ཟླ་འདིའི་ཚེས་ ༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་ལྕམ་མེ་ཤེལ་ཨོ་བྷ་མ་(Michelle Obama)ལགས་ཀྱིས། མོ་རང་གི་གཞོན་སྐྱེས་མདུན་ལམ་སློབ་སྟོན་ལས་གཞིའི་སྐོར་ལ་གཏམ་བཤད་མཐའ་མ་གནང་བ་དེའི་མཇུག་གི་དུམ་ཚན་ཞིག་འདིར་བོད་བསྒྱུར་ཞུས་ཡོད།

“དེ་རིང་ངས་ང་ཚོའི་རྒྱལ་ཁབ་ཀྱི་གཞོན་སྐྱེས་འདིར་ཚོགས་ཁང་ནང་ཡོད་པ་དང་། གཟུགས་མཐོང་བརྙན་འཕྲིན་བརྒྱུད་དེ་ལྟ་བཞིན་པ་ཚོར། ངའི་ཕོ་བྲང་དཀར་པོའི་ནང་སྡོད་ཡུན་རྫོགས་མཚམས་ནས་ཨ་རིའི་གཞུང་འབྲེལ་གོ་གནས་མཐོ་ཤོས་ཡོད་པའི་བུད་མེད་ངས་ཆེས་མཐའ་མཇུག་གི་སྐད་ཆ་གང་བཤད་འདོད་ཡོད་ཟེར་ན། རྒྱལ་ཁབ་འདི་ནི་ཁྱེད་ཀྱི་ཡིན་པ་ཤེས་དགོས། འཚོ་བའི་གནས་སྟངས་དང་མི་ཚེའི་རྒྱབ་ལྗོངས་མི་འདྲ་ཡང་། རྒྱལ་ཁབ་འདི་ཁྱེད་ཚོ་ཚང་མའི་རེད། ཨ་རིའི་རྒྱལ་ཁབ་ཀྱི་རིག་རྩལ་དང་ལྟ་གྲུབ། དེ་བཞིན། དེང་དུས་ཀྱི་རིག་གནས་གསར་པ་སོགས་ཀྱིས་ཨ་རི་འདི་མི་རབས་ནས་མི་རབས་ལ་འཛམ་གླིང་ཐོག་རྒྱལ་ཁབ་སྙན་གྲགས་ལྡན་པ་ཞིག་བཟོས་ཡོད་སྟབས། གལ་ཏེ་ཁྱོད་དང་ཁྱོད་ཀྱི་ནང་མི་རྒྱལ་ཁབ་འདིར་གནས་སྤོས་བ་ཞིག་ཡིན་ན། ཁྱོད་ཀྱིས་ཁྱེད་རང་ནི་ལོ་རྒྱུས་ལྡན་པའི་ཨ་རིའི་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ཤེས་དགོས།

གལ་སྲིད་ཁྱོད་ཀྱི་ནང་མི་ལ་དངུལ་གྱི་དཀའ་ངལ་ཡོད་ན། ངས་ཁྱོད་ལ་དྲན་གསོ་ཞིག་བྱེད་འདོད་འདུག དེ་ལ་རོགས་སྐྱོར་བྱེད་མཁན་མི་མང་པོ་ཡོད་ལ། ང་དང་ངའི་བཟའ་ཟླས་ཀྱང་རོགས་པ་བྱེད་ཀྱིན་ཡོད། ང་ཚོའི་མི་ཚེའི་འཚོ་བ་སྐྱོ་བོ་ནས་མགོ་བཙུགས་ཀྱང་། ལས་ཀ་ཧུར་ཐག་དང་ཤེས་ཡོན་ཡག་པོ་ཞིག་ཆགས་ན། མི་སྲིད་པ་ཞེས་པ་གང་ཡང་མེད། རྒྱལ་ཁབ་ཀྱི་སྲིད་འཛིན་ཡང་ཆགས་ཐུབ། དེ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཁྱད་ཆོས་སམ་རེ་བ་ཞིག་ཡིན། (ཚང་མ་ལག་བརྡབས་)

