༄༅། ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །ཚན་རྩལ་འཕེལ་རྒྱས་ཀྱིས་ང་ཚོའི་འཇིག་བརྟེན་ལྟ་ཚུལ་བཅོས་བཞིན་པ་དང་། ང་ཚོའི་ཐོབ་ཐང་དང་ལོ་རྒྱུས་གསར་བཀོད་བྱེད་བཞིན་པའང་རེད། སྐྱེས་མའི་རིང་ལུགས་དང་མོ་དབང་འཐབ་རྩོད་ཀྱི་ཆ་ནས། དུས་རབས་༡༩པའི་སྨད་དུ། སྐྱེས་མ་བཅིང་འགྲོལ་བྱེད་པའི་ལས་འགུལ་བྱུང་བ་དང་། ལས་འགུལ་དེ་ཕོ་མོའི་ཆབ་དབང་འདྲ་མཉམ། ཕོ་མོའི་ཁེ་དབང་འདྲ་མཉམ། ཕོ་མོའི་སྐྱེས་ཐོབ་འདྲ་མཉམ་སོགས་རིམ་གསུམ་ལ་རྒྱུད་ནས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་ད་ལྟ་ཕོ་མོ་འདྲ་མཉམ་རྫོགས་ཉེ་བའི་གནས་བབ་རྒྱུགས་ཆེ་བ་ཞིག་ཆགས་པ་རེད། འོན་ཀྱང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེ་མང་གཙོའི་སྤྱི་ཚོགས་ནང་གི་རྒྱུན་ལྡན་སྣང་ཚུལ་ཞིག་ལ་འགྱུར་བཞིན་ཡོད་པར་མ་ཟད། མང་གཙོར་མ་སླེབས་པའི་སྤྱི་ཚོགས་ཁྲོད་ཏུའང་ཡར་སྐུལ་གྱི་ནུས་ཤུགས་ཆེན་པོ་ཐོན་གྱིན་ཡོད་ནའང་། སྐྱེས་མའི་རིང་ལུགས་པ་ཚོ་འབད་དེ་ལྷོད་ལྷོད་དུ་མ་བསྡད་པར། སྐྱེས་མའི་ཐོབ་ཐང་གི་འཐབ་རྩོད་དེ་དུས་རིམ་ཆེས་གསར་བ་ཞིག་ལ་སླེབས་རྒྱུར་རེ་འབོད་བྱེད་བཞིན་ཀྱང་ཡོད་རེད། འབད་བརྩོན་དེ་རིམ་གྱིས་སྟོབས་ཤུགས་རྒྱས་པ་དང་། སྐྱེས་མ་ཕུལ་དུ་བྱུང་བ་དག་གིས་དེང་རབས་སྤྱི་ཚོགས་ཀྱི་རྩ་བའི་རྨང་གཞིར་གྱུར་བའི་རིག་གནས་ལ་དོགས་སློང་བྱས་པ་རྒྱུད་ནས། ལོ་རབས་བརྒྱད་བཅུ་ནས་བཟུང་དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་ཆགས་ཐུབ་པར་བྱུང་བ་རེད། །

