དགེ་འདུན་རབ་གསལ་གྱིས།

དང་པོ།  ད་ལྟའི་བསྟན་རྩིས་རེའུ་མིག་འགའ་ཡི་ངོ་སྤྲོད།

ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་(1910-1985)ཀྱིས་བརྩམས་པའི་ “བསྟན་རྩིས་ཀུན་ལས་བཏུས་པ་”ཞེས་པའི་མཇུག་རྩོམ་དུ། “མཁས་པའི་དབང་པོ་ཧ་ས་བཛྲ་ཡི།།  བསྟན་རྩིས་རེའུ་མིག་རྒྱས་པར་གྲགས་པ་སོགས།” ཞེས་གསུངས་ཏེ་སྔ་རབས་ཀྱི་ཡིག་ཆ་རྣམས་ཁུངས་སུ་དྲངས་ཡོད།  སྔ་རབས་ཀྱི་བསྟན་རྩིས་ཡིག་ཆ་གང་དང་གང་ཡོད་སྐབས་འདིར་གླེང་བར་མི་བྱ་མོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་(1523-1596)བསྟན་རྩིས་གསལ་བའི་ཉིན་བྱེད་ལྟ་བུ་ཚིག་ལྷུག་གི་བསྟན་བཅོས་དང་། འཇུ་མི་ཕམ་(1846-1912)གྱིས་མཛད་པའི་བསྟན་རྩིས་ཉེར་མཁོ་ཞེས་བྱ་བ་ལྟ་བུའི་ཚིགས་སུ་བཅད་པ་སོགས་ཅི་རིགས་པ་ཞིག་འབྱུང་ཞིང་།  དེ་དག་ལས་བཏུས་པ་དེ་སྟོན་ཕྱིར་ བསྟན་བཅོས་འདིའི་མཚན་བྱང་ལ་ཡང་ “མཉམ་མེད་ཤཱཀྱའི་རྒྱལ་བོ་འདས་འཁྲུངས་ཀྱི་ལོ་ཚིགས་གཙོར་གྱུར་པའི་བསྟན་རྩིས་ལོ་སུམ་སྟོང་ཙམ་གྱི་རེའུ་མིག་གི་རྣམ་གཞག་མཐོང་ཚད་ཀུན་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ།།” ཞེས་མཐོང་ཚད་ཀུན་ལས་བཏུས་པ་ཞེས་པའི་ཚིག་འདི་སྤྱད་ཡོད།  ཁོང་གིས་ “བསྟན་རྩིས་ཀུན་བཏུས་”ཀྱི་མཇུག་བྱང་དུའང་། “མཁས་པའི་དབང་པོ་ཧ་ས་བཛྲ་ཡི།།  བསྟན་རྩིས་རེའུ་མིག་རྒྱས་པར་གྲགས་པ་སོགས།། བོད་གཞུང་ལག་ཏུ་ཆུད་ཚད་བསྟན་རྩིས་ལས།། ཕལ་ཆེར་གཅིག་ཀྱང་ལུས་པ་མེད་པར་བཀོད།།”ཞེས་ཀྱང་གསུངས་ཡོད།

འདིར་ཚེ་ཏན་ཞབས་དྲུང་ཚང་གིས་གསུངས་པའི་ “མཁས་པའི་དབང་པོ་ཧ་ས་བཛྲ་”ཞེས་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ (1648-1721) ཡིན་ཞིང་། ཁོང་གི་གསུང་འབུམ་ཀ་པའི་ཁོངས་སུ་བཞུགས་པའི་ “བསྟན་རྩིས་རེ་མིག་བཀོད་པ་བཞུགས་སོ་”ཞེས་པའི་མཚན་བྱང་ཅན་དེ་ནི་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༧༡༦ ལོར་བརྩམས་ཞེས་མཇུག་བྱང་དུ་གསལ།  བསྟན་རྩིས་དེར་སྣ་རིང་ཤོག་ལྡེབ་ཉེར་དྲུག་ཡོད་ཅིང་། རབ་བྱུང་དང་པོ་མགོ་ཚུགས་པའི་མེ་ཡོས་ཏེ་ཕྱི་ལོ་ ༡༠༢༧ ནས་མགོ་བཙུགས་ཏེ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག་ལོ་སྟེ་ཕྱི་ལོ་ ༡༧༡༥ བར་ཏེ་ལོ་ངོ་ ༦༨༨ ཀྱི་རེའུ་མིག་འཁོད་ཡོད།

བསྟན་རྩིས་རེ་མིག་ བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤིང་པར་མའི་ཤོག་ངོས་དང་པོ།

ཚེ་ཏན་ཞབས་དྲུང་ཚང་གིས་ “བསྟན་རྩིས་ཀུན་བཏུས་”ཀྱི་རེའུ་མིག་གང་སར་ཁུངས་ལུང་སྟོན་པའི་བསྟན་བཅོས་རྣམས་ཀྱི་མཚན་བྱང་འགོད་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས་འདི་གཞི་འཛིན་བྱས་པ་སོགས་ཀྱི་གནས་ཚུལ་རྣམས་ཁ་གསལ་དུ་བཀོད་ཡོད་ཅིང་། རེའུ་མིག་འདི་འདྲ་ཞིག་རྩོམ་དགོས་པའི་ཀུན་སློང་དེ་ཡང་བསྟན་བཅོས་འདི་འདྲ་ལ་གཟིགས་ནས་བྱུང་ཡོད་ཆེའོ་དྲན།

འདིར་ཀུན་མཁྱེན་གྱི་བསྟན་རྩིས་དང་བསྟན་རྩིས་ཀུན་བཏུས་གཉིས་བསྡུར་ཆེད་ཕྱི་ལོ་ ༡༠༢༧ ལོའི་རེའུ་མིག་དཔེར་དྲངས་ན།


འདིར་ཡང་ཚེ་ཏན་ཞབས་དྲུང་ཚང་གིས་ཀུན་མཁྱེན་བསྟན་རྩིས་ལ་ཁུངས་མཛད་པ་གསལ་བ་དེ་ལྟར་རོ།།

༡༩༨༠ ལོ་ཚུན་ནས་པར་སྐྲུན་བྱས་པའི་དེང་རབས་ཀྱི་དཔེ་ཆའི་ཁྲོད་དུའང་ལོ་ཚིགས་རེའུ་མིག་ཅན་པར་སྐྲུན་བྱས་པ་འགའ་འབྱུང་ཞིང་། པར་སྐྲུན་བྱས་པའི་ལོ་ལ་རྩ་འཛིན་བྱས་ཚེ།  སྔ་ཤོས་དེ་ ༡༩༨༢ ལོའི་“བསྟན་རྩིས་ཀུན་ལས་བཏུས་པ།”དང་། དེའི་རྗེས་སུ་ ༡༩༨༥ ལོའི་“བོད་རྒྱ་ཚིག་མཛོད་ཆེན་མོ།”  དེ་ནས་༢༠༠༢ ལོའི་“དུང་དཀར་ཚིག་མཛོད་ཆེན་མོ།” དེ་ནས་རྒྱ་གར་ནས་པར་སྐྲུན་བྱས་པའི་ ༢༠༡༠ ལོའི་ “བོད་ཀྱི་ཚིག་མཛོད་ཆེན་མོ།”   ༢༠༡༢ ལོའི་“བོད་ཡིག་ཚིག་གཏེར་རྒྱ་མཚོ།” བཅས་དེབ་ལྔ་འདུག    དེ་བཞིན། ཧོང་རྨིན་ཞིན་དང་ཞེ་ཧྲུའུ་ཅིང་གཉིས་ཀྱིས་བསྒྲིགས་ཤིང་ ༢༠༠༠ ལོར་པར་བཏབ་པའི་ “བསྟན་རྩིས་ཀ་ཕྲེང་ལག་དེབ་”དང་།  བོན་བརྒྱ་དགེ་ལེགས་རྒྱ་མཚོས་བརྩམས་ཤིང་ ༢༠༠༩ ལོར་པར་སྐྲུན་བྱས་པའི་ “རིས་མེད་བསྟན་རྩིས་”གཉིས་ནི་རེའུ་མིག་མིན་ན་ཡང་བརྗོད་བྱ་གཅིག་པའི་གྲས་གཉིས་བཅས་ཁྱོན་བསྡོམས་བསྟན་བཅོས་ ༧ མཇལ་བྱུང་།  དེས་ན་བསྟན་རྩིས་ཀུན་བཏུས་ལ་བསྟན་བཅོས་སྔ་མ་རྣམས་ཀྱིས་ཕན་ཐོགས་པ་ཇི་བཞིན། ཕྱིས་ཀྱི་བསྟན་བཅོས་རྣམས་ལའང་བསྟན་རྩིས་ཀུན་བཏུས་ཀྱིས་ཕན་ཐོགས་པ་ནི་སྨྲོས་མ་དགོས།

 

བོད་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་གང་ཞིག་རྩོམ་ནའང་ལུང་འདྲེན་སྐབས་བསྟན་བཅོས་གང་ནས་ལུང་དྲངས་པ་དེ་དང་དེའི་མཚན་ནས་སྨྲོས་ཏེ་གསལ་བཤད་བྱེད་པའམ་ཤོག་གྲངས་དང་བཅས་པའི་ཁུངས་འདྲེན་པའི་ཕྱག་སྲོལ་ཆེན་པོ་མེད་སྟབས།  ལོ་ཚིགས་རེའུ་མིག་འདི་ལྟ་བུ་ལ་ཆ་བཞག་ནའང་མཁས་པ་སུ་ཞིག་གིས་བརྗོད་བྱ་གང་ཞིག་ཐོག་མར་བརྩམས་པ་དང་། མཁས་པ་སུ་ཞིག་གིས་བརྗོད་བྱ་གང་ཞིག་ཕབ་བཤུ་བྱས་པའི་ཁུངས་འཚོལ་རྒྱུ་ནི་ཅི་ནས་ཀྱང་དཀའ་ངེས་པའི་ལས་ཤིག་རེད།  འོན་ཀྱང་ “བོད་རྒྱ་ཚིག་མཛོད་ཆེན་མོ་”དང་ ངམ་རིང་བློ་བཟང་བསྟན་དར་གྱི་ “བོད་ཀྱི་ཚིག་མཛོད་ཆེན་མོ་”གཉིས་སུ་ “བསྟན་རྩིས་ཀུན་བཏུས་”དཔྱད་གཞིར་བཟུང་བའི་སྐོར་གསལ་བཤད་དམ་དཔྱད་གཞིའི་ཡིག་ཆའི་ཁོངས་སུ་གསལ་འདུག

 

གཉིས་པ། རྩོམ་ཡིག་འདི་ཅིའི་ཕྱིར་བྲིས།

རྩོམ་ཡིག་འདིར་ཉེ་རབས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་གཉིས་ཀྱི་གསུང་རྩོམ་ཁག་གཉིས་ལ་དཔྱད་བསྡུར་བྱས་ཡོད།  དེ་ནི་ཚེ་ཏན་ཞབས་དྲུང་ཚང་གི་ “བསྟན་རྩིས་ཀུན་ལས་བཏུས་པ་”དང་།  དུང་དཀར་ཚིག་མཛོད་ཆེན་མོར་འཁོད་པའི་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”གཉིས་ཡིན།  དེ་ཡང་“ལོ་ཚིགས་དྭངས་ཤེལ་མེ་ལོང་”གིས་“བསྟན་རྩིས་ཀུན་ལས་བཏུས་པ་”དཔྱད་གཞིའི་ཡིག་ཆའམ་ཟུར་ལྟའི་ཡིག་ཆ་ཡིན་ཞེས་དངོས་སུ་མ་གསུངས་པ་མ་ཟད།  བསྟན་བཅོས་འདི་གཉིས་ཀྱི་ལོ་ཚིགས་ཀྱི་རེའུ་མིག་ཕོན་ཆེན་པོ་ཞིག་གཅིག་མཚུངས་ཡིན་པ་དང་།  ད་དུང་ཚེ་ཏན་ཞབས་དྲུང་ཚང་གི་ཐུགས་བཞེད་དང་ཐུགས་ཚོར་ལ་བརྩིས་མེད་ཀྱིས་གང་བྱུང་བཅོས་སྒྲིག་བྱས་པ་ལྟ་བུའི་སྣང་ཚུལ་ཞིག་འདུག་པ་དེ་གསལ་འདོན་བྱས་ཡོད།

