ལེགས་བཤད་སྙན་ངག་གི་བསྟན་བཅོས་མིན་པའི་རྒྱུ་མཚན་ལ་འབོལ་རྩོམ་གྱི་ལུགས་སུ་བྲིས་ཡོད་པར་གཞི་བཅོལ་བ་དང་། གུས་པའི་རྨོངས་བློར་ས་སྐྱ་ལེགས་བཤད་སྙན་ངག་གི་བསྟན་བཅོས་མིན་པར་བསྒྲུབས་སྟངས་གཉིས་ལ་ཧེ་བག་ཅུང་ཟད་འདུག ཡིན་རུང་ད་དུང་ས་སྐྱ་ལེགས་བཤད་དང་། འགྱུར་རྩོམ་ལ་ཤེས་རབ་སྡོང་བུ་སོགས་ནི། བདེན་དོན་བརྗོད་པའི་རྩོམ་ཡིག་དང་འཁྱོག་བརྗོད་ཀྱི་རྩོམ་ཡིག་གཉིས་ལས་གང་གི་ཁོངས་སུ་གཞག་ན་རིགས་མིན་ཁ་ཚོན་གཅོད་ཐུབ་པའི་ཡུལ་ཞིག་ནི་མ་ལགས་སོ།།

རྟག་ཏུ་ངུའི་རྟོགས་བརྗོད་འདིའི་བརྗོད་བྱ་ནི། མདོར་བསྡུས་ན། ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་འཚོལ་བ་ན། ལུས་ལ་ཆེད་ཆེར་མི་འཛིན། སྲོག་ལ་མི་ལྟ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་མི་གནས་པར་ཡོངས་སུ་བཙལ་བས་ཡོངས་སུ་བཙལ་ཏོ། ། ཞེས་པ་འདིར་མ་འདུས་པ་ཞིག་མེད་པར་སྙམ་ཞིང་། རྟག་ངུའི་ལོ་རྒྱུས་འཁོད་པའི་གཞུང་གང་ཡིན་དྲི་ན། ༼བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བའི་ཤོག་ངོས། ༢༡༦ ༽དེར་བཀོད་པ་ཇི་བཞིན་འདིར་དྲངས་ན། བོད་དུ་འགྱུར་བའི་ཤེར་མདོའི་གྲས་སུ་རྟག་ངུའི་ལོ་རྒྱུས་འཁོད་པ་ནི་ཁྲི་བརྒྱད་སྟོང་པ་དང་། ཉི་ཁྲི། བརྒྱད་སྟོང་པ་གསུམ་ཡིན། སྟོང་ཕྲག་བརྒྱ་བའི་སྐོར་ལ་ལྷ་ས་བཀའ་འགྱུར་དཀར་ཆག་ལས། ཀླུ་སྒྲུབ་ཀྱིས་ཀླུའི་གནས་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ངུ། ཡོངས་གཏད་དེ་ལེའུ་བཞི་ཀླུས་མ་བསྐུར་བས་མ་ཚང་བ། ཕྱིས་ཉི་ཁྲི་དང་བརྒྱད་སྟོང་ནས་ཁ་བསྐང་པའི་ལུགས་ཀྱང་ཡོད་དོ།། ཞེས་མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པའི་སྐབས་སུ་ཀླུ་རྣམས་ཀྱིས་མ་བསྐུར་ཞིང་། ཕྱིས་སུ་ཉི་ཁྲི་སོགས་ནས་ཁ་བསྐང་བའི་གསུང་སྒྲོས་ཤིག་སྣང་མོད་ལྷ་ས་དང་སྡེ་དགེའི་བཀའ་འགྱུར་ལ་མ་བྱུང་། ཁྲི་བརྒྱད་སྟོང་པའི་ནང་ལེའུ་གྱ་ལྔ་བ་རྟག་ཏུ་ངའི་ལེའུ་དང་། གྱ་དྲུག་པ་ཆོས་འཕགས་ཀྱི་ལེའུ་གཉིས་དང་། ཉི་ཁྲིའི་ནང་ལེའུ་དོན་བཞི་བ། རྟག་པར་རབ་ཏུ་ངུ་བའི་ལེའུ་དང་། དོན་ལྔ་བ་ཆོས་ཀྱི་འཕགས་པའི་ལེའུ་གཉིས། བརྒྱད་སྟོང་བའི་ནང་ལེའུ་སུམ་ཅུ་བ་རྟག་ཏུ་ངུ་ཡི་ལེའུ་དང་། སོ་གཅིག་པ་ཆོས་འཕགས་ཀྱི་ལེའུ་བཅས་སུ་རྟག་ཏུ་ངུའི་ལོ་རྒྱུས་ཆ་ཚང་བ་རེ་འཁོད་འདུག ཅེས་དང་ཡང༼བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ། ༽ལས་ཤེར་མདོ་དེ་དག་དུས་རབས་ག་ཙམ་ནས་བོད་དུ་བསྒྱུར་བའི་མགོ་ཚུགས་པ་དང་། དེ་དག་སྒྱུར་མཁན་གྱི་ལོ་ཙཱ་བ། དེ་དག་ཏུ་བསྟན་པའི་ཚིག་འགྲོས་མི་མཐུན་པའི་སྐོར་ཅུང་ཟད་ཞིབ་མོར་འཁོད་འདུག་ཀྱང་། འདི་རུ་དེ་དག་བསྐྱུངས་པར་བྱས་ཀྱང་། ཤེས་འདོད་པ་དག་གིས་དེབ་དེའི་ཤོག་ངོས༢༡༦ ༢༡༧ ༢༡༨སོགས་སུ་གཟིགས་པར་ཞུ། གཞན་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ༼གསེར་ནག་གི་ཕྲེང་བ༽རུ་འཁོད་པའི་རྟག་ངུའི་ལོ་རྒྱུས་དང་རྟོགས་བརྗོད་འདིའི་ཁུངས་ལ༼བོད་ཀྱི་རྩོམ་རིག་གི་བྱུང་བརྗོད་པ་རབ་གསལ་མེ་ལོང་ཞེས་བྱ་བ༽ལས་བསྟན་པ་དང་ཁྱད་པར་མ་མཐོང་ངོ་། །