དེང་རབས་རྗེས་ཀྱི་སྐྱེས་མའི་རིང་ལུགས་ནི་ད་ལྟ་ནུབ་ཕྱོགས་སུ་མངོན་འགྱུར་བྱུང་བའི་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ཐོག་ནས་མདུན་བསྐྱོད་བྱེད་འདོད་པའི་བསམ་བློའི་འཕེལ་རྒྱས་ཞིག་ཡིན། དེ་ལ་དེང་རབས་རྗེས་མ་སྨྲ་བའི་མཚན་ཉིད་རིག་པས་ཐད་ཀར་ཤུགས་རྐྱེན་བྱས་པས། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་ནི་དེང་རབས་རྗེས་མ་སྨྲ་བའི་མཚན་ཉིད་རིག་པའི་གྲུབ་ཆ་ཞིག་ཡིན་པ་དང་། སྐྱེས་མའི་རིང་ལུགས་འདི་ཡི་དམིགས་འདུན་ནི་སྐྱེས་མ་ཁོ་ནའི་ཐོབ་ཐང་མིན་པར། ཕོ་མོ་དབྱེར་མེད་ཀྱི་རིག་གནས་ཞིག་གསར་བཀོད་བྱེད་རྒྱུ་དེ་ཡིན། འོན་ཀྱང་། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་ནི་རྙོག་འཛིང་སྤྱི་ཚོགས་ཁྲོད་ཀྱི་རིག་གནས་སྣང་ཚུལ་གསར་བ་ཞིག་ཡིན་པས་ན། དེ་ལ་གཅིག་འགྱུར་གྱི་གཞུང་ལུགས་ཞིག་དང་གོམས་རིམ་ཞིག་ད་ལྟའི་བར་ཏུ་ཆགས་ཐུབ་མེད། དེ་ལྟར་རུང་། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་ལ་གཙོ་བོའི་ཁྱད་ཆོས་གཉིས་སམ་ལྟ་བ་གཉིས་ཡོད་པ་ནི། ཕ་དབང་འགག་རྒོལ་དང་ཐ་སྙད་གསར་བཞེངས་གཉིས་སོ།

ཀ ཕ་དབང་ལམ་ལུགས།

སྐབས་འདིར་ཕ་དབང་ལམ་ལུགས་ཅེས་པའི་བརྡ་དོན་ནི་དོག་འཇུག་གི་སྐྱེས་པ་གཙོ་བྱེད་པའི་ཁྱིམ་ཚང་དང་དེ་ལས་འཕེལ་བའི་ལམ་ལུགས་ལ་གོ་བ་མིན་པར། འདི་ནི་སྒྲ་ཡོངས་འཇུག་གྱི་སྐྱེས་པའི་ཁྱིམ་བདག་གི་ལམ་ལུགས་དང་དེ་རྨང་གཞི་བྱས་པའི་མིའི་རིགས་ཀྱི་རིག་གནས་སྤྱི་དང་། འཚོ་བའི་སྲོལ་རྒྱུན། སྤྱི་ཚོགས་ཆགས་སྟངས་བཅས་ལ་གོ་བ་ཡིན། དོན་བསྡུས་ནས་བཤད་ན། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་པས་མ་རྒྱུད་སྤྱི་ཚོགས་ཐོར་བ་ནས་དེང་རབས་སྤྱི་ཚོགས་ད་ལྟའི་བར་གྱི་རིག་གནས་ཡོད་ཚད་ནི་ཕ་དབང་གི་རིག་གནས་ཡིན་པ་དང་། ཁོ་ཚོའི་འབད་དོན་ནི་རིག་གནས་དེ་གསར་བརྗེས། བཅོས་བསྒྱུར། ཞིག་བཀོད་བྱས་ནས་ཕོ་མོ་དབྱེར་མེད་ཀྱི་རིག་གནས་གསར་བ་ཞིག་བཞེངས་རྒྱུ་དེ་ཡིན་ཟེར།