དེས་ན་རྩོམ་ཡིག་འདི་ནི་དོན་དངོས་སུ་བསྟན་བཅོས་དེ་གཉིས་ཀྱིས་ལོ་ཚིགས་སམ་ལོ་རེའི་དོན་ཆེན་རེའུ་མིག་རྣམས་བཀྲལ་སྐབས། ཕན་ཚུན་འདྲ་བ་ཅི་ཡོད་པ་དང་མི་འདྲ་བ་ཅི་ཡོད་པ་དེ་དག་ལ་དབྱེ་ཞིབ་ཕྲན་བུ་བྱས་ཏེ་གསལ་བཤད་བྱེད་པའི་འབད་བརྩོན་ཞིག་ཡིན།  འདིར་གསལ་པོར་བཤད་རྒྱུ་ཞིག་ལ་རྩོམ་ཡིག་འདིས་མཁས་པའི་བཟང་ངན་རྩོད་ཀྱི་མེད་ལ།  མཁས་པ་གང་ཞིག་བདེན་མིན་གྱི་དབྱེ་ཞིབ་ཀྱང་བྱེད་ཀྱི་མེད། དེར་བརྟེན་གུས་པས་རྩོམ་འདི་ལ་བརྟེན་ནས་དུང་དཀར་བློ་བཟང་འཕྲིན་ལས་ཚང་གི་མཁྱེན་པ་ལ་དྭོགས་འདྲི་བྱེད་ཀྱིན་མེད་ལ། ཁོང་གིས་ “བསྟན་རྩིས་ཀུན་ལས་བཏུས་པ་”ལ་མ་བརྟེན་པར་“ལོ་ཚིགས་དྭངས་ཤེལ་མེ་ལོང་”ཞེས་པ་འདི་རྩོམ་ཐུབ་པའི་ནུས་པ་དེ་ཡང་ངོས་འཛིན་ཞུ་རྒྱུ་མ་ཟད་དེ་ལ་གུས་ཞབས་ཀྱང་ཞུ་བཞིན་ཡོད།

ཡང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་(1927-1997)གིས་གསུང་གང་ཞིག་ཏུ་ “བསྟན་རྩིས་ཀུན་ལས་བཏུས་པ་”ནི་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”གི་མ་ཡིག་གམ་དཔྱད་གཞིའི་ཡིག་ཆ་ཡིན་པ་དང་།  དེ་ལ་བརྟེན་ནས་“ལོ་ཚིགས་དྭངས་ཤེལ་མེ་ལོང་”དུའང་ལུང་འདྲེན་པ་དང་། རྩོད་པ་སློང་བའམ་རྩོད་པ་སྤོང་བ། དགག་བཞག་བྱེད་པ་སོགས་མཛད་ཡོད་ཅེས་གསུངས་ཡོད་ཚེ་ཕྲན་གྱི་རྩོམ་ཐུང་འདིའི་རིན་ཐང་ཇེ་ཆུང་ལ་འགྲོ་བ་སྨྲོས་མེད་ཡིན།

ད་དུང་ཕྲན་ལ་དུང་དཀར་ཚིག་མཛོད་ཆེན་མོ་དེ་ཉིད་དང་། ལ་རྩེའི་གསར་འཕྲིན་དུ་འཁོད་པའི་དུང་དཀར་རིན་པོ་ཆེའི་རྣམ་ཐར་ལྟ་བུ་རེ་ཟུང་མ་གཏོགས་དཔྱད་གཞིའི་ཡིག་ཆ་མ་ཐོབ་སྟབས།  གཤམ་དུ་འབྱུང་བའི་རྩོད་པ་འདི་དག་ནི་དུང་དཀར་རིན་པོ་ཆེ་ཉིད་ལ་ཐུག་ཡོད་ཅེས་ནམ་ཡང་ཞུ་མི་སྤོབས།

དེ་ནས་དུང་དཀར་ཚིག་མཛོད་ཆེན་མོ་པར་སྐྲུན་བྱེད་པོ་དག་དང་། དེའི་རྩོམ་སྒྲིག་ལྷན་ཚོགས། ཚིག་མཛོད་རྩོམ་སྒྲིག་ལས་རོགས་བཅས་ཀྱིས་གཤམ་དུ་བྲིས་པའི་གསལ་བཤད་འདི་དག་ལ་སླར་ཡང་དགོངས་བཞེས་ཤིག་གནང་རྒྱུ་ནི་གལ་ཆེའོ་ཞེས་ཀྱང་དྲན་ནོ།།

དུང་དཀར་ཚིག་མཛོད་ཆེན་མོ་པར་སྐྲུན་གྲུབ་རྗེས། དེར་ཞུ་སྒྲིག་གི་སྐབས་སུ་འཐུས་ཤོར་ཕྱིན་པའི་གླེང་སློང་བྱུང་བ་ཡང་ཐོས་ཤིང་། དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་གྱི་སྐབས་སུ་ཁོང་ངོས་འཛིན་མཛད་མཁན་གྱི་བླ་མ་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོ་ཡིན་པར་གསུངས་པ་ལྟ་བུའི་ནོར་འཁྲུལ་ཡོད་པའང་འདིར་མཁྱེན་རྟོགས་གནང་རོགས་ཞེས་ཞུ་འདོད་བྱུང་[2]།

དེ་ནས་ཚེ་ཏན་ཞབས་དྲུང་ཚང་གིས་ “ཚེགས་ལ་མ་བལྟོས་སྟོང་ཕྲག་གསུམ་གྱི་ལོའི།།  རེའུ་མིག་བཀོད་ལ་དགེ་མཚན་འབུམ་གྱིས་ཕྱུག།” ཅེས་དང་། “ནམ་ཞིག་གྲུབ་ཚར་བ་ན་གངས་ཅན་བྷོ་ཊའི་ལོ་རྒྱུས་དང་རིག་གནས་ཀྱི་བང་མཛོད་དུ་སྔ་ན་མེད་པའི་གཅེས་པའི་ནོར་གྱི་ཕུང་པོ་ཞིག་བསྐྲུན་པའི་རློམ་སེམས་གདའོ།།”ཞེས་སྤོབས་པ་མཛད་པའི་བསྟན་བཅོས་འདི་ཉིད་ལ་དེ་ལ་འོས་ཤིང་འཚམས་པའི་ངོས་འཛིན་ཞིག་གནང་རྒྱུ་ནི་རིག་པ་སྨྲ་བར་ཁས་འཆེ་བ་རྣམས་ཀྱིས་བྱེད་འོས་པ་ཞིག་རེད་ཅེས་ཀྱང་ཞུའོ།།

གསུམ་པ། བསྟན་རྩིས་ཀུན་ལས་བཏུས་པ།

ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་ ༡༩༧༨ ལོར་བརྩམས་པའི“བསྟན་རྩིས་ཀུན་ལས་བཏུས་པ་”ཞེས་དབུ་བྱང་དུ་འཁོད་པ་དེར་ཕྱི་ལོ་སྔོན་གྱི་ལོ་ ༡༠༡༤ ནས་མགོ་ཚུགས་ཏེ་ཕྱི་ལོ་ ༡༩༩༦ བར་གྱི་ལོ་རེའི་རེའུ་མིག་བཀོད་ཡོད་ཅིང་།   དེ་ལ་ལོ་ ༣༠༠༠ གི་ལོ་ཚིགས་རེའུ་མིག་བཀོད་ཡོད།  འོན་ཀྱང་ལོ་རེའི་གནས་ཚུལ་འགོད་པ་མཐའ་མ་དེ་ནི་ཕྱི་ལོ་ ༡༩༨༢ ཆུ་ཁྱི་ལོ་ནས་མཇུག་བསྒྲིལ་ཡོད།  དེབ་འདི་ ༡༩༨༢ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་།  དེར་ཤོག་ངོས་ ༣༣༢ ཡོད།  པར་སྐྲུན་གྱི་ལོ་འདི་ནི་ རྩོམ་པ་པོ་དགོངས་པ་མ་རྫོགས་པའི་ལོ་གསུམ་གྱི་སྔོན་ལ་ཡིན།

ཚེ་ཏན་ཞབས་དྲུང་ཚང་གིས་འདིའི་མཇུག་རྩོམ་དུ། “རང་ལོ་ལྔ་བཅུ་རྩ་འགའ་ནས་མགོ་བརྩམས་ཏེ་ཐོར་བཀོད་པ་ཕྱིས་སུ་་་་་་ཡི་གེ་བ་་་་དགེ་བསྙེན་རིག་འཛིན་ཚེ་རིང་དཔལ་ལྡན་རྡོ་རྗེ་(ཡིས་)་་་་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ང་གཉིས་པ་ས་ཕོ་རྟ་ཡི་ལོར་་་་་བྲིས་”[3]ཞེས་འབྱུང་།  དེ་ལྟར་ན་རྩོམ་པ་པོ་དགུང་ལོ་ ༥༠ ཕེབས་པ་ ༡༩༦༠ རེ་གྲངས་ནས་བསྟན་བཅོས་འདི་རྩོམ་པའི་ལོ་སྟེ་ ༡༩༧༨ བར་གྱི་མི་ལོ་སུམ་ཅུ་ཙམ་མ་ཟིན་ཙམ་ལ་འབད་པ་བྱས་པའི་འབྲས་བུ་ཡིན།  རྩོམ་འདིའི་མཇུག་བྱང་དུ་ཡང་བསྟན་བཅོས་འདིར་ཅི་ཞིག་ཚུལ་ཇི་ལྟར་བཀོད་པའི་ཚུལ་སྟོན་པ་ཁ་ཚང་བར་འདིར་དྲངས་ན།