གོང་ནས་བསྟན་བཅོས་འདིའི་མཚན་བྱང་ལ༼བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་ལྗོན་པ༽ཞེས་པའི་ཚེ་ན་སྙན་དངགས་ཀྱི་འབྲི་ཚུལ་འདི་དང་ང་ཚོས་ནམ་རྒྱུན་སྙན་ངག་ཅེས་འབྲི་ལུགས་འདི་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྙན་ངག་ཅེས་པའི་བརྡ་འདི་སྙན་ངག་གི་གཞུང་ལ་སྦྱོར་དགོས་པ་དང་། སྙན་དངགས་ཞེས་པའི་བརྡ་འདི་སྙན་ངག་གི་གཞུང་མ་ཡིན་པའི་རྟག་ངུའི་རྟོགས་བརྗོད་ལྟ་བུའི་སྙན་ངག་གི་བསྟན་བཅོས་ལ་སྦྱར་དགོས་པར་གསུང་མཁན་སྐོར་ཞིག་དང་། ཡང་ན་སྙན་ངག་ནི་བརྡ་གསར་དང་སྙན་དངགས་ནི་བརྡ་རྙིང་དུ་འདོད་ནས། དེ་གཉིས་ལ་བརྡ་གསར་རྙིང་གི་ཁྱད་པར་ཙམ་ལས་གང་ཡང་མེད་པར་འདོད་མཁན་གྱི་མཁས་པའང་ཡོད། ༼བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་སྙན་དངགས་དཔག་བསམ་ལྗོན་པ་དང་དེའི་འགྲེལ་བཤད་ཉིན་མོའི་སྣང་བའི་ཤོག་ངོས།༧༥༽ཞེས་པའི་དེབ་ཏུ། ངག་དང་དངགས་ནི་བརྡ་གསར་རྙིང་གི་ཁྱད་ཡིན་ཏེ། བརྡ་རྙིང་ལ་སྙན་དངགས་ཟེར་བ་དང་། བརྡ་གསར་ལ་སྔོན་འཇུག་ད་དང་ཡང་འཇུག་ས་བླངས་ཏེ་སྙན་ངག་ཟེར་བ་ཡིན། བརྡ་གསར་རྙིང་གི་ཁུངས་གང་ན་ཡོད་ཅེ་ན། མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ་ཞེས་པར་ཡོད། དེ་ཡང་གཞུང་དེར། དངགས་ཞེས་བྱ་བ་ནི་ཐ་སྙད་ཅེས་བྱ་བའི་བརྡ་རྙིང་ངོ་།། ཞེས་ལུང་དྲངས་འདུག་མོད། ཁུངས་བྱེད་པའི་དཔེ་ཆའི་ཤོག་ངོས་སོགས་མི་གསལ་ལོ།།