གལ་སྲིད་ཁྱོད་རང་ཆོས་ལ་ཡིད་ཆེས་དང་དད་པ་ཡོད་ན། ཁྱོད་རང་གིས་ཨ་རིའི་རིག་གཞུང་ནང་ཆོས་ལུགས་རིས་མེད་ནི་གལ་ཆེ་ཤོས་སུ་བརྩི་བཞིན་པ་ཤེས་དགོས་པ་རེད། དྲང་པོར་བཤད་ན། ཨ་རིའི་རྒྱལ་ཁབ་ནང་རང་མོས་ཀྱིས་ཆོས་མཉམ་ལེན་བྱེད་ཆོག་གི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་མི་མང་པོ་ཞིག་རྒྱལ་ཁབ་འདིར་ཡོང་གི་ཡོད། ཁ་ཆེ་དང་ཡེ་ཤུ། ཇིའུ། ཧིན་དུ། སིག་སོགས་གང་ཡིན་ན་ཡང་། ཆོས་ལུགས་དེ་ཚོས་ང་ཚོའི་ན་གཞོན་ཚོར་བདེན་པ་ངོ་སྤྲོད་བྱེད་པ་དང་། བྱམས་བརྩེ་གོང་མཐོར་གཏོང་གི་ཡོད། དེར་བརྟེན། ངས་ང་ཚོའི་ན་གཞོན་ཚོ་ལ་རང་གིས་ཆོས་ལུགས་གང་ཞིག་ཉམས་ལེན་བྱེས་ཀྱང་སྤོབས་པ་ལྡན་པའི་ངང་བྱེད་དགོས་ཟེར་གྱིན་ཡོད། ཁྱེད་ཚོས་དོ་སྣང་བྱུང་ཡོད་སྲིད། ཨ་རིའི་རྒྱལ་ཁབ་ཀྱི་ཆོས་ལུགས་རིས་མེད། ཤ་མདོག་འདྲ་མིན། རིགས་རུས་སྣ་ཚོགས་ནི་ང་ཚོའི་དཀའ་ངལ་དང་ཉེན་ཁ་ཞིག་མ་ཡིན་པར། ང་ཚོ་སུ་ཡིན་མིན་ངོ་སྤྲོད་བྱེད་མཁན་ཞིག་ཆགས་ཡོད། (ཚང་མས་ལག་པ་བརྡབས)

དེར་བརྟེན། ཚོགས་ཁང་འདིའི་ཕྱི་ནང་གང་དུ་ཡོད་པའི་གཞོན་སྐྱེས་ཚོ། མི་སུས་ཀྱང་ཁྱོད་རང་ནི་དོན་མེད་དང་ཨ་རིའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་སྡོད་ས་མེད་པ་བཟོ་མི་ཐུབ། གང་ཡིན་ཟེར་ན། ཁྱོད་རང་སྡོད་ས་ཨ་རི་རེད་ལ། ཨ་རིའི་རྒྱལ་ཁབ་ཀྱིས་རེ་བ་བྱེད་ས་ཡིན། ཁྱོད་ལ་ཁྱོད་རང་གང་འདྲ་ཞིག་ཆགས་འདོད་པ་དེ་བཞིན་བྱེད་ཆོག་པའི་རང་དབང་ཡོད། འོན་ཀྱང་། དེ་ལ་ངས་གསལ་བཤད་ནན་ཏན་ཞུ་རྒྱུ་ཞིག་ཡོད་པ་ནི། རང་དབང་དེ་ནི་ཁྱོད་ཀྱི་ལག་པར་རྩིས་སྤྲོད་འཇོག་མཁན་ཞིག་ཡོད་པ་མ་རེད། རང་དབང་དེ་ཉིན་རེ་བཞིན་རང་གིས་བསྒྲུབ་དགོས་པ་ཞིག་ཡིན། ཁྱོད་ཀྱིས་རང་དབང་དང་ཐོབ་ཐང་དེ་ཡིན་ཤག་ཤག་བྱས་ཏེ་སྡོད་མི་རུང་། ཁྱེད་ཚོས་ཀྱང་མི་རབས་གོང་མ་བཞིན་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་དང་ཉར་ཚགས་བྱེད་དགོས།