“ཚུལ་འདི་སྨྲ་ལ་ལྟ་དང་མཐོང་བའི་མིག། རྡོག་ལམ་གསལ་བ་ཙམ་གྱིས་ནུས་རེ་སྐན།།  དཀར་ནག་རྒྱ་དང་བྷོ་ཊའི་ཡི་གེའི་ཚོགས།།  གླང་བོས་ཁུར་བཟོད་གླེགས་བམ་ངོས་ལས་བཤུས།  མཁས་པའི་དབང་པོ་ཧ་ས་བཛྲ་ཡི།།  བསྟན་རྩིས་རེའུ་མིག་རྒྱས་པར་གྲགས་པ་སོགས།། བོད་གཞུང་ལག་ཏུ་ཆུད་ཚད་བསྟན་རྩིས་ལས།། ཕལ་ཆེར་གཅིག་ཀྱང་ལུས་པ་མེད་པར་བཀོད།།  མ་དག་འཁྲུལ་དང་ཡིད་གཉིས་ཟ་བའི་རིགས།། ཀུ་ཤའི་རྩེ་ལྟར་མ་འདྲེས་རྣམ་དཔྱོད་ཀྱིས།།  རིང་དུ་བརྟགས་པའི་མཐའ་རུ་བཀོད་པ་ལས།།  གང་མཐོང་ལག་ཏུ་ཧབ་ཐོབ་བྱས་པ་མིན།།  ཚད་མར་གྱུར་པའི་ཁུངས་དང་མི་ལྡན་ཞིང་།།  ཡང་དག་སྒྲུབ་བྱེད་འགོད་པའི་མཐུ་མེད་པར།།  ལོ་ཟླ་ཞག་དུས་མ་ནོར་སྟོན་པ་དེ།།  བདག་ལྟ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མིན།།  ཚེགས་ལ་མ་བལྟོས་སྟོང་ཕྲག་གསུམ་གྱི་ལོའི།།  རེའུ་མིག་བཀོད་ལ་དགེ་མཚན་འབུམ་གྱིས་ཕྱུག།  ཕྲེང་བ་དང་ནི་སོར་མོ་བགྲངས་པ་ལས།། དྲུག་ཅུའི་ལོ་ཚོགས་ནོར་དང་འདི་མི་འདྲ།། འོན་ཀྱང་རེའུ་མིག་སྟོང་བ་མང་མཆིས་པར།།  མཁས་རྣམས་མ་བརྟགས་ཁྲེལ་དགོད་མཛད་མི་འོས།།  མཐར་ཆགས་བཀོད་པས་ནོར་བའི་སྐྱོན་བྲལ་ཞིང་།།  ཕྱིས་ནས་རྙེད་པ་ཡང་ཡང་སྣོན་པར་འོས།། རྒྱ་གར་ནེ་པ་ལ་དང་སིང་ག་ལའི།། དེང་དུས་མཁས་པས་བརྩམས་པའི་ལོ་རྒྱུས་ཚོགས།།  ཙི་ནའི་ཡི་གེར་བསྒྱུར་པའི་གཞུང་ལས་ཀྱང་།། ཉེ་བར་མཁོ་བ་མཐའ་དག་བཅུད་དུ་བསྡུས།།  གཙོ་བོ་སྟོན་པའི་བྱོན་ལོ་ལས་དྲངས་ཏེ།།  བསྟན་འཛིན་སྐྱེས་བུའི་འདས་འཁྲུངས་ལོ་ཚིགས་དང་།། ཆོས་རྒྱལ་མེས་དབོན་རིམ་བྱོན་མཛད་པའི་གཙོ།།  ཤེས་ཚད་རེའུ་མིག་དྲ་བར་བཀོད་པ་སྟེ།།  ཞར་ལ་འཇིག་རྟེན་ཁམས་སུ་རབ་གྲགས་ཤིང་།།  མཁས་པའི་ཡན་ལག་མེད་དུ་མི་རུང་བའི།།  ཡ་མཚན་གཏམ་དང་གྲགས་ཆེན་འགའ་ཞིག་གི། ལོ་ཚིགས་བཀོད་པ་དག་ཀྱང་འགལ་ཅི་ཡོད།། ཇི་སྲིད་འཚོ་བའི་འདུ་བྱེད་གནས་བར་དུ།། ད་དུང་འགོད་འོས་རིག་མཐོང་ཅི་མཆིས་པ།།  འགོད་པའི་དམ་བཅའ་གཞར་ཡང་མི་འདོར་བས།། གང་བསམས་ཡིད་བཞིན་འགྲུབ་པར་སྙིང་ནས་སྨོན།།  འདིར་འབད་དགེ་བས་ཚུར་མཐོང་སྣང་བའི་ངོར།། ལྔ་སྟོང་བར་དུ་བསྟན་པ་དར་བ་དང་།།  རིས་མེད་སྐྱེ་དགུ་ཕན་བདེའི་དགའ་སྟོན་ལ།། ཚིམ་པ་མེད་པར་རོལ་པའི་བཀྲ་ཤིས་ཤོག།”[4] ཅེས་འབྱུང་།

དེ་ནི་ཁུངས་གང་ཞིག་ནས་བླངས་པ་དང་།  དཔྱད་ཞིབ་ཇི་ལྟར་མཛད་པ། ཁོང་གི་དཀའ་ཚེགས།  ད་དུང་མ་འོངས་པར་ཁ་སྣོན་བྱེད་ཕྱོགས་བཅས་སྟོན་པ་ཞིག་རེད། ཡང་ཇི་ལྟར་བརྩམས་ཚུལ་སྐོར་རང་རྣམ་ལས།

“ལོ་མང་རབས་ཤིག་གི་སྔོན་ནས་བསྟན་རྩིས་རེའུ་མིག་རྒྱས་པ་ཞིག་འབྲི་རྩིས་ཀྱིས་དེབ་ཐོག་ཏུ་ཐོ་འགོད་བྱས་པ་ལོ་སྔ་ཕྱི་འདིར་བསྟན་བཅོས་ལུགས་སུ་བྲིས་ཏེ་མགོར་གླེང་གཞི་དང་མཇུག་ཏུ་སྦྱར་བྱང་།  རྒྱབ་ཡིག་ཏུ། མཉམ་མེད་ཤཱཀྱའི་དབང་བོ་འདས་འཁྲུངས་ཀྱི་ལོ་ཚིགས་གཙོར་གྱུར་བའི་བསྟན་རྩིས་ལོ་སུམ་སྟོང་ཙམ་གྱི་རེའུ་མིག་གི་རྣམ་གཞག་མཐོང་ཚད་ཀུན་ལས་བཏུས་པ་ཞེས་བྱ་སྟེ། ལོ་སྟོང་ཕྲག་གསུམ་གྱི་རེའུ་མིག་ཅན་རྒྱ་དཀར་ནག་སིངྒ་ལ་འབར་མ་བལ་པོ་རྣམས་ཀྱི་ལོ་རྒྱུས་ཀྱི་ཡི་གེ་ལས་ཉེར་མཁོ་རྣམས་དང་།  རང་རེ་བོད་ཀྱི་བསྟན་རྩིས་སྐོར་དང་རྣམ་ཐར་ལོ་རྒྱུས་མཐོང་ཚད་ལས་བཏུས་ཏེ་རེའུ་མིག་གཞི་ཆེ་བ་རྣམས་ལོ་འདིར་བྲིས་ཚར་བའི་ཁུལ་དང་།  ད་དུང་གང་མཐོང་ཇི་སྲིད་འཚོ་ཡི་བར་བྲིས་ནས་སྣོན་པའི་རླབས་ཆེ་བའི་བསམ་པ་ནི་དབྱར་མཚོའི་དཔལ་ལ་འགྲན་པ་བཞིན་དུ་མཆིས་ཏེ། ནམ་ཞིག་གྲུབ་ཚར་བ་ན་གངས་ཅན་བྷོ་ཊའི་ལོ་རྒྱུས་དང་རིག་གནས་ཀྱི་བང་མཛོད་དུ་སྔ་ན་མེད་པའི་གཅེས་པའི་ནོར་གྱི་ཕུང་པོ་ཞིག་བསྐྲུན་པའི་རློམ་སེམས་གདའོ།།”[5]

ཞེས་གསུངས་ཏེ་བསྟན་རྩིས་འདི་ནི་ཁོང་གིས་གངས་ཅན་བོད་ལ་ཕུལ་བའི་གཅེས་ནོར་ཞིག་ཡིན་པའི་སྤོབས་པ་མཛད་ཡོད། དེ་ལྟར་ན་བསྟན་རྩིས་ཀུན་བཏུས་འདི་ནི་ཚེ་ཏན་ཞབས་དྲུང་ཚང་གིས་སྐུ་ངལ་འཛེམས་མེད་ཀྱིས་ཡུན་རིང་པོར་གསོག་སྒྲུབ་མཛད་པའི་ལོ་རྒྱུས་ཀྱི་རེའུ་མིག་ཅིག་ཡིན་ལ།  ཁོང་གིས་གསུངས་པ་ལྟར། དཀའ་ངལ་ཆེན་པོས་ “གངས་ཅན་བྷོ་ཊའི་ལོ་རྒྱུས་དང་རིག་གནས་ཀྱི་བང་མཛོད་དུ་སྔ་ན་མེད་པའི་གཅེས་པའི་ནོར་གྱི་ཕུང་པོ་ཞིག་བསྐྲུན་”པ་རེད།

 

བཞི་པ། “ལོ་ཚིགས་དྭངས་ཤེལ་མེ་ལོང་”དང་། དེ་ལས་འཕྲོས་ཏེ་བསྟན་རྩིས་ཀུན་བཏུས་གླེང་བ།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི་་དུང་དཀར་ཚིག་མཛོད་ཆེན་མོར་འཁོད་པའི་ལོ་ཚིགས་རེའུ་མིག་གི་མཚན་བྱང་ལ་ “ལོ་ཚིགས་དྭངས་ཤེལ་མེ་ལོང་བཞུགས་སོ་”ཞེས་འཁོད་ལ།  དེ་ནི་ཕྱི་ལོའི་གོང་ ༣༠༨༥ ནས་མགོ་བཙུགས་འདུག  འོན་ཀྱང་ལོ་ཚིགས་རྣམས་བར་མ་ཆད་པར་བསྟུད་མར་འགོད་པ་དེ་ཕྱི་ལོ་ ༡ ལོ་སྟེ་ལྕགས་བྱ་ནས་མགོ་བཙུགས་འདུག་ལ། དེ་ནས་ ༡༩༩༧ ལོར་རྩོམ་པ་པོ་དགོངས་པ་རྫོགས་པའི་བར་དུ་འཁོད་འདུག   དེ་ལ་ཕྱི་ལོའི་སྔོན་གྱི་ལོ་ ༢༡༢  བསྣན་ན་ཁྱོན་བསྡོམས་ལོ་ ༢༢༠༩ ཙམ་གྱི་རེའུ་མིག་འཁོད་ཡོད། དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་  ༢༢༠༦ ནས་༢༣༨༥ བར་ཏེ་ཁྱོན་བསྡོམས་དེབ་དེའི་ཤོག་ངོས་༡༧༩ ཡོད།

དུང་དཀར་རིན་པོ་ཆེ་ནི་ཚེ་ཏན་ཞབས་དྲུང་ཚང་ལས་དགུང་ལོ་ ༡༧ ཙམ་གྱིས་གཞོན་ཞིང་། རིག་གནས་གསར་བརྗེའི་མཇུག་ཏུ་མཁས་པའི་སྙན་པ་དང་འཕྲིན་ལས་ཧ་ཅང་རྒྱས་ཏེ། “བོད་ཀྱི་མཁས་པ་མི་གསུམ་”ཞེས་པའི་གྲས་ལའང་བརྩི་བཞིན་འདུག ད་དུང་རྩོམ་པ་པོ་འདི་གཉིས་ཀྱིས་རིག་གནས་བརྗེ་སོགས་ཀྱི་ལས་འགུལ་བརྒྱུད་མྱོང་བའང་གཅིག་མཚུངས་ཡིན།   ཁོང་གིས་ཀྱང་བསྟན་རྩིས་རེའུ་མིག་དེ་རྩོམ་རྒྱུར་ཡུན་རིང་འགོར་ཡོད་པར་བཤད་ཅིང་།  དེ་ཡང་ཕལ་ཆེར་ལས་གཞི་མགོ་འཛུགས་རྒྱུ་ནི་ཚེ་ཏན་ཞབས་དྲུང་ཚང་གིས་མགོ་བརྩམས་པའི་དུས་ཚོད་དང་འདྲ།

དུང་དཀར་ཚིག་མཛོད་ཆེན་མོར་འཁོད་པའི་ “གླེང་གཞི་”ཞེས་པའི་སྦྱར་བྱང་དུ་ “བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་མིང་འཛིན་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ༡༩༩༥ ལོའི་ཟླ་ ༤ ཚེས་ ༡༩ ལ་”ཞེས་དུས་ཚོད་བཀོད་ཡོད་ཅིང་།  ལོ་འདི་ནི་ “བསྟན་རྩིས་ཀུན་བཏུས་” པར་བཏབ་རྗེས་ཀྱི་ལོ་བཅུ་གསུམ་པ་ཙམ་ཡིན།  འདིར་ཚིག་མཛོད་རྩོམ་པའི་མགོ་ཚུགས་པའི་དུས་ཚོད་ཐད་ལ་

