གཅན་རྣམ་ཐར།

དེང་སང་མི་ལ་ཤས་ཤིག་ལས་རྒྱུ་མེད་པར་ཁོམ་སོང་བའམ། ཡང་ན་རང་ཉིད་ལ་ཡིག་རྩལ་གཞན་དང་མི་མཚུངས་པ་ཞིག་ཡོད་པར་འདོད་པའི་འཁྲུལ་སྣང་དང་། ལག་ཤི་བོ་དང་ཁ་གསོན་པོ་ཡིན་པ་ཤེས་ཀྱིན་མེད་པར་མགོ་རྨོངས་པའི་རྒྱ་རུ་ཚུད་པ་དང་། འཕྲིན་སྟེགས་སོགས་ཀྱི་སྒང་ནས་གཞན་དང་མི་འདྲ་བའི་སྐད་ཆ་འཇིགས་པོ་ཞིག་ཡིན་ཁུལ་བཤད་དེ་རང་ཉིད་གྲགས་འདོད་ཀྱི་ཧམ་སེམས་ཀྱི་ཀློང་ན་འཕག་འཚག་རྒྱག་བཞིན་པའི་བོད་ཁུལ་གྱི་སེར་མིན་སྐྱ་མིན་འགའ་ཞིག་གིས་ལུང་སྟོང་ཝ་མོའི་བརྒྱལ་སྐད་གང་སར་སྒྲོག་པ་དང་། ཐན་ལྟས་འུག་པའི་སྲིན་སྐད་སྟོང་བའི་ཁམས་སུ་སྒྲོག་ནས་མི་སེམས་ལ་རྨ་ཁ་བཟོ་བ་དང་། བྱ་བརྒྱ་འུར་རྡོའི་དཀྲོག་པ་ནང་བཞིན་འཕྲིན་སྟེགས་ཀྱི་ཟ་ཟུར་གང་རུང་ན་རྩྭ་ངན་འཇག་མ་ནང་བཞིན་རྩ་བ་གང་སར་ཟུག་དང་ཟུག་གིན་གདའ་ཡོད།

འཕྲིན་སྟེགས་ཀྱི་སྒང་དུ་ས་སྟོང་ལ་བོའུ་སྟོང་འཕེན་པར་དགའ་བའི་མི་སྐོར་ཞིག་གིས་ཁ་ནས་གང་བྱུང་ལག་ནས་ཅི་བྱུང་དུ་བྲིས་ཏེ། ད་ཡོད་ཀྱི་བོད་ཀྱི་སྐྱེས་ཆེན་དམ་པ་དག་ལ་དམའ་འབེབས་དང་ཟུར་ཟ། ཕྲག་དོག་དང་ཕྱོགས་རིས་ཀྱིས་དུག་རླངས་གཏོར་བ། ཉེས་མེད་ཁག་འགེལ་སོགས་ལབ་བརྡོལ་ཅི་བྱུང་འབྱིན་ནས་ནང་དཀྲུག་ཕུང་གསུམ་གྱི་ལས་ལ་བགྱིད་པ་འདི་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་དང་། དེ་ནི་མི་རིགས་ཤིག་གི་ནང་མཚང་ཕྱིར་ལ་མངོན་པ་དང་། ཡར་ཐོན་དང་འཕེལ་རྒྱས། མཐུན་སྒྲིལ་གྱི་ལམ་བུ་འགོག་པའི་བཀག་རྡོ་དག་གི་སེམས་ཀྱི་ཕུགས་འདུན་ཞིག་ཡིན་ཤས་ཆེ། རང་རང་གིས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་རྒྱུ་དགའ་བ་ལས་ཅི་ཡང་མི་ནུས་ནའང་། བསམ་བློ་སྔོན་ཐོན་ཅན་དང་། མིག་རྒྱང་རིང་བ། ལྷག་བསམ་ཅན། མེས་རྒྱལ་དང་མི་རིགས་ཀྱི་ཆེད་དུ་རང་ནུས་ཅི་ལྕོགས་འབུལ་མཁན་གྱི་རླབས་ཆེན་པ་དག་གི་བྱ་བྱེད་སྤྱོད་གསུམ་ལ་ཁ་རྡུང་དང་དམོད་མོ་གཏོང་རྒྱུ་དགའ་བཞིན་པ་འདི་ནི་ཡིད་ཚོད་ཀྱིས་བཤད་ན་དེ་དག་གི་བསམ་བློའི་རྒྱུད་ན་ཕྲག་དོག་གི་མེ་ལྕེ་དགུང་དུ་མཆེད་ཅིང་། ནང་དཀྲུག་བྱེད་འདོད་དང་། མར་འཐེན་གྱི་རྒྱ་རྡོ། རང་ཉིད་དང་རང་ཕན་རྒྱལ་འདོད་གྲགས་འདོད་ཀྱི་བསམ་བློ་རུལ་བ་སྣ་གཅིག་མཁྲེགས་འཛིན་བྱས་ཏེ་བསྡད་ཡོད་པའི་བོད་ཀྱི་ཕུང་འདྲེ་འགའ་ཞིག་ཡིན་པར་འདོད་དོ།།