དེང་རབས་རྗེས་མའི་མཚན་ཉིད་རིག་པ་བ་མང་པོ་ལྟར་ན། འཇིག་བརྟེན་གྱི་གཞི་གྲུབ་བརྗོད་དཀའ་ལ། འཇིག་རྟེན་དང་མིའི་ཤེས་པའི་བར་གྱི་འབྲེལ་བའང་བརྗོད་བཀའ་བས་ན། མཚན་ཉིད་རིག་པ་ནི་ཐ་སྙད་ཀྱི་དཔྱད་བྱེད་ཡིན་པ་དང་རིག་གནས་དང་འཇིག་རྟེན་ནི་ཐ་སྙད་གཏགས་ལུགས་ཀྱིས་བཀོད་སྒྲིག་བྱས་ནས་ནུས་པ་ཐོན་ཡོད་པ་རེད། དེ་བས། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་གིས་ཀྱང་གཙོ་བོ་ཐ་སྙད་ཀྱི་ལམ་ནས་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པ་རེད། མིའི་རིགས་ལ་ཡི་གེ་བྱུང་བ་ནས་ད་ལྟའི་བར། རིག་གནས་ལོ་རྒྱུས་ཀྱི་འཁོར་ལོ་བསྒྱུར་མཁན་ནི་ཕོའི་རིགས་ཡིན་པ་དང་། ལྟ་ཙམ་ལ་ ཕོ་གཙོ་མོ་འཁོར་ གྱི་རིག་གནས་ཞིག་བསྐྲུན་ཡོད་པ་སྣང་རུང་། དོན་དམ་པར། མོ་རིགས་ནི་འཁོར་ཙམ་དུ་ཡང་མ་ཡིན་པའི་རིག་གནས་སྤྱི་ཁོག་གི་ཕྱི་རོལ་དུ་བཏོང་ཡོད་པ་རེད། དེང་རབས་རྗེས་མའི་སྐྱེས་མའི་རིང་ལུགས་པ་ཚོས་དེ་བས་སྐྱེས་མའི་ལོ་རྒྱུས་གསར་རྟོགས་དང་བསྐྱར་རྟོགས་བྱེད་དགོས་པ་སྨྲས་སོང་ལ། ལོ་རྒྱུས་མཁས་ཅན་ཚོར་སྐུལ་སློང་ཐེབ་ཏེ། རིག་གནས་སྤྱི་ཡི་ཐ་སྙད་ལ་བཅོས་བསྒྱུར་བྱེད་ན་མ་གཏོགས་མོའི་ལོ་རྒྱུས་ཞིབ་འཇུག་བྱེད་མི་ཐུབ་པའི་གོ་བ་རྙེད་པ་རེད། སྐྱེས་མའི་རང་ལུགས་ད་དུང་མོ་དབང་རང་ལུགས་པ་ཡིན་པའི་སྐབས་སུ། ཁོས་ཚོས་ཕོ་མོ་ལྷན་སྐྱེས་འདྲ་མཉམ་གྱི་བསྒྲགས་གཏམ་སྤེལ་བ་རེད། འོན་ཀྱང་ད་ལྟ་དེ་འདྲ་ལབ་ན་གཞུང་ལུགས་ཀྱི་གཞི་ཚུགས་དཀའ་བ་ཡིན་ཙང་། དེ་དོར་ནས་ཚན་རིག་གི་ཤེས་བྱ་ལ་རྒྱབ་བརྟེན་འཚོལ་དགོས་པ་རེད། ཕ་དབང་གི་ལམ་ལུགས་ནི་དོན་དུ་ལུས་གཉིས་ཀྱི་འབྲེལ་བ་ཞིག་ཡིན་ལ། ལས་ཀྱི་འབྲེལ་བ་དེ་ལས་ཕོ་མོའི་ཁྱད་པར་བྱུང་བ་དང་། དེ་ལས་ཕོ་མོ་འདྲ་མི་མཉམ་པའི་གནས་ཚུལ་བྱུང་བ་རེད།