“རྩོམ་སྒྲིག་བྱེད་འགོ་ཚུགས་པའི་དུས་ནི་དེ་སྔོན་ ༡༩༦༠ ལོར་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་གནང་དོན་ལྟར་ཕྲན་རང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཁང་དུ་གནའ་རབས་བོད་ཡིག་ཞིབ་འཇུག་འཛིན་གྲྭ་སྔ་རྗེས་གཉིས་ཙམ་བཙུགས་པ་ནས་བོད་ཡིག་སློབ་ཁྲིད་དགེ་རྒན་གྱི་ལས་འགན་ཁུར་ཏེ་ལོ་དྲུག་རིང་ <<བོད་ཀྱི་རྒྱལ་རབས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>དང་<<མི་དབང་རྟོགས་བརྗོད་>>ཀྱི་སློབ་ཁྲིད་བྱས་པ་དང་། དེ་རྗེས་རིག་གནས་གསར་བརྗེ་མཇུག་སྒྲིལ་མཚམས་སླར་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་<<ཆོས་འབྱུང་མཁས་པའི་དགའ་སྟོན་>>དང་། <<ཐུའུ་བཀྭན་གྲུབ་མཐའ་>>གཉིས་སློབ་ཁྲིད་བྱས་པ་བཅས་ཀྱི་སྐབས་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་།  གལ་ཆེའི་མིང་ཚིག་ཕྱོགས་བསྒྲིགས་ཀྱི་བརྗེད་ཐོ་བཀོད་པ་བཅས་སློབ་ཁྲིད་གྲ་སྒྲིག་གི་དུས་ཚོད་དེས་སློབ་ཁྲིད་ལས་ཀ་ཡོངས་ཀྱི་སུམ་ཆ་གཉིས་ཙམ་ཟིན་གྱི་ཡོད་པ་མ་ཟད། སྐབས་དེར་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་བྱེད་རྒྱུའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ལྟ་ཀློག་གི་དུས་ཚོད་ནི་གཟའ་འཁོར་རེར་ཉིན་ཕྱེད་གཉིས་ལས་མེད་སྟབས་འགོ་མཇུག་ཚང་བར་ཞིབ་ལྟ་བྱེད་རྒྱུའི་གོ་སྐབས་ཧ་ཅང་དཀོན་པའི་ཐོག  དཔྱད་གཞི་བཤུ་འབྲི་དང་རྩོམ་སྒྲིག་གི་ལས་གཞིའི་ཐད་རང་ཉིད་ཀྱི་ལག་བྲིས་ཁོ་ནར་བརྟེན་རྒྱུ་མ་གཏོགས་དེང་སྐབས་གསར་ཐོན་གྱི་ཡིག་དཔར་འཕྲུལ་འཁོར་དེ་གྲས་མེད་པར་བརྟེན་ལས་ཆོད་ཆུང་བ་བཅས་ཀྱི་གནས་ཚུལ་འོག་ ༡༩༨༨ ལོ་བར་ལོ་ཉི་ཤུ་རྩ་བརྒྱད་རིང་ཐིགས་པ་བསགས་པའི་རྒྱ་མཚོའི་དཔེ་བཞིན་རང་ཉིད་མི་གཅིག་གིས་མིང་ཚིག་་ཕྱོགས་བསྡུས་དང་དཔྱད་གཞི་འཚོལ་བསྡུ་བཅས་ཀྱི་ལས་དོན་བྱས་་་་་”[6]

ཞེས་ཚིག་མཛོད་རྩོམ་པའི་བརྒྱུད་རིམ་དེ་མི་ལོ་ ༢༨ རིང་ཡིན་པར་བཤད་པ་དང་། ཡང་དུང་དཀར་ཚིག་མཛོད་ཆེན་མོའི་སྔོན་གླེང་དུ་ “རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་”ཞེས་པའི་ནང་དུ།

“ལྕགས་བྱི་(༡༩༦༠)ལོར་པེ་ཅིན་དུ་ཐོག་མ་ཕེབས་འབྱོར་ཐོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ནང་ལོ་དྲུག་རིང་སྔ་ཕྱིར་བོད་ཡིག་ཞིབ་འཇུག་འཛིན་གྲྭ་ཁག་གཉིས་ལ་སུམ་རྟགས་དང་། སྙན་ངག  ལོ་རྒྱུས། སངས་རྒྱས་ཆོས་ལུགས་སྐོར་བཅས་སློབ་ཁྲིད་གནང་བ་མ་ཟད།  དེའི་རིང་སྙན་ངག་སློབ་དེབ་<<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་>>རྩོམ་སྒྲིག་དང་། ཚིག་མཛོད་འདིའི་མིང་ཚིག་འཚོལ་བསྡུ་དང་གསོག་འཇོག་མཛད་འགོ་ཐོག་མར་བརྩམས།” [7]

ཞེས་འབྱུང་བ་ལ་གཞིགས་ན་ཁོང་གིས་ལོ་ཚིགས་འདིའི་རྒྱུ་ཆ་གསོག་རྒྱུ་དེ་ནི་ ༡༩༦༠ ལོར་མགོ་བཙུགས་ཡོད་པ་ནི་བསྙོན་དུ་མེད། ད་དུང་འདི་ལས་ཀྱང་ཁ་གསལ་བ་ཞིག་ནི།  “ལོ་ཚིགས་དྭངས་ཤེལ་མེ་ལོང་”གི་ ཕྱི་ལོ་ ༡༩༦༣ ཆུ་ཡོས་ལོའི་གནས་ཚུལ་བཤད་སྐབས། “ཁོ་བོས་<<ལོ་ཚིགས་དྭངས་ཤེལ་མེ་ལོང་བཞུགས་སོ་>>འདི་ཉིད་རྩོམ་མགོ་ཚུགས།”ཞེས་གསལ་བོར་གསུངས་འདུག

དུང་དཀར་རིན་པོ་ཆེས་ “དུང་དཀར་ཚིག་མཛོད་ཆེན་མོ་”རྩོམ་རྒྱུར་ཡིག་ཆ་ཁག་བཅུ་གསུམ་དཔྱད་གཞིར་བཟུང་ཞེས་བགྲང་བའི་གྲས་སུ་ “བསྟན་རྩིས་ཀུན་བཏུས་”མེད་ཅིང་།  ལོ་ཚིགས་རེའུ་མིག་མའི་སྐོར་ལ་ཁོང་གིས་གླེང་གཞི་དེའི་ནང་གསུངས་དོན། “ཚིག་མཛོད་འདིའི་མཇུག་ཏུ་ལོ་རྒྱུས་རེའུ་མིག་ཞིག་ཡོད་པ་དེ་ནི་ངོས་རང་སློབ་གྲྭའི་དགེ་རྒན་གྱི་མིང་གནས་བཟུང་བ་ནས་ ༡༩༨༩ བར་ལོ་མང་རིང་གསོག་འཇོག་བྱས་པའི་ལོ་རྒྱུས་གནད་བསྡུས་རེའུ་མིག་ཡིན་པས་དེར་གཟིགས་རྒྱུ།” ཞེས་ཁོང་གིས་བསགས་པ་མ་གཏོགས་ཚེ་ཏན་ཞབས་དྲུང་ཚང་གི་ “བསྟན་རྩིས་ཀུན་བཏུས་”དཔྱད་གཞིར་བཟུང་བའི་གསུང་སྒྲོས་ཙམ་ཡང་མི་འདུག  དུང་དཀར་ཚིག་མཛོད་ལ་རྒྱབ་སྐྱོར་གནང་མཁན་སྐོར་ཞིག་གསུངས་ཏེ་དེ་དག་ལ་ཐུགས་རྗེ་ཆེ་ཞུས་པའི་གྲས་སུ་དཔེ་མཛོད་ཁང་སོགས་འབྲེལ་ཡོད་འགའ་འདུག་མོད་དེར་ཡང་ཚེ་ཏན་ཞབས་དྲུང་ཚང་དང་བསྟན་རྩིས་ཀུན་བཏུས་ཀྱི་མིང་ཙམ་ཡང་མ་འཁོད།

“དུང་དཀར་ཚིག་མཛོད་ཆེན་མོ་”འདི་བཞིན་རྩོམ་སྒྲིག་གི་འགན་བཞེས་མཁན་རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ཚིག་མཛོད་འདི་རྩོམ་རྒྱུར་མི་ལོ་བཞི་བཅུ་ཙམ་འགོར་ཡོད་པ་བཤད་ཅིང་།  ཚིག་མཛོད་ཆེན་མོ་ “སྒྲིག་སྟངས་”ཞེས་པའི་ནང་།  “བཅུ་པ།  ཚིག་མཛོད་ཀྱི་མཇུག་ཏུ་རྩོམ་པ་པོས་ལོ་རབས་དྲུག་ཅུ་པའི་ལོ་འགོ་ནས་སྐུ་ཚེའི་འཕེན་པ་མ་རྫོགས་པར་[བར་]གསོག་འཇོག་མཛད་པའི་<<ལོ་ཚིགས་དྭངས་ཤེལ་མེ་ལོང་>>ཞེས་པ་བཀོད་ཡོད་པ་དང་།  ལོ་ཚིགས་འདི་ཐོག་མ་མེ་སྤྲེལ་ (སྤྱི་ལོའི་སྔོན་གྱི་ ༣༠༨༥) ནས་འགོ་བཙུགས་ཏེ་སྤྱི་ལོ་མ་ཚུགས་བར་དམིགས་བསལ་དོན་ཆེན་ཆེ་རིགས་བྱུང་བའི་ལོ་རྣམས་བཀོད་ཐོག  སྤྱི་ལོ་ཚུགས་པ་ནས་རྩོམ་པ་པོ་གཤེགས་པའི་ལོ་སྟེ་རབ་བྱུང་བཅུ་བདུན་པའི་མེ་གླང་(༡༩༩༧)ལོ་བར་མུ་འབྲེལ་གྱིས་ཆ་ཚང་བཀོད་ཡོད།”[8]ཅེས་འབྱུང་བ་མ་གཏོགས་ཚེ་ཏན་ཞབས་དྲུང་ཚང་དང་ཁོང་གི་བསྟན་རྩིས་སྐོར་ཅི་ཡང་མི་གསལ།  དེ་ལྟར་ན་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”ཞེས་པ་འདི་ནི་དུང་དཀར་རིན་པོ་ཆེས་བརྩམས་པ་ཞིག་ཏུ་བསྒྲུབས་ཡོད།

དུང་དཀར་ཚིག་མཛོད་ཆེན་མོའི་ལོ་རྒྱུས་ཁྲོད་དུ། “ཚེ་ཏན་ཞབས་དྲུང་།” ཞེས་པའི་མཚན་བྱང་འོག་ཏུ་ ཚེ་ཏན་ཞབས་དྲུང་ཚང་གི་རྣམ་ཐར་ཤོག་ལྡེབ་གཉིས་ལ་ཉེ་བ་ཞིག་ཀྱང་བརྩམས་གནང་འདུག[9]  དེར་ཚེ་ཏན་ཞབས་དྲུང་ཚང་ལ་ “གནས་ལྔ་རིག་པའི་པནྜི་ཏ་ཆེན་པོ་ཚེ་ཏན་ཞབས་དྲུང་མཆོག་ནི་”ཞེས་དང་། “སྐུ་ཚེ་གཅིག་རིང་མི་རིགས་ཀྱི་སློབ་གསོའི་བྱ་བཞག་ལ་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་” ཅེས་སོགས་ཀྱི་ཆེ་བསྟོད་མཛད་པ་མ་ཟད། དུང་དཀར་ཚང་གིས་ཚེ་ཏན་ཞབས་དྲུང་ཚང་གི་གསུང་འབུམ་ ༡༩༨༧ ལོའི་པར་མ་པོད་ལྔ་ཡི་བདག་ཉིད་ཅན་དེ་གཟིགས་ཡོད་པའང་དེར་གསལ།