དེ་མིན་ད་དུང་ང་དང་ང་ལྟ་བུའི་ལེ་བདའ་དང་འཁང་ར་ཏག་ཏག་བཤད་པར་དགའ་བའི་ལས་རྒྱུ་འཐབ་རྒྱུ་མེད་པའི་མི་བུ་སྣང་སྟོང་འགའ་ཞིག་གིས་ཀྱང་། ཆེ་ས་དང་དཀའ་ས་བཤད་རྒྱུར་སྐྲག་པ་དང་། རང་གིས་བསྒྲུབ་ཐུབ་པའི་ལས་དེ་མི་བསྒྲུབ་པར། ནམ་རྒྱུན་གཞན་སྐྱོན་ཤིག་འདྲ་བོར་ཏག་ཏག་བརྟག་ནས་བཤད་རྒྱུ་དགའ་བ་དང་། རང་གིས་གཞན་ཕན་གྱི་ལས་རྟ་རྔ་ཙམ་ཡང་བསྒྲུབ་མི་ཐུབ་མོད།  གཞན་གྱིས་བསམ་པ་རྣམ་དག་དང་། ཐབས་བཀོད་སྣ་ཚོགས་དང་དགེ་ལས་སྣ་ཚོགས་ཀྱི་སྒོ་ནས་འཇིག་རྟེན་གྱི་མི་དང་རང་བྱུང་ཁམས། སྲོག་ཆགས་བཅས་ཀྱི་ཕན་ཁེ་ཡི་ཆེད་དུ་བྱ་བ་རླབས་ཆེན་གང་མང་བསྒྲུབ་ནའང་། མི་འདོད་པའི་ཆ་ནས་དགག་རྒྱག་དང་ལོག་རྟོག་གི་ཚིག་མཚོན་མདའ་མོའི་དྲག་ཆར་བར་མེད་དུ་འབབ་པར་འཇུག་པ་རེད།

ཡིན་ཡང་། ང་ཚོས་འཇིག་རྟེན་གྱི་ཟུར་སྣེ་གང་རུང་གི་མི་ཡུལ་ན་མིག་ཏུ་མི་མཛེས་པའི་བྱ་སྤྱོད་གང་རུང་དང་། གཡོ་སྒྱུ་དང་རྫུན་བཟོ་ཡིས་ཡ་མ་བརླའི་ཟློས་གར་འཁྲབ་ནས་མེས་རྒྱལ་དང་མི་རིགས་ཀྱི་བླ་འཚོང་བའི་ནག་ཉེས་མཁན་པོ་དག་དང་། དེའི་མཐའ་བསྐོར་གྱི་ཁ་ཏའི་སྐྱག་གཟན་ཚོགས་ལ་དམའ་འབེབས་དང་ཁ་རྡུང་དྲག་པོ་གཏོང་བ།  རང་ཉིད་ཀྱི་ཁེ་ཕན་གཅིག་པུ་བསམས་ཏེ། ཐུན་མོང་གི་ཕན་བདེ་ལ་མི་ལྟ་བའི་མི་གཟུགས་གཅན་གཟན་གྱི་སྡེ་ལ་ཁ་ཚོན་ཅི་ཡང་མེད་པའི་སྒོ་ནས་དགག་རྒྱག་དང་ཐུན་མོང་རིང་ལུགས་ཀྱི་འབོད་སྐུལ་ཡང་ཡང་སྒྲོག་དགོས། ཆོས་ལུགས་དང་རིག་གནས། སྲོལ་རྒྱུན་ལ་དད་མོས་དང་དགའ་སྣང་མེད་པར། མི་རིགས་གཞན་བསྒྱུར་ལ་དུངས་པ་ཟབ་པའི་མི་བུ་སྣ་ནག་དག་ལའང་མངོན་ལྐོག་གང་རུང་ནས་གསལ་འདེབས་དང་སྐུལ་ཚིག་གི་སྐད་འབོད་རྒྱག་དགོས། དེ་ལྟར་མི་བྱེད་པར་ཡར་མར་བཅོ་བརྒྱད་ལ་རྭ་གཡུག་དང་། འཕྲ་གཡུགས་བྱས་ཏེ་བསྡད་ན་ཀུན་ནས་མི་འདྲ་བའི་རྣམ་པ་ཡ་མཚན་ཞིག་དང་། སྤྱིའི་ཐུན་མོང་ལ་ཕན་པའི་བྱ་བ་ཡང་དག་ཅིག་མི་འཁྱོངས་པར། འབྲི་བ་བོ་རང་གཅིག་པུ་གྲགས་འདོད་སྤུར་འདོད་ཀྱི་བསམ་བློ་སྣ་ཐན་ཐུན་གཅིག་པུ་མ་གཏོགས་ཡོད་མི་སྲིད་པར་འདོད་དོ།། མཇུག་མཐར་ཁ་ཡག་མིན་པར་རང་གིས་བཤད་ན་འདོད་པའི་ཚིག་ཅིག་ཡོད་པ་ནི། རྒན་རྨེ་རུ་ཡུལ་ལྷ་ཐར་ནང་བཞིན་བོད་ཀྱི་སྤྱི་ཚོགས་ཀྱི་སྒང་ན་བྱུང་དང་འབྱུང་བཞིན་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དེ་དག་ཐེར་འདོན་བྱས་ནས་བརྗོད་མཁན་གྱི་མི་སྣ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་འབྱུང་དགོས་རྒྱུ་ནི་ང་ཚོའི་རེ་བ་ཉག་ཅིག་ལགས་སོ།།

2016.11.5རང་གི་སྐྱེས་སྐར་གྱི་ཉིན་ལ་བྲིས།