ད་ལྟ་ཁྱེད་ཚོས་རྒྱལ་ཁབ་ཀྱིས་བརྩི་མཐོང་ཡོང་ཆེད་གྲ་སྒྲིག་བྱེད་དགོས། ཁྱེད་རང་རྒྱལ་ཁབ་འདིའི་མི་སེར་ཞིག་ཡིན་པའི་ཆ་ནས་ང་ཚོའི་རྒྱལ་ཁབ་ཀྱི་སྤོབས་པ་ལྡན་པའི་རིན་ཐང་དང་བརྩི་མཐོང་དེ་ཉིད་ཉིན་རེའི་འཚོ་བའི་ནང་ལག་ལེན་དང་། རྒྱལ་ཁབ་ལ་སྲི་ཞུ། མགོ་ཁྲིད་མཁན་སོགས་བྱེད་དགོས། དེ་ཡོང་བ་ལ། ཁྱོད་ཀྱིས་ཐོག་མར་སློབ་སྦྱོང་ཚད་ལྡན་བྱེད་དགོས། དེ་ལྟར་བྱས་ན། ཁྱོད་ཀྱིས་བསམ་བློ་གཏིང་ཟབ་པོ་གཏང་ཐུབ་པ་དང་། རང་ཉིད་རང་ལ་ངོ་གསལ་བོ་འཕྲོད་ཐུབ་པ་མ་ཟད། དེས་རང་ཉིད་ལ་ལས་ཀ་ཡག་པོ་དང་རང་གི་ནང་མིའི་འཚོ་རྟེན་ལ་ཕན་ཐོགས་ཐུབ་པ་ཙམ་མ་ཟད། སྤྱི་ཚོགས་ལའང་མིག་དཔེ་བཟང་པོ་ཞིག་བྱེད་ཐུབ་ཀྱི་རེད།

ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ། ང་ཚོའི་མི་ཚེའི་ནང་དཀའ་ངལ་འཕྲད་ངེས་རེད་ལ། མང་པོ་ཞིག་ལ་དཀའ་ངལ་ཕྲད་ཟིན་པ་རེད། ང་ཚོས་དཀའ་ངལ་འཕྲད་སྐབས་དེ་ལ་གདོང་ལེན་མི་བྱེད་པར་བློས་གཏོང་བྱ་རྒྱུའི་བསམ་བློ་འཁོར་གྱི་ཡོད། འདིར་ངས་ང་དང་བཟའ་ཟླའི་སྒྲུང་ཞིག་ཁྱེད་ཚོ་ལ་བཤད་འདོད་ཡོད། ལོ་བཅུ་ཙམ་གྱི་གོང་ཐོག་མར་ང་ཚོས་ཆབ་སྲིད་ཀྱི་འགྲུལ་བཞུད་མགོ་བཙུགས་པ་ནས་ཕོ་བྲང་དཀར་པོ་དང་། དུས་རྒྱུན་གྱི་འཚོ་བའི་ནང་ངེད་གཉིས་ཀྱིས་ནམ་ཡང་རེ་བ་བཟང་སར་བརྒྱབ་ནས་བསྡད་པ་ཡིན། དེ་ལ་ནུས་པ་ཞིག་འདུག དེར་བརྟེན། གལ་སྲིད་ཁྱེད་ཚོས་དཀའ་ངལ་ལ་གདོང་ལེན་བྱ་འདོད་ན། རེ་བ་བཟང་ས་ནས་རྒྱག་རྒྱུ་གལ་ཆེན་པོ་ཡིན། དེ་ལ་མ་འོངས་པར་རེ་བ་ཞིག་ཡོད། རེ་བའི་ནུས་ཤུགས་དེ་གཙོ་བ་ཆགས་ན། ང་ཚོ་ཁོང་ཁྲོ་དང་། ཞེད་སྣང་། དོགས་པ། ཕན་ཚུན་དབྱེ་འབྱེད་བྱེད་པའི་བསམ་བློ་སོགས་ལས་བརྒལ་ཏེ། རང་གཅིག་པུར་རྒྱལ་ཁ་ཐོབ་རྒྱུ་ཙམ་མིན་པར་རྒྱལ་ཁབ་དེའི་དམིགས་ཡུལ་ཡང་བསྒྲུབ་ཐུབ། ང་ཚོས་སོ་སོ་ལ་ཡིད་ཆེས་དང་རེ་བ་ཡོད་ན། གཞན་གྱིས་རང་ལ་ག་ཚོད་བཀག་སྡོམ་བྱས་ཀྱང་། ང་ཚོས་མ་འོངས་པར་གང་ཞིག་འདོད་ཀྱང་དེ་ཉིད་བསྒྲུབ་ཐུབ། རང་ཉིད་ཡིད་ཆེས་དང་རེ་བ་དེ་འདྲ་ཞིག་གི་ཐོག་ཏུ་བསྐྱོད་དེ་མི་ཚེ་འཇོན་ཐང་ཅན་ཞིག་ཆགས་ན། དེ་ནི་གཞན་ལའང་མིག་དཔེ་སྟོན་ས་ཞིག་ཆགས་རྒྱུ་རེད།