ད་དུང་ “ལོ་ཚིགས་དྭངས་ཤེལ་མེ་ལོང་བཞུགས་སོ་”ཞེས་པའི་ཁྲོད་དུའང་ཚེ་ཏན་ཞབས་དྲུང་ཚང་གི་མཚན་ནས་སྨྲོས་ཏེ་ལན་གྲངས་བརྒྱད་འབྱུང་།  དེ་དག་ནི།

1.     ཕྱི་ལོ་ ༦༡༧ ལོར་སྲོང་བཙན་འཁྲུངས་ལོ་བཤད་སྐབས་ “ཚེ་ཏན་ཞབས་དྲུང་རིན་པོ་ཆེས་གསུངས།”ཞེས་དང་།

2.     ༡༠༤༧ སྐབས་སུ་ “ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཇོ་བོ་རྗེ་བསམ་ཡས་སུ་ཕེབས་པར་གསུངས།”ཞེས་དང་།

3.     ཕྱི་ལོ་ ༡༣༠༣ ལོའི་སྐབས་སུ་ “མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་བསྟན་རྩིས་ལས་གསུངས།”ཞེས་དང་།

4.     ཕྱི་ལོ་༡༤༥༣ ལོའི་སྐབས་སུ་ “<<བསྟན་རྩིས་ཀུན་བཏུས་>>ལས་པཎ་ཆེན་ནགས་ཀྱི་རིན་ཆེན་བོད་དུ་ཐེངས་གཉིས་པ་ཕེབས་པར་བཞེད།”ཅེས་དང་།

5.     ཕྱི་ལོ་ ༡༤༧༣ ལོའི་སྐབས་སུ་ “(ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་<<བསྟན་རྩིས་རེའུ་མིག་>>ཏུ་ཁོང་རྣམས་འཁྲུངས་ཞེས་པ་ཡིག་ནོར)”ཞེས་གསལ།

6.     ཕྱི་ལོ་ ༡༩༡༠ ལོར་“ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་འཁྲུངས།”ཞེས་དང་།

7.     ཕྱི་ལོ་ ༡༩༧༨ ལོའི་སྐབས་སུ་ “ལོ་འདིར་ཚེ་ཏན་ཞབས་དྲུང་གིས་<<བསྟན་རྩིས་རེའུ་མིག་>>མཛད།”ཅེས་དང་།

8.     མཐར་ཕྱི་ལོ་ ༡༩༨༥ ལོའི་སྐབས་སུ་ “ཟླ་ ༦ ཚེས་ ༣༠ ཉིན་མཁས་དབང་ཚེ་ཏན་ཞབས་དྲུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྐུ་གཤེགས།”ཅེས་པ་འདི་རེད།

གོང་གསལ་བརྒྱད་པོ་ལས་ཀྱང་ཕྱི་མ་གསུམ་ནི་ཚེ་ཏན་ཞབས་དྲུང་ཚང་གི་སྐུ་ཚེའི་སྐོར་ཡིན་པ་དང་།  སྔ་མ་ལྔ་ནི་བསྟན་རྩིས་ལ་འབྲེལ་བ་ཆགས་ཡོད་པ་ཡིན།

 

ལྔ་པ།  ལོ་ངོ་ ༦༨༠ ཙམ་གྱི་ལོ་རེའི་དོན་ཆེན་རེའུ་མིག་འདྲ་མཚུངས་ཡིན་པ།

ཕྱི་ལོ་ ༣༤༧ མེ་ལུག་ལོ་ནས་བཟུང་སྟེ་ ཕྱི་ལོ་ ༡༠༢༧ མེ་ཡོས་ལོ་སྟེ་རབ་བྱུང་དང་པོ་མགོ་ཚུགས་པའི་ལོའི་བར་གྱི་ལོ་ངོ་ ༦༨༠ ཙམ་དང་ཤོག་ངོས་ ༦༠ ཙམ་གྱི་ལོ་རེའི་དོན་ཆེན་རེའུ་མིག་རྣམས་བསྟན་རྩིས་ཀུན་བཏུས་ལས་ཧ་ལམ་ཇི་མ་ཇི་བཞིན་ཕབ་བཤུ་བྱས་འདུག[10]  དེ་ནི་ཧ་ལམ་ཁ་སྒྱུར་ཙམ་ཡང་མ་གནང་བ་ལྟ་བུར་སྣང་།   སྐབས་འདིའི་ལོ་གསུམ་ཙམ་གྱི་གནས་ཚུལ་ལ་ཧེ་བག་ཡོད་པ་ནི་ཕྱི་ལོ་ ༧༦༢ ཆུ་སྟག་ལོ་དང་།   ཕྱི་ལོ་ ༩༤༧ མེ་ལུག་ལོ་གཉིས་ལ་གནས་ཚུལ་ཁ་སྣོན་ཙམ་དང་།  ཕྱི་ལོ་ ༡༠༢༨ ས་འབྲུག་ལོའི་གནས་ཚུལ་ཁ་སྣོན་བྱས་འདུག་པ་དེ་རེད།

དོན་ཆེན་རེའུ་མིག་རྣམས་ཕབ་བཤུ་ཇི་ལྟར་བྱས་པའི་དཔེ་མཚོན་ནི། ༧༤༢ ཆུ་རྟ་ལོའི་གནས་ཚུལ་བཤད་སྐབས། བསྟན་རྩིས་ཀུན་བཏུས་སུ་“ཏུན་ཧོང་ཡི་གེར་རྣ་བ་ལ་གཟན་པའི་གཏམ་སྣ་ནམ་བཟའ་ལས་ཁྲི་སྲོང་ལྡེ་བཙན་འཁྲུངས་པར་བཤད་”ཅེས་པ་འདིའི་“རྣ་བ་ལ་གཟན་པའི་གཏམ་”ཞེས་པ་བཏོན་ནས་“ཏུན་ཧོང་གཏེར་ཡིག་ཏུ་སྣ་ནམ་བཟའ་ལས་ཁྲི་སྲོང་ལྡེ་བཙན་འཁྲུངས་པར་གསུངས།” ཞེས་བཀོད་འདུག   ཡང་། ཕྱི་ལོ་ ༩༠༦ མེ་སྟག་ལོའི་གནས་ཚུལ་བཤད་སྐབས་བསྟན་རྩིས་ཀུན་བཏུས་སུ་“རྒྱལ་བའི་མཛད་རྣམ་”ཞེས་ཁུངས་སུ་དྲངས་པ་དེ་“ཡིག་ཚགས་ཁག་ནང་”ཞེས་བཅོས་འདུག

ཡང་ཚེ་ཏན་ཞབས་དྲུང་ཚང་གིས་ གླང་དར་མ་ལ་ “སྐྱེས་”ཞེས་ཞེ་ས་མིན་པའི་ཚིག་བཀོལ་བ་ལ་ “འཁྲུངས་”ཞེས་ཁ་བསྒྱུར་འདུག་པའང་ཚེ་ཏན་ཞབས་དྲུང་ཚང་གི་ཐུགས་བཞེད་དང་མི་མཐུན།   ཡང་“བསྟན་རྩིས་ཀུན་བཏུས་”ཀྱི་ཕྱི་ལོ་ ༨༢༨ ས་སྤྲེལ་ལོའི་སྐབས་འདི་ལྟར་“གུང་ཐང་རིན་པོ་ཆེའི་བདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ་ལས། སྲོང་བཙན་སྒམ་པོའི་དུས་སུ་སད་མི་མི་བདུན་རབ་ཏུ་བྱུང་བར་མཛད་ཅེས་པ་ནི་ཡིག་ནོར་དུ་སེམས།” ཞེས་བཀོད་པ་“ལོ་ཚིགས་དྭངས་ཤེལ་མེ་ལོང་”དུ། “གུང་ཐང་རིན་པོ་ཆེའི་<<བདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པ་>>ལས། སྲོང་བཙན་སྒམ་པོའི་དུས་སུ་སད་མི་མི་བདུན་རབ་ཏུ་བྱུང་བར་མཛད་ཅེས་པ་ནི་ཡིག་ནོར་དུ་སེམས།” ཞེས་ཇི་བཞིན་དྲངས་ཤིང་།  ཡི་གེའི་དག་ཆ་ལ་དག་སེལ་བྱས་པ་ཡང་སོར་འཇོག་བྱས་འདུག་མོད་དེ་ལྟར་བྱས་པས་དག་ཆ་ལ་དག་སེལ་བྱེད་མཁན་དེ་ཚེ་ཏན་ཞབས་དྲུང་ཚང་མིན་པར་དུང་དཀར་ཚང་ཆགས་ཀྱི་ཡོད། ཡང་། ཚེ་ཏན་ཞབས་དྲུང་ཚང་གིས་ ཕྱི་ལོ་ ༨༤༨ ལོའི་སྐབས་སུ་ཁྲི་སྲོང་ལ་མདའ་ཕོག་ནས་བཀྲོངས་པ་ལ་ “དཔྱད་རྒྱུ་མང་”ཞེས་གསུངས་པ་ལྟ་བུ་ཡང་ཁག་ཅིག་སོར་འཇོག་བྱས་འདུག་པ་འདི་གཞིར་བཞག་ན་དཔྱད་རྒྱུ་མང་བའི་དྭོགས་སློང་བྱེད་མཁན་དེ་ཡང་དུང་དཀར་བློ་བཟང་འཕྲིན་ལས་ཉིད་ཆགས་འགྲོ་བ་ལས་འོས་བབ་མེད།

ཡང་། ཚེ་ཏན་ཞབས་དྲུང་ཚང་གི་མཚན་ནས་སྨྲོས་ཏེ་ཞུ་རྒྱུའི་ཚབ་ཏུ། ཁོང་ལ་“མཁས་པ་འགའ་ཞིག་”སོགས་ཀྱི་ཐ་སྙད་སྤྱད་འདུག  དེའི་དཔེ་མཚོན་རྣམས་ནི་གཤམ་གསལ་ལྟར་ཡིན།  དུང་དཀར་ཚིག་མཛོད་དུ་སྤྱི་ལོའི་གོང་ ༨༤༣ ས་རྟ་ལོའི་སྐབས་སུ་ “མཁས་དབང་འགའ་ཞིག་གིས་ “འཕགས་པ་ཀུན་དགའ་བོ་དགུང་ལོ་བརྒྱད་ཅུ་གྱ་ལྔ་ལ་ཕེབས་པ་སྐུ་གཤེགས་པར་གསུངས།”[11]ཞེས་འབྱུང་། དེ་ནི་བསྟན་རྩིས་ཀུན་བཏུས་ཀྱི་ “ཀུན་དགའ་བོ་དགུང་ལོ་གྱ་ལྔ་ལ་འདས་”[12]ཞེས་གསལ།  སྤྱི་ལོའི་གོང་ལོ་ ༣༠༠ ལྕགས་བྱ་ལོའི་སྐབས་དུང་དཀར་ཚིག་མཛོད་དུ་ “མཁས་དབང་འགའ་ཞིག་གིས་ལོ་འདིར་རྒྱ་གར་གྱི་རྒྱལ་པོ་ཟླ་བ་སྦས་པ་འདས་ཞེས་གསུངས་པ་བརྟག་” [13]ཅེས་འབྱུང་།  དེ་ལ་བསྟན་རྩིས་ཀུན་བཏུས་སུ་ “རྒྱ་གར་རྒྱལ་བོ་ཟླ་སྲུང་འདས།”[14] ཞེས་འབྱུང་། ཡང་སྤྱི་ལོའོ་གོང་ ༢༤༧ ཤིང་སྟག་གི་སྐབས་དུང་དཀར་ཚིག་མཛོད་དུ་ “མཁས་དབང་འགའ་ཞིག་གིས་ལོ་འདིར་ཆིན་རྒྱལ་ཁབ་ཀྱི་གོང་མ་བཙན་དྲག་ཅན་ཆིན་ཧྲི་ཧོང་གིས་སྲིད་དབང་བཟུང་ཞེས་གསུངས།”[15] ཞེས་པ་ལ་བསྟན་རྩིས་ཀུན་བཏུས་ “རྒྱའི་རྒྱལ་བོ་བཙན་པོ་ཆིན་ཧྲི་ཧང་ཁྲིར་འཁོད་”[16]ཅེས་འབྱུང་། ཡང་། སྤྱི་ལོ་ ༣༩༩ ས་ཕག་ལོའི་སྐབས་སུ་ “མཁས་དབང་འགའ་ཞིག་གིས་ལོ་འདིར་ཧྭ་ཤང་ཧྥ་ཤན་དགུང་ལོ་ ༦༥ སྟེང་རྒྱ་གར་དུ་ཆས་པར་བཞེད་”[17]ཅེས་གསུངས་འདུག  དེ་ཡང་བསྟན་རྩིས་ཀུན་བཏུས་སུ་ “ཧྭ་ཤང་ཧྥ་ཤན་དགུང་ལོ་ ༦༥ སྟེང་རྒྱ་གར་དུ་ཆས་”[18]ཞེས་འབྱུང་།