རང་བྱུང་ཁམས་དང་རང་བྱུང་གི་གནས་སྟངས་ཁྲོད་ནས། ལུས་ཀྱི་ཁྱད་པར་ནི་གཙོ་བོ་ལུས་པོ་དང་ལུས་སྟོབས་ཀྱི་ཁྱད་པར་ཙམ་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཆགས་པའི་དུས་སྐབས་ཐོག་མ་དེར། ཕོའི་རིགས་ཀྱིས་ལུས་སྟོབས་ཀྱི་ཁྱད་པར་བརྟེན་ནས་མོའི་རིགས་ཀྱི་ལུས་པོ་དབང་བསྒྱུར་བྱས་པ་རེད། དེ་ལྟར་རིམ་གྱིས་ཤེས་རིག་གི་འཕེལ་རྒྱས་དང་བསྟུན་ནས། མོ་ནི་ཡོངས་སུ་ཕོ་དབང་གི་འོག་ཏུ་ཚུད་པ་དང་། ལུས་པོའི་དབང་བསྒྱུར་ཙམ་གྱིས་མ་ཟད། རིག་གནས་སྒྲིག་གཞི་དང་མོ་ལུས་ཀྱི་རིན་ཐང་ཐོག་ནས་ཕོ་ཡི་དབང་ཆ་བཀོད་སྒྲིག་བྱས་་རེད། དེ་བས། སྐྱེས་མའི་ཐོབ་ཐང་ནི་ཐོག་མ་རིག་གནས་སྤྱི་ལ་རྟིང་སློག་དགོས་པ་དང་། རིག་གནས་སྤྱི་ལ་རྟིང་སློག་དགོས་ན་ཐོག་མར་ཕོའི་ཐ་སྙད་ལ་རྟིང་སློག་དགོས་པ་རེད། སེ་མོན་རྡུ་པེ་ནཱོ་དཔལ་གྱི་བཞད་ཚུལ་ལྟར་ན། སྲོལ་རྒྱུན་གྱི་ཐ་སྙད་ནི་ཕོ་ལ་མཆོག་སྦྱིན་བྱེད་པའི་ཐ་སྙད་ཞིག་ཡིན་ཏེ། སྐད་བརྡ་ནི་སྒྲ་དོན་འགལ་འདུ་གྱི་སྒྲོམ་གཞི་ལ་བརྟེན་ནས་བྱུང་བ་དང་། དེ་ལག་ལེན་གྱི་ཁྲོད་དུ་ཕོ་ནི་གཙོ་བོར་བཟུང་བ་ནི། དཔེར་ན། སྐྱེས་བུ་ཟེར་དུས་མིའི་རིགས་སྤྱི་ལ་གོ་བ་དང་། ཕོ་རབ་དང་མོ་དམན་སོགས་ཀྱི་ཐ་སྙད་བྱུང་བ་རེད་ལ། ཡོ་རབ་སྐད་རིགས་ཕལ་ཆེའི་རྟགས་འཇུག་སྐབས་སུ་ཕོ་ཡིག་ནི་འདྲེན་བྱེད་ལ་འཇུག་པ་དང་མོ་ཡིག་ནི་འདྲེན་ཡུལ་དུ་འཇུག་པ་སོགས་སོ། ། ཐ་སྙད་ལ་དོན་རྒྱ་ཆེན་སྤྲོས་པ་ཡིན་ན། ང་ཚོས་དེང་རབས་བར་གྱི་རིག་གནས་སྤྱི་ནི་ཕ་དབང་གི་རིག་གནས་ཡིན་ཅེས་བཤད་ཆོག་པ་འདྲ་སྟེ། དེ་བས་ནི་སྐྱེས་མའི་རང་ལུགས་ནི་མོ་དབང་རང་ལུགས་ཀྱི་ཕྱོགས་གཅིག་སྐྱོར་བའི་རྣམ་པ་མིན་པར། ད་ལྟ་དེ་ནི་ཡོངས་ཁྱབ་རིན་ཐང་གསར་བ་ཞིག་གི་འདྲེན་ཤུགས་ཀྱིས་བཀུགས་པའི་ཆར་ཐིགས་ཤིག་ཡིན་ཏེ། དེ་ཉིད་ཕོ་མོ་ཀུན་གྱི་འགན་འཁྲི་ཞིག་ལ་བབ་ཡོད་པ་མ་ཟད། ཕོ་མོ་ཀུན་གྱི་རྟོགས་སད་མེད་ན་དེར་འབྲས་བུ་སྨིན་མི་ཐུབ་པ་ལྟ་བུར་གྱུར་ཡོད། །