གཞན་ཡང་མཚམས་འདིར་ཤེས་པར་བྱ་བ་ལ། སྙན་ངག་དང་ཚིག་རྒྱན་གཉིས་ལ་ཁྱད་པར་ཡོད་མེད་དེ་ཅུང་ཟད་གླེང་བར་འདོད། དེང་གི་སྐབས་སུ་རང་དང་འདྲ་བའི་ཐོས་པ་ཤིན་ཏུ་ཆུང་ངུ་རེ་འགས་སྙན་ངག་དང་ཚིག་རྒྱན་གཉིས་དོན་གཅིག་མིང་རྣམ་གྲངས་སུ་འདོད་པ་ཡོད། སྙན་ངག་ནི། ༼བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད་ཅེས་པའི་ཤོག་ངོས། ༨༥༽ན་འཇུ་མི་ཕམ་པའི་སྙན་ངག་གི་མཚན་ཉིད་བཞག་པ་ལུང་དྲངས་པར། ངག་གི་རྒྱུན་གང་ཞིག་སྒྲ་དང་དོན་གྱི་རྣམ་པ་བརྗོད་ཚུལ་མཛེས་ཤིང་ཡིད་དུ་འོང་བའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ལ་སྙན་ངག་ཅེས་དང་། ཡང༼དེབ་དེའི་ཤོག་ངོས།༨༦༽ན་བསེ་ཚང་བློ་བཟང་དཔལ་ལྡན་གྱིས། སྤྱིར་སྙན་ངག་ཅེས་པ་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་ལ་ཟེར། ཞེས་དང་། ༼ དེབ་དེའི་ཤོག་ངོས། ༨༥༽ན་བོད་མཁས་པས། སྤྱིར་སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག ཅེས་འཁོད་འདུག

ཚིག་རྒྱན་ནི། ༼སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོའི་ཤོག་ངོས། ༡༥༽ ན། ཇི་ལྟར་སྦྱར་ན་མཁས་པ་དེ་དག་གིས་ནི་སྙན་ངག་གི་ལུས་ནི་མིང་ཚིག་ཡི་གེ་ཚོགས་པའི་རང་བཞིན་ངག་གི་རྒྱུན་དང་། དེ་མཛེས་པར་བྱེད་པའི་རྒྱན་གྱི་རྣམ་གྲངས་ཀྱང་རབ་ཏུ་བསྟན་པ་ཡིན་ནོ།། ཞེས་དང་། ཤ་བོ་ཚེ་བརྟན་གྱིས་བསྒྲིགས་པའི༼བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུས་ཀྱི་ཤོག་ངོས།༩༢༽ན། རྗེའི་གསུང་ཞིག་དྲངས་པར། དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི།། མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ།། ཞེས་གསུངས་པ་སོགས་ཀྱིས། སྙན་ངག་ནི་རྗོད་བྱེད་ཚིག་སྙན་ལ་བརྗོད་བྱ་དོན་གྱི་ལུས་མཛེས་པར་བྱེད་པའི་རྒྱན་གྱིས་བརྒྱན་པ། སྒྲ་དོན་གང་གི་སྐྱོན་སེལ་བ་ལ་སོགས་པའི་ཁྱད་ཆོས་རྫོགས་ཤིང་གྲུབ་པའི་འབྲས་བུར་གཞན་གྱི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་གི་རྒྱུན་ཞིག་ལ་བསམ་རིགས་ཤིང་། ཚིག་རྒྱན་ནི་སྙན་ངག་གི་ལུས་མཛེས་པར་བྱེད་པའི་ཐབས་ཙམ་ལ་གོ་བ་ཡིན་པས། འདི་གཉིས་གཅིག་ཏུ་འཛིན་པ་ནི་ལུས་ཀྱི་ཆ་ཤས་ལུས་ལ་འཁྲུལ་བ་ལྟ་བུ་ཡིན་པ་ཤེས་པར་བྱའོ།།

 

ཟུར་ཞུ། རྩོམ་འདི་ཆ་ཚང་འདིར་བཀོད་མེད།