ཡང་། ཚེ་ཏན་ཞབས་དྲུང་ཚང་གིས་ “བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག་”ཅེས་པ་བརྩམས་ཤིང་། རྣམ་ཐར་དེ་ཁོང་གིས་ད་ཡོད་ཀྱི་ཡིག་ཆ་ཕལ་མོ་ཆེ་ཞིག་ཞིབ་བསྡུར་མཛད་ནས་བརྩམས་པ་ཞིག་ཡིན་པ་མཇུག་བྱང་དུ་བཀོད་ཡོད།  དེས་ན་ཁོང་གི་བསྟན་རྩིས་འདིར་ཡང་ཕྱི་ལོ་ ༡༠༣༥ ཤིང་ཕག་ལོའི་སྐབས་སུ། “ཀུན་མཁྱེན་བསྟན་རྩིས་དང་། བྲག་དགོན་ཆོས་འབྱུང་། སུམ་པའི་ཆོས་འབྱུང་རྣམས་ལྟར་ན་བླ་ཆེན་པོ་འདས་ཏེ་རྣམ་དག་གོ།[19]ཞེས་འབྱུང་། དེ་ལ་དུང་དཀར་ཚིག་མཛོད་དུ། “འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་བོད་ཀྱི་མཁས་དབང་འགའ་ཞིག་གིས་ལོ་འདིར་བླ་ཆེན་དགོངས་པ་རབ་གསལ་སྐུ་གཤེགས་པར་གསུངས་པ་ལོ་རྒྱུས་དངོས་དང་བསྡུར་ན་ཧ་ཅང་འཕྱིས་དྲགས་པ་མིན་ནམ་སྙམ།” [20]ཞེས་འབྱུང་བཅས་ཀྱིས་མཚོན་ནོ།།

ཚེ་ཏན་ཞབས་དྲུང་ཚང་གི་མཚན་ནས་མ་སྨྲོས་ཀྱང་ཚིག་ཇི་བཞིན་འཁོད་པ་དཔེར་ན། ཕྱི་ལོ་ ༦༣༦ མེ་སྤྲེལ་ལོའི་རེའུ་མིག་ཏུ་བསྟན་རྩིས་ཀུན་བཏུས་ལས། “ཀོང་ཇོ་བོད་དུ་ཕེབས། (གཙུག་ཕྲེང་།) གཙུག་ཕྲེང་གིས་ཀོང་ཅོས་ཁམས་ནས་རྡོ་སྐུ་ཁྲུ་བརྒྱད་ཅུ་བ་བརྐོས། ཞེས་པ་དེ་ཨ་མདོའི་བྱམས་པ་འབུམ་གླིང་དང་ནོར་བའི་སྐྱོན་ཤོར་ཡོད།”[21]ཅེས་འབྱུང་བ་ལ། དུང་དཀར་ཚིག་མཛོད་དུ། “ཀོང་ཇོ་བོད་དུ་ཕེབས་ཞེས་<<གཙུག་ཕྲེང་>>ནང་གསལ། <<གཙུག་ཕྲེང་>>གིས་ཀོང་ཇོས་ཁམས་ནས་རྡོ་སྐུ་ཁྲུ་བརྒྱད་ཅུ་བ་བརྐོས་ཞེས་པ་དེ་ཨ་མདོའི་བྱམས་པ་འབུམ་གླིང་དང་ནོར་བའི་སྐྱོན་ཤོར་ཡོད།”[22]ཞེས་གསལ།  འདིར་སྐྱོན་ཤོར་ཡོད་པའི་སྐྱོན་འདོན་མཛད་མཁན་དེ་ཚེ་ཏན་ཞབས་དྲུང་ཚང་ཡིན།

ཡང་། ཕྱི་ལོ་ ༦༤༧ མེ་ལུག་ལོའི་སྐབས་སུ། བསྟན་རྩིས་ཀུན་བཏུས་སུ། “མང་སྲོང་མང་བཙན་འཁྲུངས། (རྡོ་བྲག) འདི་ལྟར་ན་མང་སྲོང་གི་ཡབ་གུང་སྲོང་ནམ་འཁྲུངས་ཇི་ལྟར་བྱས་ཀྱང་མི་ཤོད་དོ།།”[23] ཞེས་འབྱུང་བ་ལ། དུང་དཀར་ཚིག་མཛོད་ཆེན་མོར་ “མང་སྲོང་མང་བཙན་འཁྲུངས་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཞེད། འདི་ལྟར་ན་མང་སྲོང་གི་ཡབ་གུང་སྲོང་ནམ་འཁྲུངས་ཇི་ལྟར་བྱས་ཀྱང་མི་ཤོད་དོ།།[24] ཞེས་འབྱུང་། འདི་ཡང་ཚེ་ཏན་ཞབས་དྲུང་ཚང་གིས་བསྟན་རྩིས་ཀྱི་མཇུག་ཏུ། “དེབ་དཀར་དུ་འགོས་ལོར་སྐྱོན་བསྟན་པ་མི་འཇུག་པའི་དཔྱད་པ་”ཞེས་པའི་རྩོམ་ཡིག་བྲིས་པའི་དོན་འདིར་བཀོད་པ་ཞིག་ཡིན་ཞིང་། ཤོད་མི་ཤོད་ཀྱི་སྐད་ཆ་དེའང་ཚེ་ཏན་ཞབས་དྲུང་གིས་གསུངས་པ་ཞིག་རེད།

ཡང་ ཕྱི་ལོ་ ༦༧༦ མེ་བྱི་ལོའི་སྐབས་ཀྱི་བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་ཏུ། “མང་སྲོང་མང་བཙན་འདས་ཤིང་། འདས་སྲོང་མང་རྗེ་འཁྲུངས། (ཏུན་ཧོང་གཏེར་ཡིག) རྒྱའི་ཡི་གེ་ནང་གསེས་ལ་ལོ་གསུམ་གྱིས་ཐོ་མི་ཐུག་གོ།།”[25]ཞེས་འབྱུང་བ་དེ་ལ་དུང་དཀར་ཚིག་མཛོད་དུ། “མང་སྲོང་མང་བཙན་འདས་ཤིང་། འདས་སྲོང་མང་རྗེ་འཁྲུངས་ཞེས་ཏུན་ཧོང་གཏེར་ཡིག་ནང་གསལ། རྒྱའི་ཡི་གེ་ནང་གསེས་ལ་ལོ་གསུམ་གྱིས་ཐོ་མི་ཐུག་གོ།”[26] ཞེས་ཨ་མདོའི་ཁ་སྐད་ཐོ་ཐུག་དང་མི་ཐུག་ཀྱང་ཇི་བཞིན་བཀོད་འདུག་གོ།

ཡང་། ཕྱི་ལོ་ ༧༧༨ ས་རྟ་ལོའི་གནས་ཚུལ་བཤད་སྐབས། “བསྟན་རྩིས་ཀུན་བཏུས” ལས། “ཁྲི་སྲོང་ལྡེ་བཙན་འཁྲུངས། (བུ་སྟོན། པཎ་ཆེན་བསོད་གྲགས། ཀུན་མཁྱེན། དབལ་མང་། གཡའ་སེལ། བྲག་དགོན་ཆོས་འབྱུང་།)” [27]འཁོད་པ་དེ་ནི་དུང་དཀར་ཚིག་མཛོད་ལས། “ཁྲི་སྲོང་ལྡེ་བཙན་འཁྲུངས་ཞེས་བུ་སྟོན་དང་། པཎ་ཆེན་བསོད་གྲགས། ཀུན་མཁྱེན། དབལ་མང་། གཡའ་སེལ། བྲག་དགོན་ཆོས་འབྱུང་བཅས་སུ་གསལ།”[28] ཞེས་ཇི་མ་ཇི་བཞིན་བཀོད་འདུག་གོ །ད་དུང་དཔེ་མཚོན་གྱི་ཆེད་དུ་སྐབས་འདིའི་གནས་ཚུལ་པར་བཏབ་པ་ལ་གཟིགས་ཞིབ་གནང་རོགས།

བསྟན་རྩིས་ཀུན་བཏུས་ཀྱི་མ་ཡིག

དུང་དཀར་ཚིག་མཛོད་ཆེན་མོའི་མ་ཡིག

ཕྱི་ལོ་ ༣༤༧ ནས་ ཕྱི་ལོ་ ༡༠༢༨ བར་ཏེ་རབ་བྱུང་དང་པོ་མགོ་ཚུགས་ལོ་བར་གྱི་ལོ་ངོ་ ༦༨༠ ཙམ་གྱི་སྐབས་འདིར་ཚེ་ཏན་ཞབས་དྲུང་ཚང་གི་མཚན་ལན་གཅིག་སྨྲོས་པ་དེ་ནི་ ཕྱི་ལོ་ ༦༡༧ མེ་གླང་ལོར་སྲོང་བཙན་འཁྲུངས་པར་བཤད་སྐབས་སུ་ “ཚེ་ཏན་ཞབས་དྲུང་རིན་པོ་ཆེས་གསུངས།” ཞེས་འབྱུང་བ་དེ་ཁོ་ནའོ།། སྐབས་འདིར་ཡང་འཁྲུངས་ལོ་འདི་ལྟར་བཞེད་པའི་ཁུངས་དྲངས་པའི་ཁྲོད་ཚེ་ཏན་ཞབས་དྲུང་ཚང་གིས་ “བདག་གི་བླ་མ་རིན་པོ་ཆེ་”ཞེས་འཇིགས་མེད་དམ་ཆོས་རྒྱ་མཚོ་ཁུངས་སུ་དྲངས་པ་དེ་ཡང་བཀོག་འདུག