དེ་འདྲའི་ཡིད་ཆེས་དང་རེ་བ་ལ་ནུས་པ་ཡོད་པ་ནི་སློབ་ཕྲུག་ཀེ་རཱ་(Kyra)འཛམ་གླིང་ལ་མིག་སྟོན་བྱས་ཡོད། དེ་ནི་ཊེར་རི་དང་མཚུངས་པའི་སློབ་ཕྲུག་རྣམས་ལ་སློབ་སྟོན་བྱེད་མཁན་གྱི་སློབ་གྲྭའི་སློབ་སྟོན་པ་འདིར་ཡོད་པ་དག་གི་རེ་བ་རེད། ཁོང་ཚོས་སློབ་མ་གཅིག་ལའང་སྣང་མེད་མ་བྱས་པར་ལམ་སྟོན་བྱས་ཡོད། སྔོན་མ་ངའི་ཨ་ཕ་ལ་རེ་བ་ཞིག་ཡོད། རེ་བ་དེ་གང་རེད་ཟེར་ན། ཁོང་མཐོ་སློབ་ཏུ་བསྐྱོད་མ་ཐུབ་པ་རེད། ཁོའི་ལས་ཀ་ནི་རྟག་པར་གྲོང་འཁྱེར་གྱི་ཆུ་ལ་ལྟ་རྟོག་བྱེད་པར་འགྲོ་རྒྱུ་དེ་ཡིན་ཞིང་། ཁོས་ཁོང་མཐོ་སློབ་ཏུ་སྐྱོད་པའི་གོ་སྐབས་མ་ཐོབ་ཀྱང་ཉིན་ཞིག་རང་གི་ཕྲུ་གུ་ལ་ཐོབ་པའི་རེ་བ་དང་ཡིད་ཆེས་བྱས་པ་དེ་ཡིན།

ཆབ་སྲིད་པ་དང་ཕ་མ། སློབ་སྟོན་པ་ཚང་མས་ན་གཞོན་རྣམས་ལ་རེ་བ་དེ་ལྟར་བྱེད་དགོས། དེ་ལ་བརྟེན་ནས་ཉིན་རེ་ནས་ཉིན་རེར་ང་ཚོའི་རྒྱལ་ཁབ་མདུན་དུ་སྐྱོད་ཀྱིན་ཡོད། ང་ཚོས་རེ་བ་དེའི་ཆེད་དུ་མ་འོངས་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཆེད་སེམས་ཤུགས་སྤར་དགོས།