དུང་དཀར་ཚིག་མཛོད་ཆེན་མོའི་“ལོ་ཚིགས་དྭངས་ཤེལ་མེ་ལོང་”པར་མའི་ངོས་ཀྱི་དེ་ནི་སྒྲིག་པ་པོས་ནོར་འཛོལ་བྱས་པ་ཞིག་ལས་དུང་དཀར་རིན་པོ་ཆེས་དེ་ལྟར་ཕབ་བཤུ་བྱས་པ་ཨེ་ཡིན་ཞེས་འདྲི་ན།  དེ་ནི་རྒྱུ་མཚན་ལྡན་པའི་དྲི་ཚིག་ཅིག་རེད་ལ།  དེར་བརྟག་དཔྱད་བྱེད་རྒྱུར་ཕྲན་ལ་ནི་མ་ཡིག་གི་རྒྱུ་ཆ་གང་ཡང་མི་འཛོམས།  འོན་ཀྱང་ཚིག་མཛོད་ཆེན་མོའི་ཁ་ཤོག་ནང་མ་ལ་འཁོད་པའི་ “རྩོམ་པ་པོའི་ཕྱག་བྲིས་ཕྱག་བསྟར་མ་”ཞེས་པའི་པར་རིས་དེར་ཕྱི་ལོའི་གོང་གི་ལོ་ ༩༠༠ ལྕགས་བྱ་ལོ་ནས་ཕྱི་ལོའི་གོང་གི་ ༨༧༧ ཤིང་སྤྲེལ་ལོའི་བར་གྱི་ལོ་བཅུ་དགུའི་དོན་ཆེན་རེའུ་མིག་བཀོད་འདུག  དེ་དག་ཀྱང་བསྟན་རྩིས་ཀུན་བཏུས་ཀྱི་ཤོག་ངོས་ ༣༢ པར་གསལ་བའི་ལྕགས་བྱ་ནས་མར་དེད་ན་ལོ་རེ་ཟུང་ལ་ཁ་སྣོན་ཟུར་ཙམ་རེ་བྱས་པ་མ་གཏོགས་བསྟན་རྩིས་ཀུན་བཏུས་ན་གང་ཡོད་པ་དེ་ཁ་སྒྱུར་གྱིས་བཀོད་འདུག  འོན་ཀྱང་དུང་དཀར་རིན་པོ་ཆེས་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་རྩ་བར་བཟུང་ནས་ལྷན་པ་བཏབ་པ་ཡིན་ཞེས་འབྲི་བཞེད་ཡོད་མོད་དེའི་བར་དུ་སྐུ་ཚེ་མ་ཟིན་པ་རེད་ཅེ་ན།  དེ་ནི་བདེན་ངེས་སོ་ཞེས་ཞུ་རྒྱུ་ལས་མ་འདས།  འོན་ཀྱང་དུང་དཀར་ཚིག་མཛོད་པར་མའི་ནང་དུ་རྩོམ་པ་པོ་ཚེ་ཏན་ཞབས་དྲུང་ཚང་གི་ཐུགས་བཞེད་དང་ཐུགས་ཚོར་ལའང་རྩིས་མེད་མཛད་པའི་རྣམ་པ་ཞིག་མངོན་འདུག

དྲུག་པ། ཕྱི་ལོ་ ༡༠༢༧ ལོ་སྟེ་རབ་བྱུང་མགོ་ཚུགས་རྗེས་ཀྱི་རེའུ་མིག

དུང་དཀར་ཚིག་མཛོད་དུ་གསལ་བའི་“ལོ་ཚིགས་དྭངས་ཤེལ་མེ་ལོང་”རེའུ་མིག་རྣམས་བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་དང་བསྡུར་བའི་སྐབས་སུ།  རབ་བྱུང་དང་པོ་མགོ་ཚུགས་པའི་རྗེས་ནས་བསྟན་རྩིས་ཀུན་བཏུས་ཀྱི་རེའུ་མིག་ལ་ཁ་གསབ་ཇེ་མང་དུ་སོང་འདུག  དེ་ལ་དཔགས་པ་ཡིན་ན།  “ལོ་ཚིགས་དྭངས་ཤེལ་མེ་ལོང་”འདི་ནི་རབ་བྱུང་བརྩི་བའི་མགོ་ཚུགས་པ་ནས་བརྩམས་ཏེ་བྲིས་ཡོད་པ་མིན་ནམ་སྙམ་མོད།  དེ་ལྟར་ན་བཙན་པོའི་རྒྱལ་རབས་ཡོངས་སུ་ཆད་འགྲོ་བས་རབ་བྱུང་དང་པོ་ནས་མགོ་འཛུགས་འོས་པའི་རྒྱུ་མཚན་མེད་པར་མཐོང་།

ཡང་དུང་དཀར་ཚིག་མཛོད་ཆེན་མོའི་དབུ་བྱང་ནང་མར་འཁོད་པའི་མ་ཡིག་གི་དཔེ་མཚོན་པར་རིས་ཤིག་ཡོད་པ་དེའི་མདུན་གྱི་ཟིན་དེབ་དག་ནི་“ལོ་ཚིགས་དྭངས་ཤེལ་མེ་ལོང་”གི་མ་ཡིག་ཡིན་མིན་ལ་དྭོགས་པ་བྲལ།  མདུན་ངོས་ཀྱི་ཟིན་དེབ་དང་པོར་སྣག་ཚ་དམར་པོས་མཆན་བཏབ་པའང་གསལ་པོར་མཐོང་།  དེས་ན་འདི་ཡང་སྣག་ཚ་དམར་པོས་མཆན་བཏབ་པ་རྣམས་ནི་དུང་དཀར་རིན་པོ་ཆེས་ “བསྟན་རྩིས་ཀུན་བཏུས་”ཀྱི་མ་ཡིག་ལ་མཆན་བཏབ་པ་ཞིག་ཡིན་ཆེ་ཞེས་ཀྱང་དྭོགས་པ་སྐྱེའོ༎  དེ་ལྟར་ན་བསྟན་རྩིས་ཀུན་བཏུས་ཀྱི་མ་ཡིག་ལས་རབ་བྱུང་དང་པོ་མགོ་བཙུགས་པ་ནས་བརྩིས་ཏེ་དུང་དཀར་རིན་པོ་ཆེས་ཁ་སྣོན་དང་བསྐྱར་བཅོས་སོགས་མཛད་ཅིང་།  རིམ་གྱིས་བསྟན་རྩིས་ཀུན་བཏུས་ལས་ཀྱང་མང་བའི་ལོ་རེའི་དོན་ཆེན་རེའུ་མིག་རྣམས་བརྩམས་ཡོད་པའི་རྒྱུ་མཚན་ཇེ་གསལ་དུ་འགྲོ།

དེའི་དཔེ་མཚོན་འགའ་འདིར་དྲངས་ན། ཕྱི་ལོ་ ༡༡༤༨  ས་འབྲུག་ལོའི་གནས་ཚུལ་སྐབས་འདི་ལྟར།


འདིར་ཀུན་ལྡན་རས་པ་དང་ཅིས་ཀུང་གཉིས་ཀྱི་འགྲེལ་བཤད་ཇེ་རྒྱས་སུ་བཏང་བ་གཞན་གང་ཡང་མི་འདུག ཡང་ཕྱི་ལོ། ༡༡༤༩ ས་སྦྲུལ་ལོའི་སྐབས་ཀྱི་གནས་ཚུལ་འཆད་སྐབས།


ཅེས་པ་འདི་ལ་མཚོན་ན། དུང་དཀར་རིན་པོ་ཆེས་ཚེ་ཏན་ཞབས་དྲུང་ལ་ “འགའ་ཞིག་”ཅེས་པའི་ཐ་སྙད་སྦྱར་ནས་ཕྱོགས་སྔར་བཟུང་བ་དང་།  དེ་བཞིན་ལོ་འདིའི་གནས་ཚུལ་གསར་པའང་ཁ་སྣོན་བྱས་འདུག  ཡང་ཕྱི་ལོ། ༡༡༨༧ མེ་ལུག་ལོའི་སྐབས་སུ་འདི་ལྟར།


ཞེས་འབྱུང་།  དེ་ལ་དུང་དཀར་རིན་པོ་ཆེས་ “འཁྲུངས་”ཞེས་པ་འདི་ལན་གཉིས་སུ་བྲིས་ཡོད།  “འཁྲུངས་”དང་པོ་ནི་བསྟན་རྩིས་ཀུན་བཏུས་ན་གང་ཡོད་པ་དེ་ལ་སྤྱད་ཅིང་།  “འཁྲུངས་”གཉིས་པ་ནི་གནས་ཚུལ་གསར་པ་ཞིག་ཁ་སྣོན་དུ་བཏབ་རྗེས་བཀོད་ཡོད།

མ་ཡིག་གི་པར། ལ་རྩེའི་གསར་འཕྲིན།

ཡང་མཁས་དབང་པད་མ་འབུམ་གྱིས་བརྩམས་པའི་ “མཁས་དབང་དུང་བློ་བཟང་འཕྲིན་རིན་པོ་ཆེའི་སྐུ་ཚེ་བསྐྱར་ཞིབ་”[29]ཅེས་པའི་ནང་ “དུང་དཀར་ཚིག་མཛོད་ཆེན་མོ་”ནི་དུང་དཀར་རིན་པོ་ཆེའི་སྐུ་ཚེའི་མཇུག་གི་མཛད་པ་དེ་ཡིན་པར་གསུངས་ནས་ཚིག་མཛོད་ཇི་ལྟར་བརྩམས་པའི་བརྒྱུད་རིམ་ཞིག་བཀོད་འདུག   སྟབས་ལེགས་པ་ཞིག་ལ་དེའི་བར་འཇུག་གི་པར་གཅིག་ནི་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”གི་མ་ཡིག་ཡིན།  མ་ཡིག་དེ་ནི་ས་བྱ་སྟེ་ཕྱི་ལོ་ ༡༧༢༩ ལོ་ནས་ཤིང་སྟག་ཏེ་ཕྱི་ལོ་ ༡༧༣༤ ལོའི་བར་གྱི་ལོ་ངོ་དྲུག་གི་གནས་ཚུལ་འཁོད་ཡོད།  མ་ཡིག་འདི་དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་ངོས་ ༢༣༤༤ པར་འཁོད་ཅིང་།  འདིའི་ཐད་ཀྱི་ལོ་ཚིགས་དེ་ཡང་བསྟན་རྩིས་ཀུན་བཏུས་ཀྱི་ཤོག་ངོས་ ༢༥༩ པར་གསལ།  ལོ་དྲུག་པོའི་གནས་ཚུལ་རྣམས་ཕན་ཚུར་བསྡུར་སྐབས་ལོ་རེའི་དོན་ཆེན་འདྲ་མཚུངས་ཡིན་པ་ཧ་ཅང་ཉུང་།  དཔེར་ན། ཕྱི་ལོ་ ༡༧༣༡ ལྕགས་ཕག་ལོའི་གནས་ཚུལ་བཤད་སྐབས།

 


ཅེས་འབྱུང་བ་ལྟར་རེའུ་མིག་འདིར་ཅོ་ནེ་བཀའ་འགྱུར་པར་བརྐོས་གྲུབ་པའི་གནས་ཚུལ་མ་གཏོགས་ཐུན་མོང་བའི་དོན་མེད།

དེ་ལྟར་ན་དུང་དཀར་ཚིག་མཛོད་ཆེན་མོར་འཁོད་པའི་ལོ་ཚིགས་ཀྱི་རེའུ་མིག་དེ་རབ་བྱུང་དང་པོ་ནས་བསྟན་རྩིས་ཀུན་བཏུས་ལ་ཁ་སྣོན་བྱེད་མགོ་བརྩམས་པ་དང་།  དེ་ནས་རིམ་གྱིས་ཁ་སྣོན་བྱེད་པ་དང་བསྐྱར་བཅོས་བྱེད་པ། དེ་བཞིན་གསར་འཇུག་བྱེད་པ་བཅས་ཇེ་མང་ལ་སོང་འདུག  འོན་ཀྱང་ “བསྟན་རྩིས་ཀུན་བཏུས་”དང་ཁ་བྲལ་མེད་ལ།  རྩོམ་པ་པོ་ཚེ་ཏན་ཞབས་དྲུང་མཆོག་སྐུ་སྒེར་ལ་འབྲེལ་འདྲིས་ཟབ་པའི་དགོན་པ་དང་ས་གནས་ཀྱི་སྐོར་དེ་ཚོ་ཡང་དུང་དཀར་རིན་པོ་ཆེ་ལའང་འབྲེལ་འདྲིས་ཟབ་པ་བྱུང་བ་ལྟ་བུ་ཞིག་ཏུ་གྱུར་འདུག  དཔེར་ན་རེབ་གོང་རོང་བོ་དགོན་ཆེན་གྱི་ཤར་སྐལ་ལྡན་རྒྱ་མཚོ་གཙོས་པའི་རེབ་གོང་གི་བླ་མ་དང་དེ་དག་གི་སྐུ་ཕྲེང་རིམ་བྱོན་སྐོར་ལྟ་བུ་ཡིན།  དེའི་དཔེ་མཚོན་ལྟ་བུ་ནི། ཕྱི་ལོ་༡༨༨༠ ལོའི་གནས་ཚུལ་འཆད་སྐབས་དུང་དཀར་ཚིག་མཛོད་དུ་ “རོང་པོ་སྐལ་ལྡན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་འཁྲུངས།”ཞེས་བཀོད་ཡོད།  འོན་ཀྱང་འདི་ནི་རོང་པོ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་ཞིག་མིན།  བསྟན་རྩིས་ཀུན་བཏུས་སུ་དེ་ལ་ “རོང་བོ་མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་འཁྲུངས།”ཞེས་བཀོད་ཡོད།  དེ་བཞིན་དན་ཏིག་དགོན་གྱི་དཀར་ཆག་བརྩམས་པ་དང་།  རེབ་གོང་གིས་སོག་པོ་ཆིང་ཝང་གི་སྡེ་ཐོག་ལ་དམག་བཀྱེས་པ་སོགས་རེབ་གོང་གི་གནས་ཚུལ་འདི་དག་ཚེ་ཏན་ཞབས་དྲུང་ཚང་ལ་རྒྱུས་མངའ་ཆེ་མོད་དེ་ནི་དུང་དཀར་རིན་པོ་ཆེར་རྒྱུས་མངའ་ཆེ་དགོས་པའི་ངེས་པ་གང་ཡང་མེད།  འོན་ཀྱང་དེ་དག་ནི་བསྟན་རྩིས་ཀུན་བཏུས་ཀྱི་ཞབས་རྗེས་གསལ་པོ་ཞིག་ལོ་ཚིགས་དྭངས་ཤེལ་མེ་ལོང་དུ་གསལ་ལེར་ཤར་བའི་དཔང་རྟགས་རེད།

བདུན་པ།  མཇུག་བསྡོམས།

དེ་ལྟར་ན། “བསྟན་རྩིས་ཀུན་བཏུས་”དང་ “ལོ་ཚིགས་དྭངས་ཤེལ་མེ་ལོང་”གཉིས་བསྡུར་སྐབས་ཚེ་ཏན་ཞབས་དྲུང་ཚང་གིས་འབད་པ་ཆེན་པོས་བཏུས་པ་རྣམས་ཕབ་བཤུ་བྱས་ཡོད་མོད་དེ་ལྟར་ཕབ་བཤུ་བྱས་པ་ཡིན་ཞེས་ཁུངས་ལུང་གསལ་པོར་མཛད་མི་འདུག   དེ་ལ་ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་བསྟན་བཅོས་སྔ་མ་དག་དང་ལྷག་པར་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས་ལས་བཏུས་སོ་ཞེ་ན། མི་འདྲ་སྟེ། བསྟན་རྩིས་ཀུན་བཏུས་སུ་དེ་ལྟར་བཏུས་པ་ཡིན་ཞེས་གསལ་པོར་གསུངས་པ་མ་ཟད། སྐབས་དོན་དེ་དང་དེའི་ཁུངས་ཀྱི་ཡིག་ཆའི་མཚན་ཡང་སྐབས་སོ་སོར་གསུངས་ཏེ་དགག་བཞག་མཛད་ཡོད་པས་སོ།།  ཡང་རྗེ་ཙོང་ཁ་པའི་འཁྲུངས་འདས་ལོ་ཚིགས་ལྟ་བུ་ནི་སུས་ཀྱང་འགོད་རུང་བའི་དོན་དངོས་ཡིན་སྟབས་ཕབ་བཤུའི་ཐ་སྙད་མི་འཇུག་སྙམ་ན། དེ་ལ་ཡང་རྩོད་པ་ཡོད་པ་མ་ཟད་ཚིག་ཇི་བཞིན་བཤུ་བ་ནི་ནམ་ཡང་ཕབ་བཤུ་ཡིན་སྟབས་ཁུངས་གང་ཡིན་གྱི་གསལ་ཁ་ནི་ངེས་པར་བཏོད་དགོས་པར་འདོད་དོ།།

འོན་ཀྱང་ལོ་ཚིགས་རེའུ་མིག་འདི་ལྟར་ཕབ་བཤུ་བྱེད་པ་ནི་དུང་དཀར་ཚིག་མཛོད་ཙམ་མ་རེད། གཞན་རྣམས་ཀྱང་དེ་མཚུངས་སོ་ཅེས་འདྲི་ན། དེ་ལ་ནི་རྩོམ་ཡིག་འདིའི་མགོར་དྲངས་པའི་བསྟན་རྩིས་རེའུ་མིག་ཅན་དག་ལས་རབ་བྱུང་དང་པོའི་མེ་ཡོས་ལོ་སྟེ་ཕྱི་ལོ་ ༡༠༢༧ ལོའི་གནས་ཚུལ་རྣམས་འདིར་པར་སྐྲུན་གྱི་ལོའི་གོ་རིམ་བཞིན་བཀོད་པ་ལ་གཟིགས་མཁན་རྣམས་ཀྱིས་དཔྱོད་འཚལ་ཞེས་རྩོམ་ཡིག་འདིའི་མཇུག་བསྡུ་བར་བྱེད་དོ།།

ཀུན་མཁྱེན་བསྟན་རྩིས།
ཤམྦྷ་ལར་རིགས་ལྡན་ཉི་མ་ཁྲིར་ཕེབས། དུས་འཁོར་གྱི་རྒྱུད་འགྲེལ་རྒྱ་གར་དུ་སྤྱན་དྲངས། པོ་ཏོ་བ་འཁྲུངས། ལྷག་མཐོང་གི་བཞི་བརྒྱ་དང་བདུན་པའོ། །ནཱ་རོ་བ་མཁའ་སྤྱོད་དུ་གཤེགས།
བསྟན་རྩིས་ཀུན་བཏུས།
རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་བཞུགས།  གྱི་ཇོ་ལོ་ཙཱ་བས་དུས་འཁོར་བོད་ལ་བསྒྱུར། པཎ་ཆེན་ནཱ་རོ་བ་འདས།  པོ་ཏོ་བ་འཁྲུངས། (ཀུན་མཁྱེན། སུམ་པ། བྲག་དགོན་རྩིས།)  ཞྭ་ལུ་གསེར་ཁང་བཞེངས། (རྒྱལ་དབང་བཅའ་ཡིག)
བོད་རྒྱ་ཚིག་མཛོད་ཆེན་མོ།
དུས་འཁོར་གྱི་རྒྱུད་འགྲེལ་རྒྱ་གར་དུ་སྤྱན་དྲངས། པོ་ཏོ་བ་འཁྲུངས། ན་རོ་པ་གཤེགས། རྒྱ་གར་དུ་རྒྱལ་པོ་བིརྱ་པ་ལ་དང་། ན་ལེན་དྲར་མཁས་པ་སྒོ་གསུམ་གྱི་དུས་སྨད་ཙམ།
དུང་དཀར་ཚིག་མཛོད་ཆེན་མོ།
དུས་འཁོར་རྒྱུད་འགྲེལ་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར། དགེ་བཤེས་པོ་ཏོ་བ་འཁྲུངས། འགའ་ཞིག་གིས་པཎ་ཆེན་ན་རོ་པ་སྐུ་གཤེགས་པར་གསུངས། རྒྱ་གར་དུ་རྒྱལ་པོ་ནེརྱ་པཱ་ལ་དང་། ན་ལེནྡྲར་མཁས་པ་སྒོ་དྲུག་གི་དུས་སྨད་ཙམ་ཡིན། ལྔ་པ་ཆེན་པོས་བཅའ་ཡིག་ན་ཞ་ལུ་གསེར་ཁང་བཞེངས་པར་གསུངས།
བོད་ཀྱི་ཚིག་མཛོད་ཆེན་མོ།
རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་བཞུགས། གྱི་ཇོ་ལོ་ཙཱ་བས་དུས་འཁོར་བོད་ལ་བསྒྱུར། པཎ་ཆེན་ནཱ་རོ་བ་འདས། པོ་ཏོ་བ་འཁྲུངས་ཞེས། ཀུན་མཁྱེན། སུམ་པ། བྲག་དགོན་རྩིས་བཅས་སུ་འཁོད། ཞྭ་ལུ་གསེར་ཁང་བཞེངས་ཞེས་རྒྱལ་དབང་བཅའ་ཡིག་ཏུ་འཁོད།
བོད་ཡིག་ཚིག་གཏེར་རྒྱ་མཚོ།
དུས་འཁོར་རྒྱུད་འགྲེལ་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར། དགེ་བཤེས་པོ་ཏོ་བ་འཁྲུངས། ནཱ་ལེནྡྲར་མཁས་པ་སྒོ་དྲུག་གི་དུས་སྨད་ཙམ་ཡིན། དེ་བ་རཱ་ཛཱ་གྲོངས།
༢༠༡༦ ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་གྲུབ་པོ།  དགེའོ༎

_________________________________________

[1]  རྩོམ་ཡིག་འདིར་ཕྱི་བཞུགས་མཁྱེན་ཡངས་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་ལན་གཉིས་བཀླགས་ཏེ་བསྐྱར་བཅོས་དང་ཞུ་དག་གི་དགོངས་འཆར་གནང་བ་ལ་ཐུགས་རྗེ་ཆེ་ཞུ།  དེ་བཞིན་མཁས་དབང་རྒན་པད་མ་འབུམ་ལགས་ཀྱིས་ཀྱང་རྩོམ་ཡིག་འདིའི་སྒྲོམ་གཞི་ལ་འགྱུར་བ་གཏོང་དགོས་པའི་དགོངས་འཆར་སོགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདི་ནི་སྔ་ལོའི་ལོ་སྟོད་དུ་བྲིས་ཤིང་།  དེ་ཡང་ཕྲན་གྱི་ཆོས་གྲོགས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཀའ་གནང་པའི་ངོར་འབད་པ་བྱས་པའི་ཁུལ་ལགས།   རྩོམ་ཡིག་བྲིས་རྗེས་ཀྱི་ལོ་ཕྱེད་ལྷག་གི་རྗེས་སུ་དྲ་ལམ་དུ་སྤེལ་འདུན་ཞིག་ཤར་བའི་རྐྱེན་བྱས་ཏེ་དགེ་བཤེས་ལགས་ལ་དགོངས་སྐོར་དང་བཅས་འདིར་སྤེལ་བ་ལགས།
[2] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༧༩༨
[3] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༢༩༤
[4] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༢༩༣ ནས་ ༢༩༤ བར།
[5] ཚེ་ཏན་ཞབས་དྲུང་།  རང་རྣམ་རྣ་བའི་བདུད་རྩི།  ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།  གླེགས་བམ་དང་པོ། མི་རིགས་དཔེ་སྐྲུན་ཁང་།  ༢༠༠༧ ཤོག་གྲངས་ ༢༧༥
[6] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༩
[7] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༣ ནས་ ༡༤
[8] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༨
[9] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༡༧༠༥ ནས་ ༡༧༠༧
[10] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༩༦ ནས་ ༡༥༤ བར་དང་།  དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༣༤ ནས་ ༢༢༦༧ བར།
[11] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༡༡
[12] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༣༦
[13] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༡༧
[14] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༦༣
[15] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༡༨
[16] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༦༦
[17] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༣༧
[18] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༩༨
[19] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༥༦
[20] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༦༧
[21] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༡༢
[22] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༤༦
[23] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༡༥
[24] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༤༧
[25] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༡༧
[26] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༤༩
[27] ཚེ་ཏན་ཞབས་དྲུང་།  བསྟན་རྩིས་ཀུན་ལས་བཏུས་པ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ཤོག་གྲངས་ ༡༢༩
[28] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས་ ༢༢༥༤
[29] པད་མ་འབུམ།  མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་སྐུ་ཚེ་སྐྱར་ཞིབ།  ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན། བམ་པོ་ ༥ པ། ཤོག་གྲངས། ༡༨ ནས་ ༣༧ བར།