ངས་དེ་རིང་ང་ཚོའི་རྒྱལ་ཁབ་ཀྱི་བུད་མེད་མཐོ་ཤོས་ཀྱི་གོ་ས་བཟུང་ནས་གཞུང་འབྲེལ་གྱི་གཏམ་བཤད་མཐའ་མ་དེར་གཞོན་སྐྱེས་རྣམས་ལ་གང་བཤད་འདོད་ཡོད་ཟེར་ན། དེ་ནི་གོ་སླ་བོ་ཞིག་ཡིན། ང་ཚོའི་ན་གཞོན་ཚོ་ནི་ང་ཚོའི་རྒྱལ་ཁབ་གྱི་གནད་འགག་ཆེ་ཤོས་ཆགས་ཡོད། གཞོན་སྐྱེས་ཚོས་གོ་ཡི་འདུག་གམ། ཞེད་སྣང་མ་བྱེད། བློ་རིག་བསྒྲིམ། ལས་ཀ་གང་བྱེད་ཀྱང་ཐག་གཅོད་ལྡན་པ་ཞིག་བྱོས། རེ་བ་ཡོད་པ་ཞིག་བྱོས། ནུས་ཤུགས་ལྡན་པའི་མི་ཞིག་བྱོས། དང་པོ་ཤེས་ཡོན་ཚད་དང་ལྡན་པ་སྦྱོངས། རྗེས་ལ་སྤྱི་ཚོགས་ནང་དངོས་སུ་ཞུགས་ནས་རྒྱལ་ཁབ་བརྟན་པོ་དང་དེའི་དམིགས་ཡུལ་རྣམས་བསྒྲུབ་པར་བྱོས། ནམ་ཡང་མི་ཞུམ་པར་གཞན་གྱི་མིག་དཔེ་ལྟ་ས་དང་རེ་བ་ཡོད་པ་ཞིག་བྱོས། ངས་མི་ཚེ་ཧྲིལ་པོ་ཁྱེད་ཚོར་རོགས་རམས་དང་རྒྱབ་སྐྱོར་བྱེད་ཀྱི་ཡིན།

དེ་རིང་འདིར་ཡོད་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་གང་སར་ཁྱབ་ཡོད་པའི་སློབ་སྟོན་པ་རྣམས་ཀྱིས་དུས་རྟག་ཏུ་སྙིང་ཐག་པ་ནས་ཉིན་ལྟར་ང་ཚོའི་ན་གཞོན་ཚོའི་མི་ཚེ་ཡག་པོ་ཞིག་ཡོང་བར་དཀའ་ལས་རྒྱག་གི་ཡོད། ཁྱེད་ཚོས་མ་འོངས་པའི་སོན་རྩའི་ཆེད་དུ་ངལ་བ་ཁྱད་གསོད་ཀྱིས་བཟོད་སྒོམ་དང་བློས་གཏོང་བྱེད་པ་ནི་ང་ལ་མཚོན་ན་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། དེ་མ་ཟད། ངའི་བུད་མེད་མཐོ་ཤོས་ཀྱི་དུས་ཡུན་དེ་ཁྱེད་ཚོ་དང་མཉམ་དུ་བསྡད་ནས་རྫོགས་འགྲོ་བ་ནི་དུས་ཚོད་བཟང་ཤོས་ཤིག་ཡིན།

དེར་བརྟེན། དེ་རིང་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ནས་མཇུག་བསྡུ་རྒྱུ་ཡིན། ཁྱེད་རྣམ་པས་ང་ཚོའི་གཞོན་སྐྱེས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་ནས་ཡོད་ཚད་ཕུལ་བ་དེར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ང་ལ་མཚོན་ན། ང་ཁྱེད་རྣམས་ཀྱི་བུད་མེད་མཐོ་ཤོས་བྱེད་པའི་གོ་སྐབས་ཐོབ་པ་ནི་ངའི་མི་ཚེ་ནང་ཆེ་མཐོང་ཆེ་ཤོས་དེ་ཡིན། ངས་ཁྱེད་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་བྱས་ཡོད་པའི་རེ་བ་ཡོད།” ཅེས་སོགས་བརྗོད་འདུག

དྲ་བ་གཞན་ལས་བཤུས།